སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལེགས་བཤད་རིན་པོ་ཆེའི་མཛོད་ལས་བྱུང་བའི་བོད་ཞང་ཤེས་རིག་སྐོར་གྱི་ཟིན་ཐོ།
རྩོམ་པ་པོ། ཐོགས་མེད་རྩལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-17 11:11:00 རྩོམ་ཁུངས། ཀྲུང་གོའི་བོད་རིག་པ། ཀློག་གྲངས།
     རྣམ་དཔྱོད་ཅན་བློ་མཐུན་ཚེ་རིང་ཐར་གྱིས་བྲིས་པའི་ཞང་ཞུང་ཤེས་རིག་སྐོར་གྱི་ཡིག་ཆ་གཉིས་ལ་བརྟེན་ནས་མྱོང་སྣང་རིན་ཐང་ཅན་མང་པོ་ཞིག་ཐོབ་པས། ད་ཐེངས་གྲོགས་པོ་ཁོང་གིས་བཞེད་པ་ལྟར་ཕན་ཚུན་གྱི་སྦྱངས་འབྲས་འབུལ་རེས་དང་། ཉམས་མྱོང་བརྗེ་རེས་བྱེད་རྒྱའི་ཆེད་དུ་དོན་འགངས་ཆེ་རིགས་ཙམ་རང་རྒྱལ་མི་རིགས་རིག་གནས་ཀྱི་དཔྱད་གཞིའི་ཡིག་རིགས་སྤུངས་པའི་ཚོང་བརྡལ་དུ་འགྲེམ་པར་སྤྲོ་བ་དང་བཅས་ཞུ་ན། བློ་མཐུན་གང་གིས་སྐུལ་མ་དང་སློབ་སྟོན་མ་གནང་པའི་སྔ་རོལ་ན་རང་ཉིད་དངོས་གཙོའི་ལྟ་བས་གོམས་ཤུགས་ཀྱིས། ནང་བསྟན་དང་བོན་ཆོས་ཀྱི་ཕྱོགས་ལ་འདེང་བརྒྱབ་པ་ཉུང་ཕྱིར་དེ་དག་གི་གཞུང་མང་པོ་ལ་ཞིབ་འཇུག་བྱེད་རྒྱུར་འཇིགས་ཏེ། འདིར་གྲོགས་པོ་ཁོང་ལ་སེམས་བརྩིས་ཆེ་ཞིང་། ཡིག་ཆ་སྔ་ཕྱིའི་རྒྱབ་བརྟེན་ཉག་གཅིག་ཏུ་གྱུར་བ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི་«ལེགས་བཤད་རིན་པོ་ཆེའི་མཛོད»པེ་་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་འགྲེམ་སྤེལ་བྱས་ཟིན་པ་དེའི་སྟེང་ནས་བོད་ཞང་ཤེས་རིག་སྐོར་གྱི་ཟིན་ཐོ་ཙམ་གྲོས་སྟོན་དུ་འགོད་རྒྱུ་ཡིན། 
     གཅིག མཆོད་བརྗོད་ཀྱི་སྐབས་སུ། ཀུན་ལ་ཁྱབ་པའི་སྐུ་ནི་ཞེས་པ་ནས་རྒྱལ་བསྟན་རྒྱན་མཁས་ཀུན་ལ་བསྔགས། ། ཞེས་པའི་བར། སྤྱན་རས་གཟིགས་དང་། ཤཱཀྱ་ཐུབ་པ། ནང་བའི་དམ་ཆོས། དེ་འཛིན་པའི་རྒྱ་གར་གྱི་མཁས་པ་རྒྱན་དྲུག་མཆོག་གཉིས། བོད་ཀྱི་སྒྲ་བསྒྱུར་ལོ་ཙཱ་བ་ཆེན་པོ་རྣམ་བཞི་བཅས་རྒྱ་བོད་ཀྱི་གྲུབ་ཆེན་རྣམས་ལ་མཆོད་བརྗོད་གནང་འདུག་པས་མགོ་དབུ་ཁྱུད་འཇོག་པ་དེ་ནང་བསྟན་དུ་གྱུར་འདུག
     གཉིས། ཤོག་ངོས༢པར་སྔོན་སྟོན་པའི་སྐུ་དང་བསྟན་པའི་བོན་ཡང་ཞེས་པ་ནས། ཆགས་ཤིང་ཞིག་གོ་ཞེས་པའི་མདོ་ཚིག་འདིའི་ནང་གི་བོན་ཞེས་པའི་ཞང་ཞུང་ཐ་སྙད་འདི་ཙམ་མ་གཏོགས་སངས་རྒྱས་ཤྰཀྱ་ཐུབ་པས་གསུངས་པའི་ཕལ་ཆེན་གྱི་མདོ་དང་སྒྲ་ཇི་བཞིན་པ་ཡིན་འདུག
     གསུམ། ཞིང་ཁམས་སྤྱིར་བསྟན་གྱི་སྐབས་སུ། དེའང་ཁམས་གསུམ་ལས་ཞེས་པ་ནས་རྫོགས་སྐུ་བཅུའི་གདུལ་ཞིང་ངོ། ཞེས་པའི་བར། རྣམ་པར་སྣང་མཛད་ལ་ཀུན་སྣང་ཁྱབ་པ་དང་། ཚངས་པའི་འཇིག་རྟེན་དང་བཅས་པ་ལ་ཚངས་རྒྱུངས། སྟོང་ཆེན་ལ་སྟོང་མཐར་ཐུག མངོན་དགའི་ཞིང་ལ་ཞི་བ་འོད། རྡོ་རྗེ་སེམས་དཔའ་ལ་བཀའ་གསང་ཤེས་རྒྱལ་སོགས་རིམ་པ་ལྟར་དང་། འོག་མིན་སྟུག་པོ་བཀོད་པ་ལ་རིན་གྲམ་པའི་ཚལ། རྡོ་རྗེ་འཆང་ལ་ཡེ་ཁྱབ་བདལ་ཀློང་། བྱང་རྒྱ་མཚོ་ཆེན་པོར་་་་་་མུན་མཚོ། ཐུབ་པ་གངས་ཅན་མཚོའམ་རྣམ་མཛད་ལ་ནོར་བུ་རིན་ཆེན། སྟོང་དང་པོ་སོགས་ལ་མུ་ཁྱུད་དང་པོ་སོགས་ངོ་བོ་དང་བྱེད་ལས། ཁྱད་ཆོས་སོགས་ཀྱིས་ཐ་སྙད་ཀྱི་ཟུར་ཅུང་ཟད་རེ་མི་འདྲ་བར་གྱུར་བ་མ་གཏོགས་ནང་བསྟན་གྱི་འངིག་རྟེན་གདགས་པ་དང། མངོན་པ་གོང་འོག་གི་རང་གཞུང་བོད་ལ་འགྱུར་བའི་མིང་ཚིག་གི་ཕྲེང་བ་མ་གཏོར་བར་ཡོད་ལ། ད་དུང་། མེ་ཏོག་གིས་བརྒྱན་པའི་ཞིང་ལྟ་བུ་རང་སོར་ཡོད་པ་དང་། ཀུན་ཏུ་བཟང་པོ་གཤེན་ལྷ་འོད་དཀར་ལྟ་བུ་་བོད་ཞང་གི་ཐ་སྙད་ཉིས་འཛོམས་སུ་ཡོད་པ་སོགས་བལྟས་པ་ཙམ་ གྱིས་ཐག་ཝལ་ཝལ་ཆོད་པ་འབྱུང་ངོ་། ། 
     བཞི། མི་མཇེད་འཇིག་རྟེན་བཤད་སྐབས་སུ། རྣམ་རྫུན་པ་ལ་རྣམ་རྩོད་པ། དྲི་མེད་པ་ལ་ཨ་དཀར་བ། ཀ་དག་པ་ལ་ཡེ་གཤིན་པ་སོགས་སུ་བྲིས་ཡོད་པ་དང་། རྫོགས་ཆེན་པའི་སྒྲ་སོར་བཞག ད་དུང་སྣོད་བཅུད་ཐམས་ཅད་སངས་རྒྱས་མངོན་རྫོགས་ཁྲི་ཁུགས་ཟེར་བའི་རྫུ་འཕྲུལ་གྱི་སྤྲུལ་བ་ཡིན་པར་བཤད་པས་དབང་ཕྱུག་དང་ཚངས་པ་བའི་གཞུང་གིས་ཤན་ཞུགས་འདུག་པར་མ་ཟད་འོད་ཟེར་ལྔའི་ཁ་དོག་ཡིན་པར་བཤད་པ་སོགས་རང་གཞུང་དང་འགལ། བཅུད་ཆགས་ལུགས་བྱེ་བྲག་ཏུ་བཤད་པའི་སྐབས་སུ་ནང་བསྟན་བོད་འགྱུར་མ་རྣམས་དང་ཐ་སྙད་ཀྱང་ཆོས་མཚུངས་ཏེ། མདོ་རྒྱུད་དེ་དག་ལ་འགྱུར་ཉམས་ཤིན་ཏུ་མ་ཐོན་ནོ། 
