སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དེང་རབས་བོད་ཀྱི་ན་གཞོན་རྩོམ་པ་པོའི་རྩོམ་གཤིས་རགས་ཙམ་གླེང་བ།
རྩོམ་པ་པོ། ཀུན་བཟང་རྡོ་རྗེ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-10-16 9:09:00 རྩོམ་ཁུངས། ཁྱུང་སྔོན་རྩོམ་རིག་འཕྲིན་སྟེགས། ཀློག་གྲངས།
 ༄༅།།དེང་རབས་བོད་ཀྱི་ན་གཞོན་རྩོམ་པ་པོའི་རྩོམ་གཤིས་རགས་ཙམ་གླེང་བ།
ཀུན་བཟང་རྡོ་རྗེ། 
ཐོག་མའི་གཏམ།
     རྩོམ་པ་པོ་ཞིག་གི་རྩོམ་གཤིས་ནི་ས་གནས་ཁོར་ཡུག་གིས་ཚོད་འཛིན་དང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་བཞིན་ཡོད་དེ། འཚོ་སྡོད་ཀྱི་ཁོར་ཡུག་མ་འདྲ་བའི་དབང་གིས་རྩོམ་གཤིས་ཀྱི་ཚིག་སྦྱོར་སྤེལ་སྟངས་དང་བརྗོད་བྱའི་ཉམས་འགྱུར་ལའང་ཁྱད་པར་ཆེན་པོ་ཡོད་པ་རེད། རྒྱ་གར་གྱི་རྩོམ་རིག་བཤད་སྐབས་དེ་ལ་ཤར་བའི་ལུགས་དང་ལྷོ་བའི་ལུགས་ཞེས་གཉིས་སུ་དགར་བ་དེ་རྩོམ་གཤིས་ཀྱི་ཁ་དམ་ལྷོད་ལ་སྦྱར་ནས་བཤད་པ་ཡིན་ཏེ། ཤར་དང་ལྷོ་ཞེས་པ་ནི་ས་གནས་ཁོར་ཡུག་གི་ཆ་ནས་རྒྱ་གར་གྱི་ཤར་ཕྱོགས་དང་ལྷོ་ཕྱོགས་ལ་ངོས་འཛིན་དུ་ཐད། ཀྲུང་གོ་ནང་ཁུལ་གྱི་ས་གནས་ཁོར་ཡུག་གི་ཆ་ནས་ཡང་རྩོམ་གཤིས་ལ་ཁ་ཅིག་གིས་རིགས་དུ་མར་དགར་བའི་སྲོལ་འདུག་ཀྱང་གཙོ་བོ་ལྷོ་ཕྱོགས་དང་བྱང་ཕྱོགས་ཀྱི་རྩོམ་གཤིས་ལ་མི་འདྲ་བའི་ཆ་མངོན་གསལ་དོད་འདུག་པར་གསུང་། རང་རེ་བོད་ལ་མཚོན་ན་མཐོ་སྒང་གི་ཡུལ་དུ་གནས་ཡོད་པ་དང་། ནམ་མཁའ་ནི་དྭངས་ཤིང་གཙང་བ། ས་གཞི་ནི་ཡངས་ཤིང་རྒྱ་ཆེ་བ། རི་མཐོ་ས་གཙང་། གངས་རིས་ཕྱོགས་བཞི་ནས་བསྐོར་བའི་ས་དབྱིབས་ཀྱི་བརྗིད་ཉམས་རྣམ་པར་ལྡན་པ་ཞིག་ཡིན་པས། རྩོམ་གཤིས་ལའང་གངས་རི་ལྟ་བུའི་བརྗིད་པའི་ཉམས་དང་རྩྭ་ཐང་ལྟ་བུའི་རབ་ཡངས་ཀྱི་ཉམས། རྫ་ཆུ་ལྟ་བུའི་རབ་གསལ་གྱི་ཉམས་སོགས་ཕུན་སུམ་ཚོགས་པ་ཞིག་ཡོད་པར་གནས། ལྷག་པར་དུ་ནང་བའི་བསྟན་པའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་གངས་ལྗོངས་ས་ཡི་ཐིག་ལེར་བྱོན་པ་ནས་བཟུང་། མིའི་གཤིས་རྒྱུད་ཀྱི་འཛིན་ལུགས་རྣམ་པར་དུད་ཅིང་བྱམས་དང་སྙིང་རྗེ་ཆེན་པོ་ཟེར་བའི་ལྟ་བའི་གོམས་འགྲོས་གཅིག་ཏུ་ཕྱོགས། དེ་ལུགས་ཀྱི་ཁྲོད་དུ་བྱུང་བའི་རྩོམ་འབྲི་བ་དག་གི་རྩོམ་གཤིས་ལའང་དེ་འབྲེལ་གྱི་རྩོམ་གཤིས་ཆགས་ཡོད་པར་འདུག  