སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་ལོ་ཙཱའི་གཞུང་ལུགས་ལོ་རྒྱུས་ཀྱི་ཤེས་བྱ་རགས་ཙམ་བཤད་པ།
རྩོམ་པ་པོ། གཡང་མོ་སྒྲོལ་མ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-19 9:32:00 རྩོམ་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས།
གླེང་གཞི།
       བདག་གིས་སྐབས་སུ་བརྗོད་པར་འདོད་པ་ནི་བོད་ཀྱི་དུས་རབས་རིམ་བྱུང་གི་ལོ་ཙཱ་པ་བཀའ་དྲིན་ཅན་དག་གིས་རྒྱ་གར་གྱི་ནང་པའི་གསུང་རབ་གཙོ་བྱས་པའི་བསྟན་བཅོས་སྣ་ཚོགས་བོད་དུ་བསྒྱུར་པའི་ལག་ལེན་ཁྲོད་སྔ་མའི་ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་མཛད་པ་ལས་བྱུང་བའི་ལོ་ཙཱའི་གཞུང་ལུགས་ཚུལ་ཇི་ལྟར་བྱུང་ཞིང་འཕེལ་བའི་གནས་ཚུལ་ལ་དབྱེ་ཞིབ་རགས་ཙམ་བྱེད་པར་འདོད་པ་སྟེ། རང་རེའི་བོད་དུ་ཡོངས་གྲགས་སུ་སྤྱི་ལོའི་དུས་རབས་བདུན་པར་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་སློབ་དཔོན་ཐོན་མི་རྒྱ་གར་དུ་ཕེབས་ཤིང་། ཕྱིར་ལོག་རྗེས་ཐོག་མར་ཡི་གེ་མཛད་པ་དང་དེ་ནས་བརྡ་སྤྲོད་ཀྱི་གཞུང་བརྩམས་པ། ཕྱིས་སུ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་ལ་སོགས་པའི་ནང་པའི་གསུང་རབ་བོད་དུ་བསྒྱུར་མགོ་ཚུགས་ལ། དུས་ཕྱིས་ཀྱི་བསྟན་པ་སྔ་དར་གྱི་དུས་སུ་སྐ་ཅོག་ཞང་གསུམ་གྱིས་མཚོན་པའི་ལོ་ཙཱ་པ་རབས་དགུ་དང་། བསྟན་པ་ཕྱི་དར་གྱི་དུས་སུ་ལོ་ཆེན་རིན་ཆེན་བཟང་པོ་དང་། ཤོང་དཔང་རྣམ་གཉིས། རྔོག་ལོ་ཆེན་པོ། ཉེ་དུས་སུ་ལོ་ཆེན་དགེ་འདུན་ཆོས་འཕེལ་ལ་སོགས་པའི་མཚོན་པའི་ལོ་ཙཱ་པ་བཀའ་དྲིན་ཅན་དག་གིས་དཀའ་ངལ་སྐུ་ཚེགས་ལ་མ་འཛེམས་པར། རྒྱ་གར་འཕགས་པའི་ཡུལ་གཙོས་པའི་བོད་ཀྱི་མཐའ་འཁོར་གྱི་ཡུལ་གྲུ་ཁག་ནས་ནང་པ་སངས་རྒྱས་པའི་བསྟན་པ་གཙོ་བྱས་ཏེ་ཐུན་མོང་གི་རིག་གནས་སྣ་ཚོགས་སྤྱན་དྲངས་ལ། དེ་ལྟ་བུའི་ལོ་ཙཱའི་ལག་ལེན་གྱི་གོ་རིམ་ཁྲོད་ཉམས་མྱོང་ཇི་སྙེད་ཅིག་བསགས་པ་མཐའ་དག་ཕྱི་མ་ཕྱི་མས་ཕྱོགས་སྡོམ་བྱས་ཏེ་བོད་དུ་ལོ་ཙཱའི་གཞུང་ལུགས་ཕུན་སུམ་ཚོགས་པ་ཞིག་གྲུབ་ཡོད། དེ་བས་ན་འདིར་ལོ་ཙཱའི་གཞུང་ལུགས་ཚུལ་ཇི་ལྟར་བྱུང་ཞིང་འཕེལ་བའི་ལོ་རྒྱུས་དེ་དུས་སྐབས་གཙོ་བོ་གསུམ་དུ་ཕྱེ་ནས་དཔྱད་པ་རགས་ཙམ་བཏང་ཡོད།
དང་པོ། ལོ་ཙཱའི་གོ་དོན་དང་གཞུང་ལུགས་ཀྱི་གལ་ཆེན་རང་བཞིན་སྤྱིར་བསྟན་པ།
     མི་དང་མིའི་བར་གྱི་རིག་གནས་དང་བསམ་བློ་བརྗེ་རེས་བྱེད་པའམ་རིག་གནས་ཀྱི་བརྡ་འཕྲིན་ཕན་ཚུན་གོ་བར་བྱེད་པའི་སྐད་དང་ཡི་གེ་བརྗེ་རེས་བྱེད་པའི་བྱ་བ་དེ་ལ་སྤྱིར་བཏང་དུ་ལོ་ཙཱ་ཞེས་འབོད་ཅིང་། བོད་སྐད་ཀྱི་ལོ་ཙཱ་ཞེས་པའི་ཐ་སྙད་དེ་ནི་རྒྱ་གར་སྐད་ཀྱི་ཐ་སྙད་ལོ་ཀ་ཙཀྵུ་ཞེས་པ་དེ་ཟུར་ཆག་སྟེ་བྱུང་བ་ཞིག་ཡིན། རྒྱ་གར་སྐད་ཀྱི་ལོ་ཀ་ཙཀྵུ་ཞེས་པ་ནི་འཇིག་རྟེན་མིག་ཅེས་པའི་དོན་ཡིན། ལོ་ཙཱ་ནི་སྐད་དང་ཡིག་རིགས་གཅིག་ནས་བསྟན་པའི་བསམ་པའི་དོན་དང་བརྗོད་པའི་ཉམས་འགྱུར་བཅས་ཏེ་དམ་པ་མཐར་ཕྱིན་པ་དང་འོས་ཤིང་འཚམ་པའི་སྒོ་ནས་སྐད་དང་ཡིག་རིགས་གཞན་ཞིག་ལ་ཇི་བཞིན་ཕབ་སྒྱུར་གྱི་གསར་གཏོད་ལྡན་པའི་བྱེད་སྒོ་དེ་ལ་ཟེར། མཚན་ཉིད་འདིའི་ནང་སྐད་དང་ཡི་གེ་དང་། (ངག་སྒྱུར་དང་ཡིག་སྒྱུར)བསྟན་བྱའི་གོ་དོན། བརྗོད་པའི་ཉམས་འགྱུར་བཅས་དེ་གསུམ་གཅིག་ཏུ་བསྡུས་པའི་བསྒྱུར་གྱི་ངོ་བོའི་ཁྱད་ཆོས་ལྡན་ཞིང་། “དམ་པ་མཐར་ཕྱིན”ཞེས་པ་ནི་བསྟན་བྱའི་དོན་དང་མི་འགལ་བ་བཤད་པ་དང་། “འོས་ཤིང་འཚམ་པ”ནི་རྗོད་བྱེད་ཚིག་གི་སྦྱོར་བ་བརྡ་སྤྲོད་ལུགས་དང་མཐུན་ཞིང་གནས་ལ་འཚམ་པ་དང་། བརྗོད་པའི་ཉམས་འགྱུར་མ་ཡིག་དང་གཅིག་མཚུངས་དགོས་པ་བཅས་ལ་ཟེར། ལྷག་པར་དུ“གསར་གཏོད་ཀྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ”ཞེས་པ་ནི་དངོས་པོའི་འགུལ་སྐྱོད་དང་འཕེལ་འགྱུར་གྱི་ཆོས་ཉིད་ལ་གཞིགས་ཏེ་ཡུལ་གང་དེར་འཚམ་པའི་འཇུག་སྒོ་གཏོད་དགོས་པར་ཟེར་ལ་དེས་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་ལྟ་བ་མཚོན་པ་རེད།གོང་དུ་བཤད་པའི་ལོ་ཙཱའི་མཚན་ཉིད་དེ་ནི་ལོ་ཙཱའི་བྱ་བ་སྤྱི་ཁྱབ་ཏུ་འཇུག་རུང་བ་ཞིག་ཡིན་ཞིང་། དེ་ཡང་ལས་རིགས་མི་གཅིག་པ་སོ་སོས་རང་རང་ཡུལ་ཆོས་ཀྱི་ངོ་བོ་དང་ཁྱད་ཆོས་ཀྱི་ཆ་ནས་ལོ་ཙཱའི་མཚན་ཉིད་བསྟན་པ་དཔེར་ན། ཆ་འཕྲིན་དང་བརྡ་རྟགས་རིག་པ་སྨྲ་བ་ཚོས། སྐད་གཉིས་བརྗེ་སྒྱུར་གྱི་ལམ་ནས་ཆ་འཕྲིན་བརྒྱུད་སྤྲོད་དང་བརྗེ་རེས་ཀྱི་དོན་ནུས་མཚོན་པ་དེ་ལོ་ཙཱའི་མཚན་ཉིད་དུ་བཞག་པ་དང་། བརྡ་སྤྲོད་རིག་པ་སྨྲ་བ་ཚོས་སྐད་དང་ཡིག་རིགས་མི་འདྲ་བ་ཕན་ཚུན་བརྗེ་སྒྱུར་བྱེད་པའི་ཚུལ་དེ་ལོ་ཙཱའི་མཚན་ཉིད་དུ་བཤད་པ་སོགས་སོ། །