     ལྔ། འཛམ་གླིང་གི་ཡུལ་སྡེ་ཆགས་ཚུལ་སྐབས་སུ་ཀུན་གྱིས་གྲུང་ཤེས་བྱིན་པས་མང་བོས་བཀུར་བའི་རྒྱལ་པོ་བྱུང་ངོ་། ། ཞེས་གསུངས་པའི་མཇུག་དེ་མ་ཐག་ཏུ། མདོ་འདུས་ལས། ཡེ་སྨོན་རྒྱལ་པོས་འབྲས་བགོས་ཚེ། ། ཞེས་སོགས་ཀྱིས་མང་བཀུར་རྒྱལ་པོ་ཞེས་གྲགས་ཟིན་པ་དེ་ལ་ཡེ་སྨོན་རྒྱལ་པོ་ཞེས་ཐ་སྙད་སྤོར་མཚམས་འཕྱི་སོང་བའི་རྟགས་ཤིག་མངོན་ཡོད་པ་ལས་གཞན་ཐ་སྙད་ལ་བོད་ཀྱི་ཡུལ་སྐད་དང་བརྡ་གསར་ཪྙིང་གི་ཁྱད་ཙམ་ལས་ཞང་སྐད་གཅིག་ཀྱང་མ་བྱུང་བར་མ་ཟད་བཤད་ཚུལ་བོད་ཀྱི་ནང་བསྟན་དང་སྒྲ་ཇི་བཞིན་པའོ། ། 
     དྲུག  འཛམ་གླིང་གི་ཡུལ་དབུས་ཆགས་ཚུལ་སྐབས། སྟག་གཟིག་འོལ་མོའི་ལུང་རིང་ནི་ཡོན་ཏན་གྱིས་མཐོ་བའི་ཡུལ་དབུ་་ཡིན་པས་བོད་ཡུལ་ན་མེད་པར་མ་ཟད། རི་བོ་གངས་ཅན་དང་། མཚོ་མ་ཕམ། རི་ནག་དགུ་འདུས་དང་ཆུ་བོ་བཞི་འབབ་ཀྱི་གནས་ཀྱང་བོད་ཀྱི་གངས་ཏེ་སེའི་ཁེར་ཡུག་མིན་ཅེས་ཐག་བཅད་པར་མ་ཟད། བོད་ཀྱི་གངས་ཏེ་སེ་སོགས་ནི་ས་ཚུགས་ཀྱིས་ཡིན་པས་དེ་ཞང་འུང་སྟག་གཟིག་ཞིང་ལ་བྱེད་པ་ནི་རིག་བྱེད་པས་སྒྲོ་བཏགས་རེད་ཅེས་གསལ་ཁ་བྱས་འདུག་ལ། ཞང་ཞུང་ངོ་མ་དེ་ཞིང་ཁམས་གཞན་ལས་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་བདུན་དང་ལྡན་ཞིང་། མི་འཇིག་པ། གནས་ཆེན་པོ་ལྔ་བཅུ་ང་དྲུག་དང་། གྲོང་ཁྱེར་འབུམ་ཕྲག་ཉིས་བརྒྱ་ལོངས་པ་སོགས་བློར་མི་ཤོང་བའི་ཡོན་ཏན་དང་། མཐའ་གངས་དབལ་སོ་ཅན་གྱི་ར་བས་བསྐོར་ཏེ་རྫུ་འཕྲུལ་མ་ཐོབ་པར་འགྲོ་མི་ནུས་པ་དང་། སྟོན་པ་གཤེན་རབས་ཀྱང་བོད་དུ་བྱོན་པའི་དུས་སུ་ཕེབས་མ་ཐུབ་པར་གངས་ཀྱི་རི་ལ་མདས་ཕུགས་ཏེ་ལམ་བཏོད་ནས་བྱོན་པ་དང་། ད་ལྟ་མདའ་ལམ་གྱི་གངས་རིའི་ཁོངས་གསེང་ན་སྟག་གཟིག་སོགས་གཅན་འཕྲང་ཉིན་ལམ་གྱ་གཅིག་ཡོད་པ་སོགས་རྒྱུ་མཚན་ཡང་ཡང་བཤད་ཡོད་པས་སྟག་གཟིག་གི་མིང་ཡང་ཐོགས་ཞེས་གསུངས་སོ། ། «ཞང་ཞུང་ཤེས་རིག»རྩོམ་པ་པོ་ཁོ་ཡང་མཚམས་འདིར་ཐོན་ཚེ་རང་ཉིད་དངོས་གཙོ་སྨྲ་བའི་ཤེས་ཡོན་ཅན་ཞིག་ཡིན་པ་དང་གཅིག་གཞུང་འདི་རྒྱབ་ལ་འཕེན་རོགས་མ་ཆོད་པ་དང་གཉིས་ཀྱི་སྒོ་ནས་རང་ལུགས་ལ་ཕར་ལྡིང་དང་། ཞབས་ཡ་གཅིག་ཚུར་ནང་དང་། ཡ་གཅིག་ཕར་ནང་ལ་འཛུགས་རྩིས་བྱས་པ་ལ་ཁག་མེད་དེ། ལེགས་བཤད་མཛོད་དང་། མདོ་འདུས། གཟེར་མིག སྲིད་པ་རྒྱུད་ཀྱི་ཁ་བྱང་། ཞིང་མདོ། འཛམ་གླིང་ཡུལ་བཤད་སོགས་ཀྱི་བཤད་ཚུལ་རྣམས་ཚིག་སྟེང་ནས་ཤིན་ཏུ་དཔྱད་མི་གཟོད་ཅིང་། རང་རེའི་དངོས་གཙོའི་ལྟ་ཚུལ་གྱིས་ལོ་རྒྱུས་ལ་དཔྱད་པ་བྱས་ཚེ་འགལ་བ་ལྟག་སྤྲོད་དུ་གནས་པ་ནི། དཔེར་ན་སྟོན་པ་འཁོར་བཅས་ཐོག་མར་ཞང་ཞུང་ནས་བོད་དུ་བྱོན་པ་དང་། ཐོག་མར་བོད་ནས་ཞང་ཞུང་དུ་ཕེབས་པ་དང་། ཞང་ཞུང་དང་བོད་ཀྱི་བར་ལ་འགྲོ་ལམ་གཏན་ནས་མེད་པར་བཤད་པ་དང་། གངས་རིའི་ཁོངས་གསེང་གི་གཅན་འཕྲང་མུན་ནག་ཉིན་ལམ་གྱ་གཅིག་ཅན་ཡོད་པ་ལ་སྟག་གཟིག་མང་བ་དང་། ཞང་ཞུང་ནི་སྟོད་མངའ་རིས་ཕྱོགས་ཡིན་པར་བཤད་པ་དང་། ཡང་འཛམ་གླིང་གི་སའི་གོ་ལའི་ལྷོ་བྱང་གི་དཀྱིལ་ཐིག་ནས་ནུབ་ཏུ་བཅད་པའི་ཚེ་ཕྱོགས་ཐམས་ཅད་ཡིན་པར་བཤད་པ་དང་། ད་དུང་བོན་གཞུང་སོ་སོ་ནས་ཞང་ཞུང་སྟག་གཟིག་ཞིང་དེ་ཤབྷ་ལ་ཡིན་པར་འདོད་པ་དང་། བདེ་བ་ཅན་ཡིན་པར་བཤད་པ། གངས་རི་ཏེ་སེའི་ཁོངས་གསེང་ན་ཡོད་པའི་ཐུན་མོང་མ་ཡིན་པར་འདོད་པ་དང་། འགའ་ཞིག་ཨ་ལ་པོ་དང་། དབྱི་ལང་། པ་ཅི་སི་ཐན། ཤར་ཕྱོགས་ཙི་ནའི་ཁམས་སོགས་སུ་ངོས་འཛིན་ལུགས་ཇི་སྙེད་ཅིག་ཡིག་སྟེང་ནས་བྱུང་བ་ང་ཚོས་མཐོང་ཐུབ་པའི་རྒྱུ་མཚན་གྱིས་རང་གིས་གཟི་ཚིག་གི་རྣམ་འགྱུར་ཞིག་བསྟན་པ་ནི་བློ་གཟུར་བོའི་རྟགས་ཡིན། འོན་ཀྱང་གནའ་བོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དགོས་ན། གནའ་བོའི་དཔེ་རྙིང་ཞིག་ལ་བརྟེན་དགོས་ཏེ། གནའ་བོའི་དཔེ་རྙིང་ཞིག་ལ་བརྟེན་དགོས་ཏེ། གནའ་དུས་དང་དེང་དུས་ཀྱི་ཡུལ་བབ་ཀྱི་འགྱུར་ལྡོག་དང་རྣམ་པ་རྣམས་མི་འདྲ་བའི་ཕྱིར་རོ། ། དེ་ཕྱིར་ལེགས་བཤད་མཛོད་ཀྱི་མཛད་པ་པོ་ནི་དུས་རབས་བཅུ་དགུ་པའི་ནང་བཞུགས་པའི་མདོ་སྨད་ཟལ་མོའི་སྒང་གི་ཧོར་རིགས་ཞིག་ཡིན་པས་ཁོང་གི་བསྟན་བཅོས་དེ་ལ་གནའ་བོའི་ཤན་ཞུགས་ལས་དེང་དུས་ཀྱི་ཤན་ཞུགས་ཆེར་མང་བ་བཤད་མ་དགོས་པས་བློ་མཐུན་ཁོང་གི་ཕྱག་ལའང་དཔེ་འདི་ཙམ་ལས་མ་ཆུད་པར་མངོན་ནོ། ། དེ་ལྟར་བློ་མཐུན་ཚེ་རིང་ཐར་དང་ནམ་མཁའ་ནོར་བུ་ཁོང་གཉིས་ཀ་ཡང་བོན་པོ་ཚོའི་སྐད་ཆ་ཅུང་ཟད་ཙམ་ལ་མ་གཏོགས་རྒྱུ་མཚན་གྱི་སྒོ་ནས་ཞིབ་འཇུག་བྱས་པ་ལ་རྟེན་ཁུངས་དག་ལས་ཀྱང་བརྟེན་པ་ཞིབ་པའི་རང་རྟགས་འདུག་ནའང་ལོ་རྒྱུས་ལ་ཞིབ་མཁོ་བའི་རྒྱུ་མཚན་གྱིས་དེ་ཙམ་བསྔགས་པར་མ་བྱས་སོ། །
     བདུན། འཛམ་གླིང་གི་མངའ་མཛད་རྒྱལ་པོའི་ལོ་རྒྱུས་ཀྱི་སྐབས་སུ། སྒྲ་འགྲེལ་དྲངས་ནས་སངས་པོ་དང་ལྷ་ལྕམ་གཉིས་ལས་སྲིད་པ་ཐམས་ཅད་གྲོལ་ཞེས་སྤྱིའི་གྲོལ་ཕུག་བསྟན་པ་ནི་མ་ཧོང་གི་གྲུབ་མཐའ་དང་ཀོང་ཙེའི་བཤད་སྲོལ་གྱི་ཤན་ཞུགས་ཤིང་། «ལྟ་བ་ཁྱུང་ལྡིང་གི་རྒྱུད»ལས། མི་རྒྱུད་སྡོད་བདལ་ལྷ་ལས་ཆད། ། ཅེས་པས་ལྷ་དང་མིའི་རིགས་རུས་གཅིག་ཏུ་སྒྲུབ་པ་ཚངས་པ་བ་དང་། དེ་ནས་འོད་གསལ་དམུ་ལ་འཐེན། ། ཞེས་པས་དམུ་ཞེས་པ་འོད་ཀྱི་ཐག་པ་ལྟ་བུ་ལ་གོ་ཞིང་། དམུ་རྒྱལ་ཕྱག་དཀར་གདུང་འཛིན་དུ། ། ཞེས་པས་དམུ་རུས་མིང་ལ་གོ་བ་དང་། དམུ་རིག་གཤེན་ལྷའི་ཞེས་པས། དམུ་ཞེས་པ་ལྷའི་རིགས་ལ་གོ་བ་དང་། འཁོར་བསྒྱུར་དམུ་ཕྱུག་སྐྱེར་གཞོན་སྒོང་སྐྱེས་སུ་བཤད་པ་དང་། ཤཱཀྱ་ཐུབ་པ་འཛམ་གླིང་གི་མངའ་མཛད་ཀྱི་འཁོར་སྒྱུར་རབས་བཅུ་གསུམ་པ་ཡིན་པ་དང་། འཁོར་སྒྱུར་མུ་ཁྱུད་འཛིན་སྟོན་པ་གཤེན་རབས་ཀྱི་ཚ་བོ་དང་། གཤེན་རབས་འཁོར་བསྒྱུར་གྱི་རབས་དགུ་པ་ཡིན་པ་ནས་ཤྰཀ་རྒྱུད་དང་གཤེན་རྒྱུད་གོང་དུ་ཐ་དད་པ་ཆེན་པོར་བཤད་ནས་འདིར་གཅིག་ཏུ་གྱུར་པ་སོགས་ནི་རང་གཞུང་གི་འགལ་བ་ཡིན། གཞན་མང་བཀུར་གྱི་རྒྱལ་རབས་བསྣན་ཡོད་པ་རྒྱ་བོད་ཀྱི་ལོ་རྒྱུས་རྣམས་དང་བཤད་ལུགས་ཚིག་རིས་ཕལ་ཆེར་མཐུན་པ་སོགས་ཀྱི་ཁུངས་ནི་ནང་པའི་ཪྙིང་རྒྱུད་ཡིན་པར་གསལ་ལོ། ། དེ་ཕྱིར་འདི་མན་ཐ་སྙད་མི་གཅིག་པ་གལ་ཆེ་རིགས་མ་གཏོགས་གོང་གི་འགྲེལ་གྱིས་འཐུས་པར་བྱས་ཏེ་གཙོ་བོ་དོན་སྟེང་གི་འགྲེལ་བ་འཆད་པར་འདོད་དོ། ། 
     བརྒྱད། བསྐལ་བ་བཟང་པོ་ལ་གང་བྱོན་གྱི་སྐབས་སུ། འོག་མིན་དབྱིངས་ཀྱི་གཤེན་ལྷ་ནི། ཞེས་པས། དགོས་རྒྱུ་འོག་མིན་གྱི་ཞིང་ལ་ཐ་སྙད་གཞན་མེད་པར། མི་དགེ་བ་གཤེན་ལྷ་ཞེས་མི་ཡུལ་གྱི་གཤེན་དེ་འོག་མིན་གྱི་སངས་རྒྱས་ཀྱི་རུས་སུ་བྱས་པ་སོགས་འདི་འདྲ་གོང་འོག་ན་ཐང་མར་བརྡལ་བས་ན་བསྒྱུར་བོན་ཞིག་མིན་པ་ཧ་ཅང་གསལ་ལོ། ། ཡང་འཁོར་བ་འཇིག་ལ་འཁོར་བ་ཀུན་འདྲེན་ཞེས་སྨྲས་ཏེ་དེའི་ལུང་བསྟན་གྱི་མདོ་དྲངས་པ་ལྟར་ན་སྟོན་པ་གཤེན་རབས་སངས་རྒྱས་བརྒྱད་པར་འགྱུར་བས་བོན་གྱི་ཚུལ་ཆེན་ལམ་རིམ་ཁུངས་དང་བཅས་རྣམས་དང་འོག་ནས་འབྱུང་བ་ལ་ཡང་འགལ་བར་མ་ཟད། དེའི་མཇུག་ཏུ་འབུམ་པའི་ལུང་དྲངས་ཏེ་སངས་རྒྱས་དཔའ་བོ་བདུན་གྱི་བྱོན་རིམ་འདྲེན་པའི་ཚེ་ནའང་སྟོན་པ་གཤེན་རབས་གཅིག་ཏུའང་མ་དྲངས་པར་མ་འོངས་པ་ན་འབྱོན་འགྱུར་དུ་འཕངས་སོ། ། རང་རྟོགས་གཤེན་རབས་དང་རང་སངས་རྒྱས་གཉིས་གཅིག་ཏུ་བྱས་ཏེ་རང་རྒྱལ་དང་སངས་རྒྱས་གཅིག་ཏུ་འཁྲུལ་བ་མངོན་སུམ་པ་ཞིག་ཀྱང་བྱུང་། ། 