ནང་བའི་བསྟན་པའི་རིང་ལུགས་ཀྱི་རྩོམ་གཤིས་ནི་ཕལ་ཆེར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནས་མགོ་བརྩམས་ཏེ་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་བར་དུ་རྒྱུན་བསྲིངས་བའི་འཇིག་རྟེན་ལས་འདས་པའི་ཚུལ་ལུགས་གཙོ་བོར་བརྗོད་པའི་རྩོམ་གཤིས་ཡིན་པ་དང་། ལོ་རབས་བརྒྱད་ཅུ་བ་ནས་བཟུང་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་འཚོ་བའི་གོམས་གཤིས་སོགས་ལ་འགྱུར་བ་ཆེན་པོ་བྱུང་ནས། སྐབས་དེའི་སྤྱི་ཚོགས་ཁྲོད་དུ་བྱུང་བའི་རྩོམ་པ་པོའི་རྩོམ་གཤིས་ལའང་འགྱུར་ལྡོག་བྱུང་སྟེ། སྔོན་གྱི་འཇིག་རྟེན་ལས་འདས་པའི་ཚུལ་ལུགས་བརྗོད་པ་ལས་ཕྱིར་འཇིག་རྟེན་པའི་འཚོ་བ་ལ་སྦྱར་བའི་རྩོམ་གཤིས་ཤིག་ཆགས་པར་མགོ་བརྩམས། དེ་ནས་རིམ་བཞིན་དུ་ད་ལ་ཐུག་གི་བར་དུ་སྤྱི་ཚོགས་འཕེལ་རྒྱས་ཀྱི་རླབས་འགྲོས་དགུང་ལ་འཕྱོ་བ་དང་མཉམ་དུ་རིག་གནས་གསར་བ་ཕུན་སུམ་ཚོགས་པ་ཞིག་དམངས་ཀྱི་འཚོ་བའི་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་དར་བ་དང་། ལྷག་པར་དུ་སློབ་གསོ་འཕེལ་རྒྱས་ཀྱི་བྱ་བཞག་ཡར་ངོས་ཟླ་ལྟར་འཕེལ་རྒྱས་བྱུང་སྟེ་བོད་ཁུལ་གྱི་ན་གཞོན་ལོ་ཆུང་མང་པོ་ཞིག་ལ་སློབ་གསོ་མྱོང་བའི་གོ་སྐབས་ཐོབ་ཅིང་། སྐད་ཡིག་སློབ་སྦྱོང་གི་གཤིས་ས་སྣུམ་པོའི་ཁྲོད་དུ་གསར་རྩོམ་གྱི་ལས་ལ་ཐོག་མའི་གོམ་པ་བགྲོད་མཁན་ཡང་ལོ་རབས་བརྒྱད་ཅུའི་སྐབས་སུ་མང་པོ་བྱུང་། ཁོ་ཚོའི་གསར་རྩོམ་གྱི་རྩོམ་གཤིས་ལ་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་འབྲི་བ་དང་། ཕྱུགས་རིགས་དཀར་ནག་གི་གནས་བབ་ཞིབ་བརྗོད། ཆོས་ལུགས་ཆོ་ག་དང་ཡུལ་སྲོལ་གོམས་གཤིས། རང་བྱུང་གི་རྩྭ་རྩི་ཤིང་དང་བྱ་བྱེའུ་འབའ་འབུ་སོགས་ཀྱི་རིགས་དབྱེ་དང་རྣམ་པ་ཇི་བཞིན་མ་ལུས་པར་རྩོམ་གྱི་བརྗོད་བྱར་འདྲེན་ཐུབ་པ་ནི་སྐབས་དེའི་རྩོམ་པ་པོའི་འཚོ་སྡོད་ཀྱི་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ཡོད་པར་གདོན་མི་ཟ་ལ། ཡང་ཅིག་བཤད་ན་དེ་ནི་རྩོམ་པ་པོའི་རྩོམ་གཤིས་གྲུབ་བྱེད་དང་འཚར་ལོངས་འབྱུང་བའི་རྒྱུ་གཙོ་བོ་དེའང་ཡིན། དུས་རབས་ཉེར་གཅིག་པ་ནས་བཟུང་བོད་ཀྱི་གསར་བྱུང་རྩོམ་པ་པོའི་རྩོམ་གཤིས་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད་པ་དང་།  