     ལོ་ཙཱའི་གཞུང་ལུགས་ཀྱི་ཞིབ་འཇུག་དང་ལོ་ཙཱ་པ་སྐྱེད་སྲིང་བྱེད་རྒྱུ་གང་ཡིན་ཡང་ཧ་ཅང་གལ་ཆེ་བས་གལ་ཆེན་རང་བཞིན་ལ་ངོས་ཟིན་དང་། ལོ་ཙཱའི་གཞུང་ལུགས་གསར་རྩོམ་བྱེད་པར་གཙིགས་ཆེན་བྱེད་པ་དང་ཆབས་ཅིག ལོ་ཙཱ་པ་སྐྱེད་སྲིང་བྱེད་པར་ཤུགས་སྣོན་བྱ་དགོས་ཏེ། སྐད་གཉིས་སྨྲ་བར་མ་བརྟེན་པར་གཞན་གྱི་རིག་གནས་ཀྱི་ལེགས་ཆ་ལེན་པ་དང་རིག་གནས་གསར་པ་ནང་འདྲེན་བྱ་རྒྱུ་དཀའ་བའི་ཚུལ་དུ་ཡོད་པས། དུས་རབས་གསར་པའི་ནང་རིག་གནས་དང་དཔལ་འབྱོར་སོགས་ཀྱི་བྱ་བར་སྒོ་འབྱེད་ཀྱིས་བོད་ཀྱི་སྤྱི་ཚོགས་ལས་དོན་སོ་སོ་འཕེལ་རྒྱས་འབྱུང་དགོས་ན། ངེས་པར་ཆེད་ལས་ལོ་ཙཱ་པ་གང་མང་གསོ་སྐྱོང་བྱས་ཏེ། ལོ་ཙཱའི་ལས་དོན་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཐབས་དམ་པ་ཡིན་ཞིང་། དེ་ལས་ཀྱང་ལོ་ཙཱའི་གཞུང་ལུགས་འཐུས་ཚང་དང་འཛམ་གླིང་རང་བཞིན་ལ་ཁ་ཕྱོགས་ནས་རྒྱལ་སྤྱི་ཅན་དང་གཅིག་གྱུར་ཅན་ཡོང་རྒྱུ་ནི་དེ་བས་གལ་ཆེན་ཡིན། ལོ་ཙཱ་སྨྲ་བ་རྣམས་ཀྱིས་མི་རིགས་གང་ཞིག་སྟོབས་ཆེན་ཞིག་ཏུ་འགྱུར་འདོད་ན་རིག་གནས་གཞུང་ལུགས་ཀྱི་ཡིག་སྒྱུར་བྱ་རྒྱུ་ནི་ཐབས་ཤེས་གཙོ་བོ་ཞིག་ཏུ་འདོད་བཞིན་ཡོད། ཡིན་ནའང་ལོ་ཙཱ་བྱེད་པ་ནི་གསར་རྩོམ་གཉིས་པ་ཡིན་པས། གསར་རྩོམ་གཉིས་པའི་དཔུང་སྡེ་འདི་རྒྱ་ཆེ་རུ་གཏོང་དགོས་ན་ལོ་ཙཱའི་ལག་ལེན་མེད་པར་དུས་ཚོད་ཐུང་ངུའི་རིང་ལ་གཞུང་ལུགས་ཙམ་ཁྲིད་པས་མི་ཆོག་ཅིང་། ཡིག་སྒྱུར་ལས་ཁུངས་སོགས་སུ་གཞུང་ལུགས་ལ་དོ་སྣང་མི་བྱེད་པར་ལག་ལེན་ཁོ་ནར་གཞོལ་ཞིང་ཉམས་མྱོང་གཅིག་པུ་གཙོ་བོར་བཟུང་བས་ཀྱང་མི་འཐུས་པས། ངེས་པར་ལག་ལེན་དང་གཞུང་ལུགས་ཟུང་འབྲེལ་བྱེད་ཐུབ་པའི་ལོ་ཙཱ་པའི་དཔུང་སྡེ་སྐྱེད་སྲིང་དམ་འཛིན་བྱེད་དགོས། རང་རྒྱལ་གྱི་རྒྱ་རིགས་དང་མི་རིགས་གཞན་གང་ཡིན་ཡང་ཕྱི་ཡིག་སློབ་པའི་དུས། དེ་དང་རྒྱ་ཡིག་བར་ཕན་ཚུན་ལོ་ཙཱ་བྱེད་རྒྱུ་དེ་གནད་འགག་ཏུ་བཟུང་སྟེ། ཐོག་མར་ཐ་སྙད་ཕན་ཚུན་སྒྱུར་ཚུལ་ནས། བར་དུ་མིང་དང་ཚིག་གི་ཚོགས་པ་ཕན་ཚུན་སྒྱུར་ཚུལ། མཐའ་མར་ངག་གི་ཕྲེང་བ་ཕན་ཚུན་སྒྱུར་ཚུལ་རྣམས་བརྡ་སྤྲོད་ཀྱི་ཁྱད་པར་ནས་ལོ་ཙཱའི་གཞུང་ལུགས་ཀྱི་བསྟན་དོན་དང་འབྲེལ་ནས་འཁྲིད་བཞིན་ཡོད། དེ་མིན་ད་ལྟ་སློབ་གྲྭ་རེ་འགའ་ན་ཕྱི་གླིང་པས་བོད་རིགས་སློབ་མར་སློབ་ཁྲིད་བྱེད་པའི་དུས། དེ་དང་བོད་སྐད་ཕན་ཚུན་བར་ལོ་ཙཱ་བྱེད་པའི་ཐད་དུས་ཚོད་ངེས་ཅན་བཀོལ་བཞིན་ཡོད་ལ་འབྲས་བུའང་བཟང་པོ་ཐོན་བཞིན་ཡོད། ད་ལྟའི་གནས་ཚུལ་ལ་དམིགས་ན་བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་སྐད་གཉིས་དང་སྐད་གསུམ་གྱི་སློབ་ཁྲིད་བྱེད་བཞིན་ཡོད་ན་ཡང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་ཡིན་ཡང་སློབ་མའི་ལོ་ཙཱའི་ཆུ་ཚད་འཕེལ་བར་དོ་སྣང་མི་བྱེད་དེ། རྒྱ་ཡིག་སློབ་ཁྲིད་བྱེད་དུས་འཆད་ཉན་འབྲི་གསུམ་གཙོར་འཛིན་པ་ལས། དེ་དང་བོད་ཡིག་ཕན་ཚུན་བར་དུ་ལོ་ཙཱ་བྱེད་ཐབས་སྣང་མེད་དུ་བསྐྱུར་ཡོད། དེ་བཞིན་དབྱིན་ཡིག་སློབ་ཁྲིད་སྐབས་སུའང་རྒྱ་ཡིག་དང་དབྱིན་ཡིག་ཕན་ཚུན་ལོ་ཙཱ་སྒྱུར་སྟངས་ཁོ་ན་ཁྲིད་པ་ལས་དེ་དང་བོད་ཡིག་ཕན་ཚུན་བསྒྱུར་ཚུལ་རྩ་བ་ནས་དོར་ཡོད། དེ་ནི་བོད་ཀྱི་ལོ་ཙཱའི་སློབ་གསོ་བྱ་བའི་ཁྲིད་རྒྱུན་ཐད་གནས་པའི་སྣང་ཚུལ་མི་ལེགས་པ་ཞིག་ཡིན་པས་སློབ་གྲྭ་དང་སྤྱི་ཚོགས་གང་ནས་ཀྱང་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བར་འདོད་དོ། །
གཉིས་པ། བོད་ཀྱི་ལོ་ཙཱའི་གཞུང་ལུགས་ལོ་རྒྱུས་ཀྱི་ཤེས་བྱ་རགས་ཙམ་བཤད་པ།
     གཅིག ལོ་ཙཱའི་གཞུང་ལུགས་ཀྱི་རྨང་གཞི་ཆགས་པའི་དུས་སྐབས།
     བོད་དུ་སློབ་དཔོན་ཐོན་མི་ནས་བཟུང་སྟེ་ལོ་ཙཱ་པ་བར་མ་ཆད་པར་བྱུང་ནས་ནང་པའི་གསུང་རབ་གཙོས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསྟན་བཅོས་མང་པོ་བོད་འགྱུར་ཞུས་ཡོད་ལ། དེ་དག་གི་གནས་ཚུལ་རགས་བསྡུས་ཙམ་ཞིག་བཙན་པོའི་སྐབས་སུ་བསྒྲིགས་པའི་དཀར་ཆག་འཕང་ཐང་མ་དང་ལྡན་དཀར་མ་སོགས་ལས་ཀྱང་ཟུར་ཙམ་མཐོང་ཐུབ། དེ་ལྟ་བུའི་ལོ་ཙཱའི་ལག་ལེན་གྱི་བྱ་བ་ནི་ལོ་ཙཱའི་གཞུང་ལུགས་ཀྱི་རྨང་གཞི་ཆགས་པའི་ཐོག་མའི་སྔོན་འགྲོ་དང་སྟ་གོན་ཡིན་ཏེ། 
     གལ་ཏེ་བོད་དུ་དེ་ལྟ་བུའི་ལོ་ཙཱའི་ལག་ལེན་གྱི་ལོ་རྒྱུས་རིང་པོ་ཞིག་མེད་ན། ཕྱིས་ཀྱི་སྒྲ་སྦྱོར་བམ་གཉིས་ལ་སོགས་པའི་མཚོན་པའི་ལོ་ཙཱའི་གཞུང་ལུགས་དེ་དག་ཀྱང་འབྱུང་བའི་གནས་མེད་དོ། །