     དགུ སྟོན་པ་གཤེན་རབས་ཀྱི་མཛད་པའི་སྐབས་མདོ་སྡེ་སྐལ་བཟང་དང་། འདུལ་བ་ལུང་བཞི་སོགས་ཀྱི་ཚིག་ཟིན་རེ་བསྒྱུར་བ་མ་གཏོགས་མདོ་མིང་དང་རྗོད་བྱེད་ངོ་ཐོག་པ་མང་པོ་བྱུང་ཞིང་། ས་བརྒྱད་པ་ནས་བཅུ་གཅིག་པ་ཀུན་ཏུ་འོད་ཀྱི་བར་དག་པའི་ས་གསུམ་བགྲོད། ཅེས་ཐ་སྙད་འབྲེལ་ཡང་དོན་མ་འབྲེལ་བའི་སྐྱོན་ཆེན་པོ་ཞིག་མངོན་སུམ་དུ་ཡོད། ད་ནི་གྲོས་གཞི་མཚོན་བྱེད་ཙམ་རེ་བར་བར་དུ་སྟོན་པ་ལ་འཇུག་སྟེ། མཐར་ཆགས་སུ་བཏོན་ན་ཚིག་མངས་རབས་ལ་དོགས་སོ། ། དེ་ཡང་ཤོག་ངོས33པར། དེ་ནས་གཡུང་དྲུང་དགུ་བརྩེགས་རིར། ། ཞེས་སྟོན་པ་གངས་རི་ཏེ་སེའི་རྩེ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འཚང་རྒྱ་བར་བསྟན་པ་དང་། སྟོན་པ་གཤེན་རབས་འཛམ་གླིང་མིའི་ཚེ་ལོ་བརྒྱ་བ་ལ་བྱོན་པར་བཤད་པ་དང་། (ཤོག་ངོས་37པར། ) གཡུང་དྲུང་དགུ་བརྩེགས་ཀྱི་རི་ལ་ནགས་ཡོད་པར་བཤད་ཅིང་། ནགས་དེར་ཤིང་མི་ལེ་དྲུམ་ཟེར་བ་ཞིག་སྐྱེས་པར་འབྲས་བུ་ལ་རིན་ཆེན་སྨིན་པ། ཤུན་པ་དར་ཟབ། ལོ་མ་ནོར་བུ། ཁུ་བ་བདུད་རྩི་སོགས་ཡན་ལག་བརྒྱད་ལྡན་གྱི་སྡོང་པོ་ཟེར་ལ། སྟོན་པ་འཁྲུངས་པའི་མཁར་སྒོ་གཡས་ལ་ཨུ་དུམ་ཝ་ར་དང་། གཡོན་ལ་འཛམ་བུ་ཤིང་སྐྱེས། ཞེས་པ་དང་། སྔར་འཛམ་བུ་ཤིང་མཚོ་མ་དྲོས་པར་སྐྱེ་བར་བཤད་པ། གཤེན་རབས་སངས་རྒྱས་པའི་ཚེ་ན་སྐུ་འཁོར་དུ་སྐད་རིགས་སུམ་བརྒྱ་དྲུག་ཅུར་སྐད་བསྒྱུར་གྱི་ལོ་ཙ་བ་སུམ་བརྒྱ་དྲུག་ཅུ་ཡོད་པར་བཤད་པ་དང་། (ཤོག་ངོས་39པར)སྟོན་པ་གཤེན་རབས་དགུང་ལོ་བཅུ་གཉིས་སྟེང་ས་བདག་གི་གནས་ལ་བྱོན་ནས་ས་བདག་རྣམས་ལ་བོན་བསྟན་ནས་དུས་འཁོར་གྱི་རྒྱུད་གསུང་ཚུལ་དང་། གཏད་རབས་དང་པོ་འཕགས་པ་འོད་སྲུང་ནི་ས་བདག་གི་རིགས་ཡིན་པ་དང་། (ཤོག་ངོས་42པར)གཤེན་རབས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་བཙུན་མོ་བཅུ་བསུས་ཚུལ། ཤོག་ངོས་45པར་སྟོན་པ་གཤེན་རབས་ཀྱི་ཡི་དམ་གཤེན་ལྷ་འོད་དཀར་ཡིན་ཚུལ་དང་། ཡང་དེ་གཉིས་གཅིག་ཡིན་ཚུལ་གཉིས་བཤད་དོ། ། «ཞང་ཞུང་ཤེས་རིག»གིས་སྐབས་འདིར་ཞིབ་འཇུག་གི་གནས་ཆེ་བ་རྣམས་དོར་ཏེ་བཞག་པ་ནི། གཤེན་རབས་ཀྱི་བཙུན་མོ། ཧོས་བཟའ། དབོ་བཟའ། ལྷ་བཟའ། ཀླུ་གཟའ། ཀོང་བཟའ་། (འདི་ལ་ཀུང་ཞེས་ཀྱང་བྲིས་ཡོད)རྒྱ་བཟའ། ཕྱ་བཟའ། གསས་བཟའ། བྲམ་ཟེའི་བཟའ། གཏོ་དཔྱད་གཉན་རིགས་བཟའ་སོགས་བསུས་པ་དང་། རྒྱ་བཟའ་འཕྲུལ་བསྒྱུར་ལ་རྒྱལ་སྲས་འཕྲུལ་བུ་ཆུང་འཁྲུངས་ཚུལ་དང་འོག་ནས་འཕྲུལ་བུ་ཆུང་ཀོང་ཙེའི་སྲས་ཡིན་པར་བཤད་པ། (ཤོག་ངོས་46པར། )སྟོན་པ་གཤེན་རབས་ཀྱིས་ཆིབས་པ་འབྲུག་རྟ་སོགས་བདུན་བརྐུས་པའི་བདུད་ཕྲུག་རྐྱ་བདུན་བོད་ཀྱི་ཀོང་པོ་ཡུལ་དུ་རྗེས་འདེད་བྱས་ནས། ཀོང་པོ་ཡུལ་ལ་ཁ་བ་འདོམ་དགུའི་མཐུག་ཚད་ཕབ་པ་དང་། ཡང་ཟ་ཧོར་དང་སྟག་གཟིག་གི་ས་མཚམས་སུ་མེས་མ་ཚུགས་པའི་གྲུབ་རྟགས་བསྟན་ཚུལ་སོགས་སློབ་དཔོན་པད་མའི་སྒྲུབ་རྟགས་བརྒྱད་ཀྱི་རྣམ་ཐར་དང་ཁྱད་ཅུང་ཟད་ཀྱང་མེད་པ་ཞིབ་ཏུ་བཀོད་པ་དང་། དེ་ལྟར་སྟག་གཟིག་དང་ཞང་ཞུང་གི་ས་མཚམས་སུ་རྒྱལ་པོ་ཛའི་ལོ་རྒྱུས་ཀྱི་ཟུར་བཀོད་པ་དང་། བོད་དང་ཞང་ཞུང་གི་ས་མཚམས་སུ་བྲག་ལ་སྟོན་པའི་ཞབས་རྗེས་བཀོད་པ་དང་། བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་མགོར་བོད་ཀྱི་བོན་པོ་རྣམས་ལ་ལྷ་གསོལ་དང་འདྲེ་བཀར་བ། ཡུགས་ཕུད་པའི་   (འདྲེ་འདེད་པའི་དོན)ལུང་ཕོག་ཚུལ་གསུངས་ཡོད་པ་དང་། བོད་ལ་ཐོག་མར་བདུད་ཀྱིས་དབང་བྱས་པ་དང་། དེ་ནས་སྲིན་པོ་དང་། ཀླུ་མ་སངས་དང་། བྱེད་སྐྱེས་བུ་དྲུག རྒྱལ་ཕྲན་སིམ་མ་བཅུ་གཉིས་རྣམས་ཀྱིས་དབང་བྱས་ཚུལ། གཤེན་རབས་བོད་དུ་བྱོན་དུས་མིའི་འགྲོ་བ་བྱུང་མིན་གསལ་པོ་བཤད་མི་ཐུབ་ཚུལ། ཡང་སྟོན་པ་བོད་ཀྱི་ཀོང་པོ་རོང་ནག་ཏུ་བྱོན་དུས་བདུད་ལས་མེད་ཚུལ། ཡང་སྟོན་པ་ལ་བོད་ཀྱི་བདུད་དམག་དབུས་དང་། དྭགས་པོ་དང་། གེ་སར། ཀོང་པོའི་འགྲོ་བ་བྱུང་མིན་གསལ་པོ་བཤད་མི་ཐུབ་ཚུལ། ཡང་སྟོན་པས་ཀོང་པོ་ནས་མདའ་འཕངས་ཏེ་ལྕགས་ཀྱི་ཕུབ་དགུ་ཕུག་ནས་ས་ཕུགས་པར། མདའ་དྲངས་ཤུལ་དུ་ཆུ་མིག་བྱུང་བ་ལ་མདའ་དྲངས་ཆུ་མིག་ཅེས་པ་ཡོད་ཚུལ། བོད་ཀོང་པོའི་རྒྱལ་པོའི་འཁོར་དུ་བདུད་དམག་བྱེ་བ་དུང་ཕྱུར་ཡོད་པ་འོལ་མོའི་གླིང་དུ་ཁྲིད་ཚུལ། རྒོད་རྗེ་རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ནས་བོན་གྱི་སྐུ་གསུང་ཐུགས་རྟེན་བཞེངས་ཚུལ་སོགས་དང་། རྒྱ་དཀར་ནག་དང་བོད་སོག་གི་ལོ་རྒྱུས་ཡིག་རིགས་སུ་གསལ་བའི་ཤྰཀྱ་ཐུབ་པའི་རྣམ་ཐར་དང་། གཏད་རབས་བདུན། སློབ་དཔོན་པད་མ་འབྱུང་གནས། རྒྱ་ནག་ཀོང་ཙེ་འཕྲུལ་རྒྱལ། གླིང་གེ་སར། རྒྱལ་པོ་ར་མ་ཎ། མགོན་པོ་ཀླུ་སྒྲུབ། ཚོང་དཔོན་ནོར་བཟང་སོགས་ཀྱི་རྣམ་ཐར་ལོ་རྒྱུས་སྒྲུང་ཡིག་རྣམས་ལས་འབྱུང་བ་ཇི་ལྟ་བ་བཞིན་བཀོད་ཡོད་པ་འདི་རྣམས་ཡིན་ལ། འདི་དག་ནི་ཞིབ་འཇུག་གི་སྒོ་ཆེན་པོ་ཡིན་པར་མ་མཐོང་བ་མི་སྲིད་ཀྱང་། གྲོགས་པོ་ཁོང་ནས་གླེང་ཙམ་ཡང་མ་བྱས་པ་རྒྱུ་མཚན་ཅི་ཡིན་པ་ལ་ལན་ཞིག་ཡོད་ན་ལེགས་ཞུ། (ཤོག་ངོས54པར)གཤེན་རབས་འཛམ་གླིང་གི་ཚེ་ལོ་སྟོང་མ་འགོར་བ་སོགས་གོང་འོག་འགལ་བའི་དཔྱད་བྱ་མང་ཡང་མི་སྤྲོ། (ཤོག་ངོས་68པར། )ཁྱད་པར་ཧོས་ཡུལ་འོལ་མོ་གླིང་ཞེས་བྲིས་ཡོད་པ་དང་། བོད་ཀྱི་ཀོང་པོའི་རྒྱལ་པོའི་སྲས་དབང་ལྡན་གྱི་རྒྱུད་ད་ལྟ་འོལ་མོའི་གླིང་ན་ཡོད་ལུགས། ཡང་སྟོན་པ་ཤྰཀྱ་ཐུབ་པ་གཤེན་རབས་ཀྱི་སྤྲུལ་བ་ཡིན་ཚུལ་གཅིག་དང་། སྟོན་པ་གཤེན་རབས་འཛམ་གླིང་གི་མི་རྣམས་ཀྱི་ཚེ་ལོ་བརྒྱ་བ་ལ་འཁྲུངས་ཏེ་ལོ་བརྒྱད་སྟོང་ཉིས་བརྒྱ་བཞུགས་པའི་རྗེས་ཤིག་ནས་ཤྰཀྱ་ཐུབ་པ་ཝ་ར་ན་སིའི་རྒྱལ་པོ་ཞིག་གི་སྲས་སུ་འཁྲུངས་ཞེས་གསུངས་ཡོད། ཟུར་དུ (ཤོག་ངོས61པར། )མིང་བཏགས་པ་བོན་ཅན། ཐམས་ཅད་མཁྱེན་པ་མ་ཡིན་པར་ཐལ། ཞིང་མཆོག X Xཕྱིར་རོ། ཞེས་རྟགས་གསལ་ཞིག་འཕངས་པ་ནི། སྣ་ཤ་བཅད་དེ་ཁ་ཤ་བྱས་པའི་དཔེ་ཞིག་ཏུ་སོང་འདུག   ཆོས་ཅན་ཟེར་བ་ལ་བོན་ཅན་ཟེར་དགོས་དོན་ཅུང་ཟད་ཀྱང་མེད་པ་ནི། ཆོས་ཅན་ཞེས་པའི་ཆོས་ནི་རྩོད་གཞི་ངོས་འཛིན་ཀྱི་བརྡ་ཆད་ཅིག་ཡིན་གྱི་དམ་པའི་ཆོས་ཀྱི་བོན་ལ་གཏན་ནས་མི་གོ་བས། འདི་གཉིས་གཅིག་ཏུ་བྱེད་འདོད་ན་ཆོས་ཀྱི་སྒྲ་ཐོགས་ཚད་བོན་སྟེ་བོན་གྱི་བསྟན་པ་ཡིན་པའི་ཁྱབ་པ་ཁས་ལེན་དགོས་པས། སྔོན་རྒྱལ་པོའི་བཙུན་མོ་ཞིག་གིས་བུ་བཙས་མ་ཐུབ་པར་ཤི་བས། རྒྱལ་པོས་མངའ་འོག་ལ་དེང་ཕྱིན་རྗད་མེད་རྣམས་ཀྱིས་བུ་བཙས་མི་ཆོག་ཅེས་བཀའ་ཕབས་པ་དང་མཚུངས་སྙམ་སྟེ། དོགས་པ་དེས་རང་གཞུང་ན་ཆ་ཡིག་མང་དུ་བཀོལ་ནས་ཆོས་ཀྱི་ཡིག་གཟུགས་གཅིག་ཀྱང་འབྲི་ཐུབ་མེད་དོ། ། ཡང་ཀོང་ཙེ་འཕྲུལ་རྒྱལ་སངས་རྒྱས་ཡིན་པ་དང་། རྩིས་དང་ཅུ་ཡག(ཇི་ཐིག་ཟེར་བ་ཡིན་སྙམ)གབ་ཙེ(འབྱུང་རྩིས)ལྷ་རྒྱུད་མདོ་སྦྱར་བཤད་ཅེས་སྟོན་པའི་བཀའ་བསྡུ་བོ་ཡིན་པར་བཤད་པ་དང་རྩིས་སྒོ་རྣམས་སྟོན་པས་ཀོང་ཙེ་ལ་གསུངས་པ་འོག་ཏུའང་གསལ་པོར་བཀོད་ཡོད་ པས། གོང་དུ(ཤོག་ངོས60པར། )ཐུའུ་བཀན་གྲུབ་མཐའ་བཀག་པ་དང་འགལ་བར་མ་ཟད། ཐུའུ་བཀན་གྲུབ་མཐའི་བོན་གྱི་གྲུབ་མཐའི་སྐོར་གཞན་ཅུང་ཟད་ཀྱང་མ་གླེང་ངོ་། ། (ཤོག་ངོས71པར། )གཤེན་རབས་ཐམས་ཅད་ཀྱི་རྩ་བའི་ལྷ་ཡིན་པས་ན་གཤེན་རབས་ཅེས་སྤྱིའི་མིང་དུ་བཤད། (ཤོག་ངོས90པར། )མང་བཀུར་རྒྱལ་པོའི་སྲས་བོན་གྱི་ལྷའི་སྤྲུལ་པ་ཡིན་པས་དེ་ནས་བཟུང་སྟེ་བོན་ཀྱི་རྒྱལ་པོ་བྱས་ཞེས་བྱ་བར་འུར་ཏོ། ཞེས་དང་། ཡང་སྟག་ལྷ་མེ་འབར་གྱི་ལོ་རྒྱུས་གང་རྒྱས་ཡོད་པ་འདི་དང་། ཨ་མདོའི་ཕྱོགས་སུ། ཐུབ་པ་པད་མ་བསྣོལ་བའི་གདན་སྟེང་ན། ། ཁྲོ་བོའི་རྒྱལ་པོ་སྟག་ལྷ་མེ་འབར་བཞུགས། ། ཞེས་ཐང་ཀ་རི་མོ་དེ་མཚུངས་སུ་འབྲི་སྲོལ་བྱུང་བ་ཆ་མ་འཚལ་བ་དང་། རྒྱུད་སྡེའི་སྐོར་ལ་རྙིང་མ་བཀའ་རྫོགས་ཀྱི་བཤད་སྲོལ་སྒྲ་ཟུར་ཙམ་མ་གཏོགས་འདྲ་བ་ཧ་ཅང་མང་བ་དང་། ཁྱད་པར་རྫོགས་ཆེན་གྱི་སྐོར་ཚིག་དོན་ཐམས་ཅད་སོར་བཞག་གིས་བོན་རྒྱུད་ཡིན་པར་རྒྱས་པར་སྒྲུབ་བོ། ། 
     བཅུ། (ཤོག་ངོས127པར། )རྒྱ་གར་གྱི་རྒྱལ་རྒྱུད་གཞན་རྣམས་ཐུན་མོང་དུ་བཞག་སྟེ་ཤྰཀྱའི་རྒྱལ་པོ་བྲ་བོ་ཟས་ལ་མ་འགགས་པ་གཤེན་རབ་དང་། བདུད་ཁྱབ་པ་ལག་རིང་སྟེ་ལྷས་སྦྱིན་གཉིས་སྐྱེས་ཤིང་། སྔ་མ་ལ་སྲས་བཞི་ཡོད་ཚུལ། སྟོན་པ་གཤེན་རབས་ཤྰཀྱ་ཐུབ་པའི་ཨ་ཁུ་ཡིན་ལུགས། བདུད་ལྷས་བྱིན་ཟེར་བ་ཤཱཀྱ་ཐུབ་པའི་སྤུན་ཡིན་ཚུལ། རྒྱལ་པོ་སྲས་གཙང་མའི་སྤུན་ཟས་དཀར་གྱི་བུ་བྱང་ཆུབ་ཀུན་དགའ། འོད་འབྱུང་གཙུག་ལག རྒྱལ་བ་བདུད་འདུལ་གསུམ་ཡོད་པ་རྣམས་ཀྱིས་རྒྱ་ནག་གི་རྒྱལ་པོ་བྱས་ཏེ་གདུང་རྒྱུད་ཡོད་ལུགས་སོགས་ཀྱི་མདོ་ཚིག་རྣམས་ལ་ལེགས་བཤད་མཛོད་རྩོམ་པོ་རང་གིས་ཀྱང་དོགས་པ་གནང་འདུག། 