དེ་ནི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་འབྲི་བ་ལ་བྱང་ཆ་མེད་ཅིང་གདོད་མའི་འཚོ་བའི་གོམས་གཤིས་དང་རིང་དུ་གྱེས་ནས། སྤྱི་ཚོགས་གསར་བའི་འཚོ་བའི་རྒྱུ་ཆ་དང་གྲུབ་ཆ་མོད་པའི་གནས་བབ་ཅིག་ཆགས་གིན་འདུག  ལྷག་པར་དུ་སྤྱི་ཚོགས་སློབ་གྲྭའི་ཁྲོད་ཀྱི་གསར་བྱུང་རྩོམ་པ་པོའི་རྩོམ་གཤིས་ལ་ལར་དྲན་གདུང་དང་འགྱོད་པ། རེ་འབོད། སྨོན་པ་སོགས་མངོན་པ་ཤས་ཆེ་ཞིང་།  མདོར་ན། སྐྱོ་ཉམས་རིང་ལུགས་འཛིན་པའི་རྩོམ་གཤིས་ལྷག་པར་མངོན་འདུག་པའི་གནས་བབ་དེ་དག་གཞིར་བཟུང་ནས་དེང་རབས་བོད་ཀྱི་ན་གཞོན་རྩོམ་པ་པོའི་རྩོམ་གཤིས་ཀྱི་ཐད་ནས་ཅུང་ཙམ་གླེང་བར་སྤྲོའོ། །
དང་པོ། རྩོམ་གཤིས་ཀྱི་མཚན་ཉིད།
     རྩོམ་གཤིས་ནི་དུས་སྐབས་རེ་རེའི་སྤྱི་ཚོགས་ཀྱི་གྲུབ་ཚུལ་དང་དེའི་སྟེང་གི་བཀོད་པ། མཚན་ཉིད་རིག་པ་དང་ཀུན་སྤྱོད་དང་མཛེས་རྟོག་རིག་པ་དང་ཆོས་ལུགས་དད་པ་བཅས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་དར་ལུགས་སྣ་ཚོགས་ཀྱིས་རྩོམ་པ་པོ་སོ་སོའི་བསམ་བློ་དང་སྦྱོར་བ། སྒྱུ་རྩལ་གྱི་ལྟ་བ། གསར་རྩོམ་གྱི་ཀུན་སློང་བཅས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པ་ལས་རྩོམ་གཤིས་མི་འདྲ་བ་གྲུབ་པ་དང་། འདི་ལ་ཡང་དག་པར་འཐུས་པའི་མཚན་ཉིད་ཅིག་འཇོག་པ་ལ།    རྩོམ་རིག་གསར་རྩོམ་གྱི་རྣམ་བཤད་ལས“རྩོམ་མཁན་གྱི་འཚོ་བའི་ཉམས་མྱོང་དང་གསར་རྩོམ་གྱི་ལག་ལེན་ཁྲོད་བྱུང་ཞིང་གཏན་ཆགས་ཀྱི་རང་བཞིན་ངེས་ཅན་ཞིག་ལྡན་པའི་གཤིས་ལུགས་དང།  མཛེས་དཔྱོད་ཀྱི་ཕུགས་འདུན། སྒྱུ་རྩལ་གྱི་ནུས་པ་སོགས་ལ་ཟེར།”[1] ཞེས་དང་།   གཞན་ཡང་།   དགེ་འདུན་ཆོས་འཕེལ་གྱིས། “རྩོམ་པའི་ཡོན་ཏན་དངོས་དེ་ནི། རང་གི་སྔ་མའི་བག་ཆགས་དང་རྩོམ་པ་པོའི་གཤིས་ལུགས་ལ་རག་ལས” [2] ཞེས་པའང་གནད་འདི་ལ་ཐུག་ཡོད།  