     བཙན་པོ་སྲོང་བཙན་སྒམ་པོ་ནས་བཟུང་སྟེ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བར་ནི་བོད་ཀྱི་ལོ་ཙཱའི་རྨང་གཞི་ཆགས་པའི་དུས་སྐབས་སུ་བལྟས་ཆོག་ལ། དེ་ནི་ཧ་ལམ་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་ནས་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོའི་བར་ཡིན་ལ། དེ་ནི་བོད་ཀྱི་ལོ་ཙཱའི་ལག་ལེན་གྱི་མྱུ་གུ་ཐོག་མར་འབུས་པ་དང་། ནང་པའི་གསུང་རབ་སོགས་ཐོག་མར་བོད་དུ་བྱུང་བའི་དུས་སྐབས་ཡིན་པས། ལོ་ཙཱ་པ་དག་གིས་ཡིག་སྒྱུར་གྱི་གོ་རིམ་ཁྲོད་ནང་པའི་གསུང་རབ་ལས་བྱུང་བའི་བརྡ་ཆད་གཅིག་ལ་འགྱུར་མི་འདྲ་བ་སྣ་ཚོགས་དང་། དེ་འབྲེལ་གྱི་བསྒྱུར་ལུགས་ཀྱང་སྣ་ཚོགས་ཤིག་བྱུང་ཡོད་པས། ཕྱིས་སུ་བཙན་པོ་དང་ལོ་ཆེན་དག་གིས་བཀས་བཅད་དེ་ས་བོད་ཤན་སྦྱར་གྱི་ལམ་དུ་བཀོད་ནས་ཁྱབ་བསྒྲགས་མཛད་པ་དང་། དེ་ལྟར་མཛད་པའི་ཐོག་མའི་ཆ་རྐྱེན་ཡང་དེ་ལྟ་བུའི་གཅིག་གྱུར་གྱི་དགོས་མཁོ་བྱུང་བས་རེད། དགོས་མཁོ་དེ་ཡང་ཐ་སྙད་གཅིག་ལ་འགྱུར་སྣ་ཚོགས་བྱུང་བ་ལ་སོགས་པའི་དབང་གིས་གོ་བ་ལེན་ལུགས་ཀྱང་སྣ་ཚོགས་པར་འབྱུང་བས་དང་། མཐར་ཐུག་ནང་པའི་ཐ་སྙད་ཀྱི་འགྱུར་ཚད་ལྡན་ཅན་དུ་འགྱུར་བའི་འཕེལ་ཕྱོགས་དང་མཐུན་པར་དེ་ལྟ་བའི་བཀའ་རྒྱ་བསྒྲགས་ཤིང་། ཕྱིས་སུ་ལོ་ཙཱ་པ་དག་གིས་ཤན་སྦྱར་དེ་ཉིད་གཞིར་བཟུང་ནས་བསྒྱུར་གྱི། རང་གིས་གང་འདོད་དུ་བསྒྱུར་ན་ཁྲིམས་ཆད་གཅོད་ཅིང་། གལ་ཏེ་དེར་མ་འདུས་པའི་ཐ་སྙད་གསར་པ་ཡིན་ན་གོང་ལ་ཞུས་ནས་གཏན་ལ་ཕབ་ཅིང་། དེ་ནས་བཀོལ་སྤྱོད་བྱེད་པའི་རིམ་པ་ཧ་ཅང་གསལ་པོ་ཞིག་གཏན་ལ་ཕབ་ཡོད།
     དུས་སྐབས་དེའི་ལོ་ཙཱའི་ལག་ལེན་ལས་བྱུང་བའི་གཞུང་ལུགས་གལ་ཆེན་ནི་སྒྲ་སྦྱོར་བམ་གཉིས་ཡིན་ལ། དེ་ནི་རང་རེའི་བོད་ཀྱི་ལོ་ཙཱའི་གཞུང་ལུགས་ཐོག་མ་དང་། འཛམ་གླིང་གི་ལོ་ཙཱའི་གཞུང་ལུགས་བྱུང་འཕེལ་གྱི་ལོ་རྒྱུས་ཀྱི་ངོས་ནས་བལྟས་ནའང་དེ་ཉིད་ཀྱིས་གོ་གནས་གལ་ཆེན་ཟིན་ཡོད་པ་སྨོས་མེད་རེད། དེ་ཡང་མཁས་དབང་འཕྲིན་ལས་ཆོས་གྲགས་མཆོག་གིས་ཞིབ་འཇུག་བྱས་པ་ལྟར་ན། སྒྲ་སྦྱོར་བམ་