     བཅུ་གཅིག  བོད་ཀྱི་རྒྱལ་རབས་སྐབས་སུ་གཉའ་ཁྲི་བཙན་པོ་སྲིད་པའི་ལྷ་དྲུག་གི་སྲས་ཡིན་པ་དང་། སྟོན་པ་གཤེན་རབས་ཀྱི་གདུང་རྒྱུད་ཡིན་ཚུལ། ཕ་མེད་པར་བཀྱེས་ཚུལ་སོགས་བཤད། དེ་ནས་གནམ་གྱི་ཁྲི་བདུན་སོགས་དང་། ཁྱད་པར་བོད་རྒྱལ་གྲི་གུམ་བཙན་པོའི་མིང་ཐོག་ཚུལ་ལ་ཚིག་སྔ་ཕྱི་འགལ་བ་དང་། འབངས་ལོ་ངམ་གྱིས་བཀྲོངས་པ་བོན་ལ་ལོག་སྒྲུབ་བྱས་པའི་རྣམ་སྨིན་ཡིན་པར་བཤད་པ་ལྟར་ན། སྐུ་གཤེན་བཀུར་ལུགས་དང་འགལ་བ་དང་། སྤུ་དེ་གུང་རྒྱལ་ཟེར་བ་ནི་བྱ་དང་རྟ་དང་སྤྱང་ཁུ་གསུམ་གྱི་སྤུ་ལས་སྐྲ་དང་བ་སྤུ་བྱས་པ་ཞིག་བྱུང་བས་ཐོགས་ཟེར་བ་དང་། ཆོས་རྒྱལ་སྲོང་བཙན་མན་ཆད་ལ་མིང་ཙམ་བརྩིས་པ་ལས་ཅི་ཡང་མ་བཤད་ཅིང་། ལེགས་བཤད་མཛོད་ཀྱི་དཔེ་རྙིང་བྲིས་མ་ཞིག་དང་ཉེ་སྔོན་1980ལོའི་བར་ཞིག་ལ་སློབ་གྲྭ་ཆེན་མོ་ཞིག་ནས་སྣུམ་པར་དུ་བཏབ་པ་གཉིས་ལ་བལྟས་ན་པེ་ཅིན་གྱི་པར་མ་འདི་དང་མི་འདྲ་ས་ཡོད་པར་མ་ཟད་ཆད་ལྷག་ཀྱང་མང་ཞིག་བྱུང་ཡོད་དོ། ། 
     བཅུ་གཉིས། (ཤོག་ངོས135པར། )ཡང་རྒྱ་ནག་རྒྱལ་རབས་སྐབས་སུ་རྒྱ་ནག་གི་འདོད་པ་དང་མཐུན་པ་གཅིག་ཀྱང་བྱུང་མེད། ཀོང་ཙེ་འཕྲུལ་རྒྱལ་སྟོན་པ་ཤཱཀྱ་ཐུབ་པ་མ་འཁྲུངས་པའི་སྔོན་ནས་སྔོན་ཞིག་ལ་འཁྲུངས་པར་བཤད། ཡང་མདོ་དྲི་མེད་ལས། ཀ་ཅུ་རྒྱ་ཡི་རྒྱལ་ས་རུ། ། ཅི་ཙེ་འཕྲུལ་གྱི་རྒྱལ་པོ་འཁྲུངས། ། ཞེས་ཀོང་ཙེ་ཀ་ཅུ་ནས་འཁྲུངས་པར་བཤད་པ་ལ་ལེགས་བཤད་མཛོད་རང་ནས་ཀྱང་མི་འདོད་པའི་ཉམས་ཤིག་བསྟན་ཡོད། ཡང་དེའི་རྗེས་སུ། ཀོང་ཙེ་འཕྲུལ་རྒྱལ་གྱི་བུ་རབས་བཞི་པ་ནི་བོད་རྒྱལ་གྲི་གུམ་བཙན་པོས་གཙང་དུ་བོན་བསྣུབས་ཤིང་། དབུས་སུའང་ཕྱེད་ཙམ་བསྣུབས་པའི་དུས་ཡིན་པར་བཤད་དོ་ཞེས་གསུངས། 
     བཅུ་གསུམ། མི་ཉག་རྒྱལ་རབས་ཀྱི་སྐབས་སུ། མི་ཉག་རྒྱ་རྒོད་དང་། བོད་རྒྱལ་གླང་དར་མ་དང་། གླིང་གེ་སར་རྒྱལ་པོ་གསུམ་དུས་མཉམ་ཡིན་ཚུལ་དང་། མི་ཉག་ཤར་ཙོང་ཁའི་ཡུལ་ན་ཡོད་ཅེས་བཤད་ཡོད། (ཤོག་ངོས136པར། )ཧོར་གྱི་རྒྱལ་རབས་ཀྱི་སྐབས་སུ། ཧོར་རྒྱལ་གྱི་ཐོག་མ་བོད་པ་ལོ་ངམ་རྟ་རྫི་ཡིན་པ་དང་། དེའི་སྲས་ཆིང་གེ་སེ་ཡིན་པ། ཏ་མིང་ཐེ་ཙོང་རྒྱལ་པོ་ལ་ཕག་ཚང་རྒྱལ་པོ་ཞེས་ཐོགས་ལུགས་སོགས་ཡོད་པ་དང་། འོད་ཀྱི་རྒྱལ་པོ་དང་། ཐོག་གི་རྒྱལ་པོ། འབྲུག་གི་རྒྱལ་པོ། འགར་བུ་ཆུང་བཅས་གཙང་གི་གཤེན་བརྒྱུད་མང་པོ་བྱུང་བའི་རྗེས་སུ་གཉའ་ཁྲི་བཙན་པོ་བྱུང་ལུགས། སྲོང་བཙན་མན་ཆད་ནས་བོན་བསྣུབས་ཏེ་སོག་པོ་སྤྲེལ་སློག་ཅན་གྱི་ཡུལ་དུ་སྤྱུགས་ཚུལ། ས་སྐྱའི་རུས་བྲུ་ཡིན་པ་དང་། དེ་དང་གྲུ་གུ་གཅིག་པ། ད་དུང་ཁྱུང་གི་བརྒྱུད་རྣམས་ཀྱང་ཁྱུང་དཀར་ནག་སེར་གསུམ་གྱི་སྒོ་ང་ལས་སྐྱེས་ཚུལ། མི་ལ་ཤེས་རབ་རྒྱལ་མཚན་གྱི་རིགས་རུས་ཀྱང་མི་ལའི་རང་རྣམ་དང་མི་མཐུན་པར་ཡོད་པ་བཅས་བཤད་འདུག་གོ། 
     བཅུ་བཞི། བོན་བསྟན་བོད་ལ་དར་ཚུལ་སྐབས། དེ་དུས་འཛམ་གླིང་ན་སྐད་རིགས་མི་འདྲ་བ་སྟོང་ཡོད་པ་ལ་བོན་སྐད་ཐོས་པ་སུམ་བརྒྱ་དྲུག་ཅུ་ཡོད་ཚུལ་དང་། འོལ་མོ་ཀླིང་ནས་འཛམ་གླིང་གི་ཁམས་གཞན་ལ་ལོ་ཙ་བས་བསྒྱུར་ཏེ་སྤེལ་བའི་ཚེ་ན་འོལ་མོ་ཀླིང་དུ་ཆོས་དར་ཏེ་མི་ལོ་ཆིག་ཁྲི་སོང་བ། རྒྱུའི་བོན་དར་བའི་ས་མཚམས་ནི་ཤར་སྨྱུག་མ་བུ་ཁུར་ཚུན་ནས་ནུབ་གནམ་མཚོ་གླིང་དགུ་དང་། བྱང་འཇག་མ་གླུ་ལེན་ནས་ལྷོ་དོམ་སྒྲོ་ནག་པོ་ཚུན། མཐོ་ཁྱུང་ལུང་དངུལ་མཁར་ནས། དམའ་སུམ་པ་གྱིམ་ཤོད་ཡན་ཞེས་གསུངས། (ཤོག་ངོས152པར། )སྟག་གཟིག་འོལ་མོའི་གླིང་དང་། ཞང་ཞུང་། བོད་གསུམ་ནི་ཕྱོགས་ཕྱོགས་སུ་ཡོད་པར་བཤད་དེ། འོལ་མོའི་ཀླིང་ནས་བོན་ཐོག་མར་ལྷོ་ཕྱོགས་རྒྱ་གར་ལ་དར། དེ་ནས་བྱང་ཞང་ཞུང་ལ་དར། དེ་ནས་བོད་ནུབ་ཕྱོགས་སུ་ཁེལ་འདུག་ཀྱང་བྱང་དུ་བཙན་གྱིས་སྦྱར་བ་རང་ཁུངས་བདལ་འབུམ་དང་མི་མཐུན་ལ། བོད་ལ་རྒྱ་དཀར་ནག་ཞང་ཞུང་གསུམ་ནས་དར་བའི་སུམ་འགྱུར་ཟེར། (ཤོག་ངོས153 