རྩོམ་རིག་གཞུང་ལུགས་གནད་བསྡུས་སུ། “རྩོམ་གཤིས་ནི་སྤྱི་ཚོགས་དང་དུས་རབས་དང་། མི་རིགས་རིག་གནས་དང་། རྩོམ་ལུས་དང་རང་གཤིས་དེ་མིན་མཛེས་རྟོག་གི་ལྟ་བ་ལ་སོགས་པའི་རྒྱུ་དང་རྐྱེན་སྣ་ཚོགས་ལས་གྲུབ་ཞིག་ཡིན།” [3] ཞེས་པའོ། །  རྩོམ་གཤིས་ནི་སྤྱི་ཚོགས་འཚོ་བ་དང་མི་རིགས་རིག་གནས་ཀྱིས་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་མ་ཟད། རྩོམ་པ་པོ་མི་སྒེར་གྱི་གཤིས་རྒྱུད་ལའང་འབྲེལ་བ་དམ་ཟབ་ཡོད་དེ། “རྩོམ་གཤིས་ནི་མི་གཤིས་ཀྱི་རང་བཞིན་རྩོམ་རིག་བསྟན་བཅོས་སུ་མངོན་པའི་སྣང་ཚུལ་ཁྱད་པར་བ་ཞིག་ཡིན།”[4] ཞེས་པ་སྟེ། རྩོམ་པ་པོའི་གཤིས་རྒྱུད་ཀྱི་རིགས་ལ། རང་གཤིས་ཞན་པ་དང་། ཚགས་དམ་པ་དང་། བྱིང་རྒོད་པ་དང་། རྩོལ་ཤུགས་ཅན་དང་། སྐྱོ་སྣང་ཆེ་བ་དང་། རྒྱ་ཆེ་བ་དང་། ཀུན་རྫོབ་ལས་འདས་པ་དང་། གཟབ་རླིང་དུ་གནས་པ་བཅས་རིགས་བརྒྱད་བཀར་བ་འདིའང་རྩོམ་རིག་གསར་རྩོམ་གྱི་རྩོམ་གཤིས་ཀྱི་གྲུབ་ལུགས་དང་ཉེ་བར་གནས་ཡོད་པ་ཞིག་ཡིན། དེ་མིན་རྩོམ་རིག་བསྟན་བཅོས་ཀྱི་རྩོམ་གཤིས་ལ་དུས་རབས་ཀྱི་རང་བཞིན་དང་། མི་རིགས་ཀྱི་རང་བཞིན། སྤྱི་ཚོགས་ཀྱི་རང་བཞིན། རྩོམ་ལུས་ཀྱི་རང་བཞིན་བཅས་ལྡན་པས་རྣམ་དཔྱོད་ཆེ་བའི་རྩོམ་པ་པོ་ཞིག་ཡིན་ཚེ་དེའི་རྩོམ་གཤིས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། དཔེར་ན། རྒྱལ་ཁམས་ཆེན་པོར་འགྲིམ་མྱོང་བའི་རྒྱལ་དབང་ལྔ་བ་དང་དགེ་ཆོས་ཀྱི་རྩོམ་གཤིས་ལྟ་བུ་ནི་ཧ་ཅང་རྒྱ་ཆེ་བའོ། །
གཉིས་པ། ལོ་རབས་གོང་འོག་གི་རྩོམ་པ་པོའི་རྩོམ་གཤིས་གཤིབ་བསྡུར།
     འདིར་བརྗོད་པའི་ལོ་རབས་གོང་མའི་དུས་སྐབས་ཀྱི་རྩོམ་པ་པོ་ཞེས་པ་ནི། ལོ་རབས་བརྒྱད་ཅུའི་དུས་ཀྱི་རྩོམ་པ་པོ་དོན་གྲུབ་རྒྱལ་དང་གཉའ་ཟླ་བ་བློ་གྲོས་སོགས་སྐོར་ཁག་དེ་ལ་ངོས་འཛིན་དུ་ཐད་པར་ལགས་ཏེ། ལོ་རབས་བརྒྱད་ཅུའི་དུས་ཀྱི་རྩོམ་པ་པོ་དང་གཅིག་དགུ་དགུ་བཅུ་ཐམ་པའི་གཡས་གཡོན་གྱི་གསར་བྱུང་རྩོམ་པ་པོའི་རྩོམ་གཤིས་ལ་འདྲ་བའི་ཆ་དང་མི་འདྲ་བའི་ཆ་ཅུང་མངོན་གསལ་ཡོད་པ་དེ་ཅུང་ཙམ་གླེང་བར་ངལ་ན་འདི་ལྟ་སྟེ།
གཅིག འདྲ་བའི་རྩོམ་གཤིས།