གཉིས་ལས་བསྟན་པའི་ལོ་ཙཱའི་རིགས་ལམ་བཤད་ལུགས་ཀྱི་བརྗོད་བྱའི་གཙོ་གནད་དོན་ཚན་ལྔ་རུ་འདུས་ཏེ། བསྒྱུར་གྱི་རྩ་དོན་དང་། བསྒྱུར་གྱི་ཚད་གཞི། བསྒྱུར་གྱི་ཐབས་ཤེས། བསྒྱུར་གྱི་ཐབས་རྩལ་བྱེ་བྲག་པ། བསྒྱུར་གྱི་སྒྲིག་སྲོལ་གཏན་འབེབས①བཅས་ཡོད། སྒྲ་སྦྱོར་བམ་གཉིས་ཀྱི་ལོ་ཙཱའི་རིགས་ལམ་དཔྱོད་ལུགས་ཀྱི་རྣམ་གཞག་དེས་བོད་ཀྱི་ལོ་ཙཱའི་ལག་ལེན་ཚད་ལྡན་ཅན་དུ་ཕྱོགས་ནས་འགྱུར་ཚད་ལྡན་མང་པོ་བྱུང་བ་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད་པར་མ་ཟད་ཕྱིས་ཀྱི་ལོ་ཙཱའི་གཞུང་ལུགས་ལའང་དགོས་ངེས་ཀྱི་རྨང་གཞི་ལེགས་པོ་བཏིང་ཡོད།
     གཉིས། ལོ་ཙཱའི་གཞུང་ལུགས་གོང་འཕེལ་དུ་འགྲོ་བའི་དུས་སྐབས།
     སྒྲ་སྦྱོར་བམ་གཉིས་གཏན་ལ་ཕབ་ནས་དུས་ཡུན་རིང་པོ་ཞིག་ལ་བོད་ཀྱི་ལོ་ཙཱའི་གཞུང་ལུགས་གོང་འཕེལ་དུ་འགྲོ་བའི་དུས་སྐབས་ཡིན། སྐབས་དེར་ལོ་ཙཱའི་གཞུང་ལུགས་གལ་ཆེན་སྐོར་ཞིག་བྱུང་ཡོད་དེ། ས་སྐྱ་པཎྜི་ཏས་མཁས་འཇུག་ལས་བསྟན་པའི་ལོ་ཙཱའི་དཔྱད་བརྗོད་དང་། ལྕང་སྐྱ་རོལ་པའི་རྡོ་རྗེས་དག་ཡིག་མཁས་པའི་འབྱུང་གནས་ཀྱི་གླེང་གཞི་ལས་བསྟན་པའི་ལོ་ཙཱའི་དཔྱད་བརྗོད། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལེགས་སྦྱར་བང་མཛོད་སོགས་ལས་བསྟན་པའི་ལོ་ཙཱའི་དཔྱད་བརྗོད་བཅས་སོ། །
     ས་པཎ་གྱི་ལོ་ཙཱའི་དཔྱད་བརྗོད་ལ་ལོ་ཙཱའི་རིགས་ལམ་འཇིག་རྟེན་མིག་གི་དགའ་སྟོན་ལས། (1) ཐོས་པ་རྒྱ་ཆེར་དགོས་ཚུལ་བསྟན་པ། (2)འགན་འཁྲིའི་འདུ་ཤེས་ཡོད་དགོས་པ་བསྟན་ཡོད། (3)སྔོན་བྱུང་གི་གཏམ་རྒྱུད་ཤེས་དགོས་པ་བསྟན་ཡོད། (4) བོད་མི་རང་གི་གོ་བདེ་བ་ཞིག་དགོས་པ②བཅས་སོ། །གཞན་ཡང་ཁོང་གིས་སྣོན་སྒྱུར་དང་ཟློས་སྒྱུར། ཞེ་ཚིག་བཀོལ་བའི་ཐབས་བཅས་དང་། ལོ་ཙཱ་བ་ནི་ནེ་ཙོ་ལྟ་བུ་ཞིག་རེད་ཅེས་སོགས་ལོ་ཙཱའི་དཔྱད་བརྗོད་གནད་ལ་ཁེལ་བ་མང་པོ་གསུངས་ཡོད།