པར། )འོལ་མོ་ལུང་རིང་གི་དབུས་གཡུང་དྲུང་དགུ་བརྩེགས་ཀྱི་རི་བོ་ནས་འོངས་ཏེ། ལི། བལ། ཞང་ཞུང་གང་དུའང་མ་བསྡད་པར་བོད་དུ་ཕེབས་ཏེ། ཞེས་བཤད་པས་འོལ་མོ་ལུང་རིང་ནས་ལི་ཡུལ་དང་། དེ་ནས་བལ་ཡུལ། དེ་ནས་ཞང་ཞུང་། དེ་ནས་བོད་ཡིན་པར་བཤད་དོ། ། ཡུམ་འབུམ་པ་བོན་ཆོམ་ཡིན་ལུགས་དང་། བོད་ཡུལ་དབུས་ཀྱི་མིས་དང་པོར་ཆོས་ཞང་ཞུང་སྐད་ཀྱིས་ཀློག་ཅིང་། དེ་ནས་རྒྱ་གར་གྱི་སྐད་དང་། དེ་ནས་བྲུ་ཤའི་སྐད། དེ་ནས་བོད་སྐད་ཀྱིས་ཀློག་པའི་གོ་རིམ་བཀོད་ཡོད་པ་དང་། བོད་སྐད་ཀྱིས་སྒྱུར་མཁན་རྦེ་རོ་ཙ་ན་ཡིན་པར་བཤད་དོ། ། དུས་འཁོར་རྒྱུད་འོལ་མོའི་གླིང་ནས་བོད་དུ་བསྒྱུར་བ་སྟེ་བོད་ཀྱི་གྱི་ཇོ་ལོ་ཙཱ་བའི་སྐབས་སོ། ། ད་ལྟའི་སྨན་གྱི་རྒྱུད་བཞི་པོ་ཡང་རྒྱུའི་བོན་སྟེ་གཤེན་རབས་ཀྱི་གསུང་དང་། དྲང་སྲོང་ཡིད་ལས་སྐྱེས་གཤེན་རབས་དང་དུས་མཉམ་དུ་ཨོ་རྒྱན་ཡུལ་དུ་མཚོ་མཛད་ཡེ་ཤེས་ཞེས་བྱ་བ་ཞིག་འཁྲུངས་པ་དེ་ཡིན་ཚུལ་བཤད། (ཤོག་ངོས158པརr)བོན་པོ་ལི་ཤུ་སྟག་རིང་གིས་སྟག་གཟིག་ནས་བོན་ཆོས་ཁྲི་ཕྲག་བཅུ་གཅིག་བྱ་ཁྲུངཁྲུང་དང་ཀང་ཀ་ངུར་པ་སོགས་ལ་བཀལ་ནས་དྲོ་ཐེབ་ཙམ་གྱི་རིང་ཏི་སེར་ཕྱིན་པ་དང་། དེ་ནས་དྲོ་ཐེབ་གཅིག་ལ་བསམ་ཡས་སུ་ཐོན་ཏེ་སྤེལ་ཞེས་དང་། (ཤོགངོས159བར། ) བོད་ཀྱི་ཡི་གེ་ནི་དང་པོ་སངས་རྒྱས་ཀྱིས་མཛད་དེ། མདོ་ལས། ཡི་གེ་སུམ་ཅུས་བོན་གྱི་ཁོག་ཡང་ཕུབ། ། མགོ་ཡིས་ལམ་དྲང་ཤད་ཀྱིས་མདོར་ཡང་བཅད། ། ཚེག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། ། གུག་འགྲེང་ན་རོ་ཞབས་ཀྱུ་ཡ་སྟ་ཡིས། ། སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས། ། ། ཞེས་དང་། དེའི་དོན་འགྲེལ་ཚེ་དང་པོ་དག་པ་ལྷའི་ཡི་གེ་བོད་ཡིག་དེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། ཡིག་རྒན་དུ་བསྒྱུར། དེ་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། སྨར་ཆུང་འབྲུ་མར་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས། ཞེས་གསུངས་པའི་ཚུལ་འདི་གོང་འོག་གི་བཤད་པ་རྣམས་ལ་ཐོད་གཏུགས་ནས་བསམ་བློ་ཞིག་བཏང་ཚེ། «ཞང་ཞུང་ཤེས་རིག»དང་«བོད་ཡིག་འབྱུང་གཞིར་གསར་དུ་དཔྱད་པ»ཞེས་པ་གཉིས་ཀྱི་རྒྱབ་བརྟེན་གྱི་རི་བོ་ལྷང་ལ་བུད་ཡོད། འདི་ལྟར་ན་བོད་ཡིག་དག་པའི་ཞིང་འོལ་མོ་ལུང་རིང་ནས་མི་ལོ་ཆིག་ཁྲི་སུམ་སྟོང་གི་སྔོན་སྟོན་པ་གཤེན་རབས་ཀྱིས་བརྩམས་པ་ཡིན་པས་བོད་རང་ནས་བྱུང་བ་ཞིག་མིན་པར་གོ་ཐུབ། ཡང་། ད་ལྟ་བོད་པ་མང་ཞིག་གིས«བོད་ཡིག་ཐོག་མའི་འབྱུང་ཁུངས་ལ་དཔྱད་པ»ཞེས་པར་སྲོང་བཙན་ལ་བསྟོད་པས་ཤུགས་ལས་ཡབ་མེས་གོང་མ་རྣམས་སྨ་ཕབ་པར་མ་ཤེས་པའོ། ། ཚིག་ལ་ཁོང་ཁྲོ་སྐྱེས་པའི་བཟོ་ལྟ་ཡོད་ཀྱང«ལེགས་བཤད་མཛོད»ལ་ཞིབ་བལྟ་ཞིག་བྱས་ན། ཚིག་དེ་གཞི་ནས་བོན་པོ་རྣམས་ཀྱིས་རང་གིས་ཡབ་མེས་ལ་སྨ་ཕབ་པར་མ་ཤེས་པའོ། ཞེས་པའི་དོན་མ་བསྒྲིགས་རང་འགྲིག་ཏུ་ཡོད་དེ། བོད་ཡིག་བཟོ་མཁན་དང་སྤེལ་མཁན་གྱི་ཁྲོད་ན་བོད་པ་གཅིག་ཀྱང་མེད་པ་འདིའི་རང་གཞུང་གི་ཁས་ལེན་ཡིན་པས་སོ། ། ཡང་རྒྱ་གར་གྱི་ཡི་གེ་དང་བོད་ཡིག་གཏན་ནས་མི་འདྲ་བའི་ཁུངས་སུ། མ་རྒྱུད་ལས། རྒྱ་བོད་ཡི་གེ་གཏན་ནས་མི་འདྲའོ། ། ཞེས་དང་། དེའི་སྒྲུབ་བྱེད་དུ། སློབ་དཔོན་པད་མས། རྒྱ་གར་ཆོས་རྣམས་བོད་ལ་བསྒྱུར་བའི་ཚེ། ། རྒྱ་གར་ཡི་གེ་བོད་དུ་བསྒྱུར་མ་བཏུབ། ། ཀ་ཁ་སུམ་ཅུ་བོད་ལ་དཔེ་རུ་བླངས། ། ལྷ་ཡི་མཚན་རྣམས་འབྱུང་བའི་སྒྲ་ལས་དྲངས། ། སྔགས་རྣམས་མ་བསྒྱུར་རྒྱ་གར་རང་སོར་བཞག། ཞེས་གསུངས་པ་ལ་ཡིད་རྟོན་པར་བྱའོ། ། ཞེས་གསུངས་འདུག་པས་ཕྱི་མ་འདིའི་དོན་ལ་བསམ་བློ་བཏང་ཚེ། ཀ་ཁ་སུམ་ཅུ་བོད་ལ་དཔེ་རུ་བླངས། ། ཞེས་པ་སོགས་ཀྱི་ཚིག་དོན་ཇི་ལྟར་འགྲེལ་དགོས་པ་མཁས་པ་རྣམས་ལ་ཞུ་མ་དགོས་པས་ཤར་རྫ་རིན་པོ་ཆེས་ཀྱང་དོན་གྱིས་ཐོན་མི་ལ་རྒྱལ་ཁ་བྱིན་ཡོད་པར་མ་ཟད། གོང་དུ་བོད་དབུས་སུ་བོན་རྒྱ་གར་སྐད་དུ་བཀླག་པའི་རྒྱུ་མཚན་ཡང་གསུངས་ཡོད་པས་བོད་དབུས་ལ་ཡི་གེའི་རིགས་མང་པོ་ཞིག་དར་བ་ཤེས་པ་འདྲ། མཚམས་འདིའི་ཡན་ཆོད་ཀྱིས«ཞང་ཞུང་ཤེས་རིག»གི་ཚིག་གི་འདྲ་ཅོག་རྣམས་ལྷང་བུད་ཟིན་པས། རྩོམ་དེའི་ཁྲོད་དུ་བློ་མཐུན་ཁོང་གིས་ཚིག་གི་འབྲུ་སྣོན་མང་པོ་བྱས་མེད་ཙ་ན་དཔྱོད་སྨྲ་བ་རྣམས་ཀྱིས་ཀྱང་གཙོ་བོ་བརྟེན་ཁུངས་རྣམས་ལ་ཞིབ་དཔྱོད་བྱེད་རྒྱུ་ལས་བློ་མཐུན་ཚེ་རིང་ཐར་གྱི་ལྟ་ཚུལ་ལ་ངོ་རྒོལ་བྱེད་རྒྱུ་ཅི་ཡང་མེད་པ་ཞིག་རེད། «ལེགས་བཤད་མཛོད»ཀྱི་ཤོག་ངོས་161པར། བོད་དུ་བོན་པོ་དུས་ནམ་ཞིག་ན་དར་ཚུལ་ཅེས་པའི་ས་བཅད་འདིའི་མན་ད་ཐེངས་བཤད་རྒྱུ་མིན། རྒྱུ་མཚན་ཅིས་ན་སྤྱི་དོན་རྣམས་གོང་དུ་སོང་ཟིན་པས། དེ་ལ་བསམ་བློ་འཁོར་རྗེས་འདི་མན་ཅུང་རྒྱས་པར་ཞིབ་འཇུག་བྱེད་དགོས་ཙ་ན། ཉོག་དྲ་ཆེན་པོ་ཞིག་ལ་ཐུག་ཐུག་འདུག  ཆོས་ཕྱོགས་ནས་བལྟས་ན་སངས་རྒྱས་ཤྰཀྱ་ཐུབ་པ་ནས། རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་ཅུ། བོད་ལ་མཚོན་ན། མཁན་སློབ་ཆོས་གསུམ། སད་མི་བདུན། ལོ་ཙ་བ་རིམ་བྱོན། ཇོ་འབྲོམ་ཡབ་སྲས། མར་མི་དྭགས་གསུམ། ཁུ་རྔོག་འབྲོམ་གསུམ། མཁས་པ་མི་གསུམ། རྗེ་ཡབ་སྲས་བཅས་ཀྱི་རྣམ་ཐར་དང་གསུང་རྩོམ། ཡི་དམ་ཆོས་སྐྱོང་བཅས་ཀྱི་ལྷ་གྲངས་སྒྲུབ་ཐབས་དང་བཅས་པ་དང་། ཐ་ན་སྐུ་བརྙན་ཐང་ཀ་བཅས་ཀྱི་བཟོ་དབྱིབས། བཀའ་གཏེར་གྱི་ལོ་རྒྱུས། རུས་མཛོད་རུ་སྐོར་དང་ཕྱོགས་ཁའི་གཅོད་ལུགས། རྒྱལ་ཕྲན་གྱི་བྱུང་བ་དང་རྒྱལ་བློན་གྱི་སྐྱེ་བརྒྱུད། རིག་པའི་གནས་དང་སྒྲུང་གཏམ། ཆབ་སྲིད་ཀྱི་འགྱུར་ལྡོག་སོགས་བོད་ཡུལ་དུ་གང་བྱུང་ཐམས་ཅད་སྟོན་པ་གཤེན་རབས་ཀྱིས་མིང་གིས་སྨོས་ཏེལུང་མ་བསྟན་པ་གཅིག་ཀྱང་མི་སྲིད་དོ་ཞེས་སྨྲ་རུང་སྟེ། ལེགས་བཤད་མཛོད་ཀྱི་སྨད་ཕྱོགས་ལ་ལྟོས་པས་ཀྱང་གསལ། དེས་ན་ང་ཚོས་ཀྱང་ཞིབ་འཇུག་གི་བྱ་བ་ལེགས་པོ་བྱེད་རྒྱུ་ལས་གོམ་པ་མཆོངས་ལྡིང་རྒྱག་ཉན་ས་ཞིག་གཏན་ནས་མ་རེད་ཨ། རང་མཉམ་གྱི་གཞོན་ནུ་རྣམ་པ། ཁྱོད་ཚོས་ངས་བྲིས་པའི་ཡི་གེ་འདི་ལ་གཟིགས་ཙམ་གྱིས་ཆོག་ཤེས་མི་གནང་བར《ལེགས་བཤད་མཛོད》དང་། དེར་དྲངས་པའི་གཞུང་ཕལ་མོ་ཆེ་ལ་ལྟ་རྟོག་ཞིབ་འཇུག་བྱེད་རྒྱུ་མཁྱེན། ད་ལྟ་དཔེ་ཆ་འཛོམས་པ་ཡིན་པས་རང་རེའི་བོད་ཀྱི་ཤེས་རིག་དེ་གང་འདྲ་ཡིན་པ་ལ་ངས་བལྟས་ན་གྲོས་གཞི་བཞི་འདོན་དགོས་ཏེ། དང་པོ། བོད་དང་བོན་པོ་གཉིས་ཀྱི་རིགས་རུས་ཀྱི་ལོ་རྒྱུས། གཉིས་པ། བོད་ཀྱི་མི་རིགས་བྱུང་བ་ནས་ད་ལྟའི་བར་གྱི་འགྱུར་ལྡོག་དང་བོད་ཀྱི་བར་སྐབས་རེའི་ལོ་རྒྱུས་ཀྱི་དབྱེ་མཚམས། གསུམ་པ། བོན་ཆོས་དང་ནང་བསྟན་གྱི་དབྱེ་བ་དང་། བོད་དུ་བྱུང་བའི་བོན་ཆོས་ཀྱིས་ལས་ཀ་བྱེད་སྟངས། བཞི་པ། ཁྱིམ་མཚེས་རྒྱལ་ཁབ་སོ་སོའི་ལོ་རྒྱུས་དང་འཛམ་གླིང་ལོ་རྒྱུས་ཀྱི་ཁ་ཕྱོགས་བཅས་ལ་ལྟོས་ཏེ་སྤོབས་པ་ཆེར་ བསྐྱེད་བྱེད་རྒྱུ་ལས་སྟོན་པ་ཤྰག་ཐུབ་པ་དང་། སྟོན་པ་གཤེན་རབས་གཉིས་ལ་གུས་པ་རྒྱུ་མཚན་དུ་བྱས་ཏེ་བདེན་ཁ་གཏན་ནས་སྟེར་དགོས་དོན་མེད་ལ། སྔོན་བྱུང་མཁས་པ་རྣམས་ཀྱི་གསུང་ཚད་སྒྲ་ཇི་བཞིན་པར་ཕྱོགས་ཞེན་གྱིས་ཁས་ལེན་དོན་དེ་བས་ཀྱང་མེད་པའི་ཕྱིར། གང་ཚད་དང་ལྡན་ལ་གང་མི་ལྡན་པའི་ལྕི་ཡང་རྒྱུ་མཚན་གྱི་སྲང་ལ་བཏེགས་ཏེ། གཟུར་གནས་རིགས་པ་ཕྲ་མཐོང་མེ་ཤེལ་གྱི་མདུན་ནས་ཐག་བཅད་ན་གནའ་དུས་མེད་པར་གཅོད་ལུགས་མཐར་ཐུག་པར་ཁས་ལེན་པ་ཡིན་ནོ། ། མཐར་མཁས་པ་དགྱེས་ཤིང་མི་རིགས་ལ་ཕན་པའི་ལེགས་བཤད་ཀྱི་སྐྱེས་བཟང་མཚམས་མི་ཆད་པར་འགྲན་བཞིན་གླེང་བའི་སྐལ་བ་གོང་དུ་འཕེལ་བར་སྨོན་འདུན་དང་། ཟིན་ཐོ་འདི་ལ་བརྟེན་པའི་རང་གི་ལྟ་ཚུལ་རྣམས་ཀྱང་མུ་མཐུད་དུ་འབུལ་རྒྱུའི་རེ་བ་བཅས་ཐོགས་མེད་རྩལ་དུ་འབོད་པས་བྲིས་པའོ། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...