     ལོ་རབས་གོང་འོག་གི་རྩོམ་པ་པོ་ཡོངས་ཁྱབ་ལ་སྤྱི་མཚན་གྱི་རྩོམ་གཤིས་ཤིག་ཡོད་པ་ནི། སྐད་ཆེན་པོའི་ངང་མི་རིགས་དང་མི་རིགས་ཞེས་རྩོམ་གྱི་བརྗོད་བྱར་དྲངས་ཏེ་མཚོན་ཐབས་སྣ་ཚོགས་སྤྱད་ནས་འུད་ཆེན་པོས་སྒྲོག་པ་དེ་ཡིན་པ་དང་། དེ་ནི་རེ་བཞག་གི་འདུན་པ་དང་དྲན་གདུང་གི་སྐྱོ་ཉམས་ཀྱི་རྩོམ་གཤིས་གཅིག་མཚུངས་སུ་གྲུབ་འདུག   དཔེར་ན། དོན་གྲུབ་རྒྱལ་གྱི“ལང་ཚོའི་རྦབ་ཆུ”དང“འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག”ཅེས་པ་ལྟ་བུ་ལས། མི་རིགས་ཀྱི་རྗེས་ལུས་ལ་སེམས་ཁུར་ལྕི་ཞིང་ན་ཟུག་ཆེ་བ། རིག་གནས་དང་ཚན་རིག་གསར་དར་གྱི་འཕེལ་རྒྱས་ལ་རེ་བ་ཆེན་པོ་བཅིངས་པ་མཚོན་ཡོད། ལོ་རབས་བརྒྱད་ཅུའི་དུས་སྐབས་ཀྱི་བོད་ལ་མཚོན་ན་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ལ་འཁེལ་ཡོད་པས། དུས་སྐབས་དེར་བྱུང་བའི་བོད་ཀྱི་ན་གཞོན་ཤེས་ལྡན་པ་ཞིག་ལ་མཚོན་ན་མི་རིགས་ཀྱི་འདུ་ཤེས་དྲག་པོ་ལྡན་པ་དང་། རྨོངས་མུན་ལས་སད་རྟོགས་བྱུང་དགོས་པའི་འབོད་བརྡ་ཡང་ཡང་གཏོང་འདོད་ཀྱི་འདུན་པ་དྲག་པོ་ལྡན་པ་གསར་རྩོམ་གྱི་རྣམ་པར་བརྒྱུད་ནས་མཚོན་ཀྱིན་ཡོད། དུས་སྐབས་དེའི་རྩོམ་པ་པོ་ཕལ་ཆེ་ཤས་ལ་རེ་བ་དང་ཡིད་ཆེས་དང་། དྲན་གདུང་ལྟ་བུའི་རྩོམ་གཤིས་ཡོད། དཔེར་ན། སྒྱུ་རྩལ་པ་སྨན་བླ་སྐྱབས་ཀྱི་ལང་ཚོའི་མཆོད་པ་དང་རྒན་དཔའ་རྩེའི་གནའ་བོའི་ཅོང་རྙིང་། འབྲོང་གི་ཆུང་མ་གཉིད་ཟིན་ངས་ད་དུང་སྙན་ངག་འབྲི་བཞིན་ཡོད་ལྟ་བུ། དེ་བཞིན་དུ་ལོ་རབས་འོག་མའི་གསར་བྱུང་གི་རྩོམ་པ་པོ་དག་ལ་མཚོན་ན་སྔར་བཞིན་མི་རིགས་ཀྱི་འཕེལ་རྒྱས་དང་དར་རྒུད་ལ་རེ་བ་དང་སེམས་ཁུར་བྱེད་པའི་རེ་འདུན་གྱི་སེམས་གཤིས་མཚོན་པའི་རྩོམ་གཤིས་ལྡན་པའོ། །
གཉིས། མི་འདྲ་བའི་རྩོམ་གཤིས།
     ལོ་རབས་གོང་འོག་གི་རྩོམ་པ་པོའི་རྩོམ་གཤིས་མི་འདྲ་བའི་རྒྱུ་མཚན་གཙོ་བོ་ནི། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྱུར་བ་ལས་བྱུང་བར་འདོད་པ་ནི་འཁྲུལ་མེད་ཅིག་ཡིན། མིའི་རིགས་ཀྱི་སྲིད་འབྱོར་རིག་གསུམ་གྱི་འཕེལ་འགྱུར་ལས་མི་དང་མིའི་འཚོ་བར་འགྱུར་བ་གཏོང་བ་ནི་ཆོས་ཉིད་ཅིག་ཡིན་པ་དང་། ཁོར་ཡུག་དང་རིག་གནས་ཀྱིས་མིའི་རང་གཤིས་དང་རིན་ཐང་གི་ལྟ་བར་འགྱུར་བ་གཏོང་བའི་ནུས་པ་ལྡན་པ་རེད། དེའི་རྒྱུ་མཚན་ནི། མི་གཙོར་གྱུར་བའི་སྲོག་ཆགས་ཐམས་ཅད་ནི་ཁོར་ཡུག་དང་རིག་གནས་ལ་བརྟེན་ནས་འཚོ་བས་ཡིན་ལ། དེ་བཞིན་དུ་རྩོམ་པ་པོའི་རྩོམ་གཤིས་ནི་ལྷག་པར་དུ་ཁོར་ཡུག་དང་རིག་གནས་ཀྱིས་ཐད་ཀར་ཤུགས་རྐྱེན་ཐེབས་བཞིན་འདུག   