     ལྕང་སྐྱ་རོལ་པའི་རྡོ་རྗེས་སྐབས་དེར་བཀའ་བསྟན་སོག་ཡིག་སོགས་སུ་བསྒྱུར་བའི་ལོ་ཙཱའི་དགོས་མཁོ་ལ་དམིགས་ནས་དག་ཡིག་མཁས་པའི་འབྱུང་གནས་ཀྱི་གླེང་གཞི་རུ་རྩ་དོན་དོན་ཚན་བཅུ་དྲུག་བསྟན་ཡོད་ལ། ཁོང་གི་ལོ་ཙཱའི་དཔྱད་བརྗོད་ལ་ལོ་ཙཱའི་རིགས་ལམ་འཇིག་རྟེན་མིག་གི་དགའ་སྟོན་ལས། (1)ཀུན་སློང་རྣམ་དག་ཞིག་དགོས་པར་བསྟན་པ། (2)སྔོན་གྱི་བཀས་བཅད་ཀྱི་གཞུང་དང་བསྟུན་པ། (3)སྔ་འགྱུར་དང་བསྟུན་པ། (4)རྩོམ་པ་པོའི་ཐུན་མིན་གྱི་ལུགས་དང་བསྟུན་དགོས། (5)མ་ཡིག་གི་དགོངས་པ་དང་བསྟུན་དགོས། (6)སྔོན་མེད་ཀྱི་སྒྱུར་ཐབས་ཁ་ཤས་ཀྱང་གསུངས་ཡོད་དེ། 1.ཚབ་སྒྱུར་གྱི་ལྟ་བ་གསར་འདོན་བྱས་པ། 2.མ་ཡིག་ལྟར་བཀོད་ནས་རྣམ་པ་གཙོར་འཛིན་དགོས་ཚུལ། 3.མིང་བརྡའི་རྣམ་གཞག་དང་བརྡ་གསར་རྙིང་སོགས་ལ་མཉམ་འཇོག་དགོས་ཚུལ③བཅས་སོ། །
     མཁས་དབང་དགེ་འདུན་ཆོས་འཕེལ་ནི་ཉེ་དུས་སུ་བྱོན་པའི་ལོ་ཙཱ་པ་སྐད་གྲགས་ཅན་ཞིག་ཡིན་ལ། ཁོང་གིས་དཔལ་ལེགས་ལྡན་ནག་པོའི་གླུ་དང་ཆོས་ཀྱི་ཚིགས་སུ་བཅད་པ་ལ་སོགས་པའི་བསྟན་བཅོས་མང་པོ་ཞིག་བོད་འགྱུར་དང་། དེ་མིན་སྔ་འགྱུར་སྐོར་ཞིག་གི་འགྱུར་ཆད་འགྱུར་ནོར་གྱི་སྐོར་དང་། བརྡ་སྤྲོད་ཀྱི་དོན་ལེགས་པར་རྟོགས་དགོས་པའི་གནད་དག་ལེགས་སྦྱར་བང་མཛོད་སོགས་སུ་ལེགས་པར་བསྟན་ཡོད།
     དུས་སྐབས་དེར་དུས་ཡུན་ཧ་ཅང་རིང་ལ། དེ་ལ་བྱེ་བྲག་གི་དུས་རིམ་ཡང་དུ་མར་དབྱེ་ཆོག་མོད། འདིར་སྤྱིའི་ཆ་ནས་དུས་སྐབས་དེར་བྱུང་བའི་ལོ་ཙཱའི་གཞུང་ལུགས་གལ་ཆེན་སྐོར་ཞིག་དམིགས་སུ་བསྟན་ཡོད། གཞུང་ལུགས་དེ་དག་གིས་བོད་ཀྱི་ལོ་ཙཱའི་བསྟན་པ་ཆེས་ཆེར་རྒྱས་པ་དང་། ལོ་ཙཱའི་གཞུང་ལུགས་སྔར་བས་འཐུས་ཚང་དུ་འགྲོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
གསུམ་པ། ལོ་ཙཱའི་གཞུང་ལུགས་གསར་རྙིང་འཐུས་ཚང་དུ་འགྲོ་བའི་དུས་སྐབས།
     ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དུ་བོད་ཀྱི་སློབ་ཆེན་ཁག་ཏུ་ལོ་ཙཱའི་གཞུང་ལུགས་སློབ་ཁྲིད་ཀྱི་བསླབ་ཚན་རིམ་པར་བྱུང་ལ། དེ་ལ་སློབ་དེབ་ཀྱང་སྣ་ཚོགས་བྱུང་ཞིང་། སློབ་དེབ་དེ་དག་ཏུ་རང་རེའི་བོད་ཀྱི་ལོ་ཙཱའི་གཞུང་ལུགས་རྨང་གཞི་བྱས་ཏེ། རྒྱ་དང་ནུབ་གླིང་གི་ལོ་ཙཱའི་གཞུང་ལུགས་ཀྱི་ཟུར་བརྒྱན་ནས་གནའ་དེང་ཟུང་འབྲེལ་ལམ་ཕྱི་ནང་ཟུང་འབྲེལ་གྱིས་ལོ་ཙཱའི་གཞུང་ལུགས་ཕུན་སུམ་ཚོགས་པོ་བཏོན་ཡོད། དེ་ལས་འཐུས་ཚབ་རང་བཞིན་གྱི་བརྩམས་ཆོས་ལ། འབྲུག་ལྷ་དང་ཟླ་བ་ཚེ་རིང་གཉིས་ཀྱིས་བརྩམས་པའི《རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན》ཞེས་པ་དང་། འབའ་སྟོད་ཚེ་དབང་རྡོ་རྗེས་བརྩམས་པའི《རྒྱ་བོད་ལོ་ཙཱའི་རྣམ་བཤད་བློ་གསལ་དགའ་སྟོན》 