དགུ་བཅུ་ཐམ་པའི་གཡས་གཡོན་གྱི་དུས་ནང་སྐྱེས་པའི་བོད་ཀྱི་ན་གཞོན་རྩོམ་པ་པོ་ནི། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་དང་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཕེལ་རྒྱས་མཐོ་རླབས་སུ་འཕྱུར་བའི་དུས་སྐབས་སུ་སྐྱེས་པ་ཡིན་ཕྱིན། སྤྱི་ཚོགས་སློབ་གྲྭའི་འཚོ་བར་སྡོད་པའི་དུས་ཚོད་རིང་ཞིང་ཕ་ཡུལ་གྱི་ཡུལ་སྲོལ་དང་མཉམ་གནས་ཀྱི་དུས་ཚོད་ཉུང་བ། དེ་མིན་སློབ་གྲྭའི་བསླབ་ཚན་གྱི་རིག་གནས་ནི་སྔོན་ཆད་ཀྱི་བསླབ་པ་སློབ་གཉེར་དང་བསྡུར་ན་ཤེས་བྱ་སྣ་མང་ཅན་ལ་ཕྱོགས་ཤིང་། སྣ་རྐྱང་གི་སྒོ་ནས་བསླབ་ཏེ་བྱང་ཆུབ་པར་བྱ་བའི་སློབ་གསོའི་རྣམ་པ་འགྱུར་ཡོད་པ་མ་ཟད། འཚོ་བའི་གོམས་གཤིས་ལ་འགྱུར་བ་ཆེན་པོ་བྱུང་ཡོད་པའི་དུས་ཚོད་ནང་བྱུང་བའི་ན་གཞོན་རྩོམ་པ་པོ་ནི་ལོ་རབས་གོང་མའི་རྩོམ་པ་པོ་དང་བསྡུར་ན་ཁྱད་པར་དང་བར་ཆད་ཆེན་པོ་གནས་འདུག་སྟེ། དེ་ནི་གསར་རྩོམ་གྱི་ཀུན་སློང་དང་བློས་བསླངས། འདུ་ཤེས། ཚིག་སྦྱོར་སྤེལ་སྟངས་སོགས་མདོར་ན་རྩོམ་གཤིས་ལ་འགྱུར་བ་ཆེན་པོ་བྱུང་འདུག   དེ་མ་ཟད་གསར་རྩོམ་གྱི་ལས་ལ་ཐོག་མར་འཇུག་དུས་ཀྱི་རྨང་གཞིའང་ལོ་རབས་གོང་མ་དང་བསྡུར་ན་ཁྱད་པར་ཡོད་དེ། ལོ་རབས་གོང་མའི་རྩོམ་པ་པོའི་ཚོགས་ལ་མཚོན་ན་སྐད་ཡིག་གི་རྨང་གཞི་ངེས་ཅན་དང་དཔེ་ཀློག་གི་མྱོང་རྟོགས་ཡང་ངེས་ཅན་ཞིག་ཡོད་པ་གཞིར་འབྲེལ་ཏེ་གསར་རྩོམ་གྱི་གཤིན་སར་སྤུས་དག་གི་ས་བོན་འདེབས་ཤིང་། དེ་ལ་རེ་བའི་མྱུ་གུ་འཁྲུངས་པའང་གྲངས་མེད་ཅིག་འདུག   ཡིན་ཡང་ལོ་རབས་འོག་མའི་ད་ལྟའི་དུས་སྐབས་ནང་གི་གསར་རྩོམ་གྱི་ལས་ལ་འཇུག་མཁན་དག་ནི།   