འཕྲིན་ལས་ཆོས་གྲགས་ཀྱིས་བརྩམས་པའི《བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས》 རིག་འཛིན་དང་པདྨ་དོན་འགྲུབ། ལྕགས་མོ་མཚོ་བཅས་ཀྱིས་བརྩམས་པའི《རྒྱ་བོད་ལོ་ཙཱའི་རིག་གཞུང་དང་ལག་ལེན》སོགས་ཡོད། གཞན་ཡང་ལོ་ཙཱའི་དཔྱད་རྩོམ་ཕྱོགས་བསྒྲིགས་དང་ཆེད་དེབ་ཀྱང་སྣ་ཚོགས་ཤིག་ཡོད་དེ། ཁྲི་བསམ་གཏན་གྱིས་བསྒྲིགས་པའི《སྐད་གཉིས་སྨྲ་བའི་རིན་ཆེན་བང་མཛོད》དང《སྐད་གཉིས་སྨྲ་བའི་སྒྲོན་མེ》 དབང་འདུས་ཚེ་རིང་དང་འཕྲིན་ལས་རྒྱ་མཚོ་གཉིས་ཀྱིས་བརྩམས་པའི《བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་པ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང》 རིན་ཆེན་བསམ་གྲུབ་ཀྱིས་བརྩམས་པའི《ལོ་ཙཱའི་རིགས་ལམ་འཇིག་རྟེན་མིག་གི་དགའ་སྟོན》 མགོན་པོ་སྐྱིད་ཀྱིས་བརྩམས་པའི《སྒྲ་སྦྱོར་བམ་པོ་གཉིས་པ་དང་འབྲེལ་བའི་སྒྱུར་ཐབས་ཞིབ་འཇུག》 རྩེ་གཞུང་སྐལ་བཟང་འབུམ་གྱིས་བརྩམས་པའི《ཕྱི་ཡོང་ཡིག་འབྲུའི་བསྡུས་མིང་ལོ་ཙཱའི་ཐབས་ལམ་ལ་དཔྱད་པ་ཉི་གཞོན་འདྲེན་པའི་སྐྱ་རེངས》 ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་སྒྱུར་ཅུས་ཀྱིས་བསྒྲིགས་པའི《གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད》 ཤ་བོ་ཚེ་རིང་གིས་བརྩམས་པའི《རྒྱ་བོད་ཚན་རྩལ་ལོ་ཙཱའི་གཞུང་ལུགས་ཀྱི་རྣམ་བཤད》སོགས་ཡོད་དོ། །
     ①འཕྲིན་ལས་ཆོས་གྲགས། 《བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས》 ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོ། p117
     ② རིན་ཆེན་བསམ་གྲུབ། 《ལོ་ཙཱའི་རིགས་ལམ་འཇིག་རྟེན་མིག་གི་དགའ་སྟོན》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011ལོ། p192-199
     ③རིན་ཆེན་བསམ་གྲུབ། 《ལོ་ཙཱའི་རིགས་ལམ་འཇིག་རྟེན་མིག་གི་དགའ་སྟོན》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011ལོ། p222-239

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...