སྐད་ཡིག་གི་རྨང་གཞི་མི་བརྟན་ཅིང་དཔེ་ཀློག་གི་མྱོང་རྟོགས་དམའ་བ། ཡུལ་ཁམས་རིག་གནས་ཀྱི་ཤེས་བྱའི་ཆུ་ཚད་དམའ་བ། མདོར་ན་མི་རིགས་རིག་གནས་ཀྱི་ལྟ་རྒྱ་དང་ཐོས་རྒྱ་དོག་པོར་གྲུབ་འདུག་པ་ཞིག་ཡིན་པས་གསར་རྩོམ་གྱི་འབྲས་བུ་ཉུང་བ་མ་ཟད་རྩོམ་གཤིས་ཀྱི་རང་བཞིན་དང་ངོ་བོ་ལའང་སྙན་ངག་གི་བརྗིད་ཉམས་ཆུང་ཞིང་། བརྗོད་དོན་གྱི་ཁྱབ་རྒྱ་གུ་དོག་པ་ཞིག་ཡིན་པ་ནི་དེང་རབས་བོད་ཀྱི་སྤྱི་ཚོགས་སློབ་གྲྭའི་ན་གཞོན་རྩོམ་པ་པོའི་གསར་རྩོམ་གྱི་གནས་བབ་དང་གསར་རྩོམ་གྱི་འབྲས་བུ་ལས་མཐོང་བའི་གནས་སྟངས་ཤིག་ཡིན། འོན་ཀྱང་དེང་རབས་བོད་ཀྱི་ན་གཞོན་རྩོམ་པ་པོ་ནི་ལོ་རབས་གོང་མའི་རྩོམ་པ་པོ་དང་བསྡུར་ན་ལེགས་པའི་ཆ་ཞིག་ཡོད་པ་ནི། རྩོམ་རིག་གཞུང་ལུགས་ཀྱི་ཤེས་བྱར་སློབ་སྦྱོང་བྱེད་ཅིང་རྨང་གཞི་ངེས་ཅན་ཞིག་ཡོད་པ་དེ་ཡིན། མདོར་ན་ལོ་རབས་གོང་འོག་གི་རྩོམ་པ་པོའི་གསར་རྩོམ་གྱི་ཁྱད་པར་གཙོ་བོ་ནི་རིག་གནས་གསར་རྙིང་གཉིས་ཀྱི་གདོང་ཐུག་ལས་གྲུབ་ཏེ་རྩོམ་པ་པོའི་གསར་རྩོམ་གྱི་རྩོམ་གཤིས་ལ་ཤུགས་རྐྱེན་ཐེབས་པའོ། །
གསུམ་པ།  དེང་རབས་བོད་ཀྱི་ན་གཞོན་རྩོམ་པ་པོའི་རྩོམ་གཤིས་ཐད་ཀྱི་བསམ་གཞིགས།
     སྤྱིར་རྩོམ་རིག་ནི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་མཐའ་དག་མཚོན་པར་བྱེད་པའི་སྐད་ཆ་ཞིག་ཡིན་པ་དང་། དེ་ལས་སྒྲ་དོག་འཇུག་གི་རྩོམ་རིག་གིས་རང་བྱུང་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ཅི་རིགས་ཇི་བཞིན་དུ་མཚོན་པར་བྱེད་པ་མ་ཡིན་པར་དེ་ཉིད་རྩོམ་པ་པོ་གང་རུང་གིས་བསམ་གཞིག་གི་ཉིང་བཅུད་གཅིག་ཏུ་བསྡུས་ཤིང་། འཆར་ཡན་དང་སྒྱུ་རྩལ་གྱི་རྟོག་བཏགས་སྣ་ཚོགས་ཀྱི་སྒོ་ནས་སྤྱི་ཚོགས་འཚོ་བའི་སྣང་ཚུལ་གབ་སྦས་ཀྱིས་མཚོན་པར་བྱེད་པ་ཡིན་པས། ཕྱོགས་གཅིག་ནས་རྩོམ་རིག་ནི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སློང་བྱེད་པའི་ལག་ཆ་ལྟ་བུ་ཞིག་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་རྩོམ་རིག་ནི་སྤྱི་ཚོགས་ཀྱི་རྣམ་པ་མ་ལུས་གཅིག་སྡུད་ཀྱིས་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་མཐོང་ཐུབ་པས་ཆ་ནས། མི་རིགས་ཤིག་ལ་རྩོམ་པ་པོ་ཅི་ཙམ་ཡོད་པའི་གནས་སྟངས་ཀྱིས་མི་རིགས་དེ་ཡི་འཕེལ་རྒྱས་ཀྱི་གནས་ཚུལ་གསལ་བོར་རྟོགས་ཐུབ། དེ་དང་འབྲེལ་ཏེ་རྩོམ་པ་པོ་ཞིག་གི་ལས་སུ་བགྱི་མཁན་ཞིག་ཡིན་ཚེ། གང་བྱུང་གི་ཚོར་བའི་སྤུ་ལོང་འགུལ་བ་ཙམ་ལས་ཚིག་ལོག་རྡོ་ཆག་བསྒྲིགས་པ་ལྟ་བུའི་དབང་དུ་མི་འཇུག་པར་སྤྱི་ཚོགས་འཚོ་བའི་འཁོར་བ་མ་ལུས་མཐོང་ཐོས་སུ་རེག་ཅིང་རིག་པའི་སྦྱངས་སྟོབས་སོགས་འཛོམས་པར་གྱུར་ན། ད་གཟོད་རང་གཤིས་ཀྱི་ལྟ་བ་དང་བསམ་གཞིག་གི་སྣེ་ཁྲིད་འོག་འགན་འཁྲི་དང་འདུ་ཤེས་ཡོད་པའི་སྒོ་ནས་གསར་རྩོམ་གྱི་ཞིང་ཁམས་སུ་འགྲིམ་ན། གཞན་དང་ཐུན་མོང་མ་ཡིན་པའི་རང་སྟོབས་ཀྱི་རྩོམ་གཤིས་རྣལ་མ་ཞིག་འཁྲུངས་པར་འབྱུང་བས། རྩོམ་གཤིས་ནི་རྩོམ་པ་པོ་ཞིག་གི་བརྩམས་ཆོས་ཀྱི་མིག་ལྟ་བུ་ཡིན་ལ། རྩོམ་གཤིས་ཀྱི་ངོ་བོ་ལས་རྩོམ་པ་པོའི་གསར་རྩོམ་གྱི་ཀུན་སློང་ལ་རྒྱུས་ལོན་བྱེད་པ་ཐུབ། དེ་མིན་ས་ཕྱོགས་དང་འཚོ་སྡོད་ཀྱི་ཁོར་ཡུག་ཇི་ལྟ་བུ་ཞིག་ཡིན་པའང་རྒྱུས་ལོན་བྱེད་པར་ངེས།  
     དེང་རབས་བོད་ཀྱི་ན་གཞོན་རྩོམ་པ་པོའི་རྩོམ་གཤིས་ནི་རིག་གནས་གསར་རྙིང་གཉིས་ཀྱི་བར་བརྒལ་དུ་གནས་ཡོད་པའི་ཆ་ནས། སྤྱིའི་ཆ་ནས་ལོ་རབས་གོང་མའི་རྩོམ་པ་པོའི་རྩོམ་གཤིས་དང་བསྡུར་ན་འགན་འཁྲིའི་འདུ་ཤེས་ཞན་ཅིང་གྲགས་འདོད་དང་ཐོབ་འདོད་ཀྱི་དམིགས་ཡུལ་ཞིག་ལྐོག་ཏུ་སྦས་ཡོད་པར་སྣང་། དེ་མིན་རང་གཤིས་ཀྱི་རང་བཞིན་གང་ཞིག་མཚོན་པར་བྱེད་པའི་བརྗོད་བྱ་རྗོད་བྱེད་ཀྱི་ཚིག་དོན་སྤེལ་ཚུལ་ལ་བབ་ཆགས་ཀྱི་རང་བཞིན་དཀོན་པ་དང་། བརྗོད་བདེ་གསལ་དག་གི་ཁྱད་ཆོས་ཀྱང་གསལ་ལ་མི་གསལ་བ་ཞིག་ཏུ་སྣང་བས། རྩོམ་གཤིས་རྣལ་མ་ཞིག་འཁྱོངས་པར་བྱེད་པ་ལ་ད་དུང་དུས་ཡུན་ག་ཚོད་ཅིག་དགོས་པ་ཐེ་ཚོམ་གྱི་གནས་སུ་མཆིས།  ལོ་རབས་གོང་མའི་རྩོམ་པ་པོ་དག་གི་རྩོམ་གཤིས་ནི་འཇམ་མཉེན་སྡེབ་འཕྲོད་ཀྱི་ཁྱད་ཆོས་ལྷག་པར་ལྡན་ཏེ། དེའི་རྒྱུ་མཚན་ནི། སྔོན་བྱོན་མཁས་པ་རྣམས་ཀྱི་གསུང་རྩོམ་མང་པོ་བཀླགས་མྱོང་བའི་རིག་སྟོབས་ཡིན་ལ། སྔོན་བྱུན་མཁས་པས་བརྩམས་པའི་སྲོལ་རྒྱུན་གྱི་བརྩམས་ཆོས་ལས་དཔེ་ཀློག་གི་མྱོང་རྟོགས་ངེས་ཅན་ཞིག་མ་འཕེལ་ན། གསར་རྩོམ་གྱི་ལམ་དུ་ཞུགས་ནས་སྙན་ངག་འབྲི་འདོད་པ་ནི་རི་བོང་གི་རྭ་དང་རུས་སྦལ་གྱི་སྤུ་ལྟ་བུར་སྣང་། རྒྱུ་མཚན་ནི། མི་རིགས་ཤིག་གི་སྐད་ཡིག་གི་འཕེལ་རིམ་ནི་རྒྱུད་འབྲེལ་གྱི་རྣམ་པ་ལས་བྱུང་ཞིང་རྟེན་འབྱུང་གི་ཚུལ་དུ་གནས་ཡོད་པས་ཡིན། ལོ་རབས་གོང་མའི་རྩོམ་པ་པོ་དོན་གྲུབ་རྒྱལ་དང་གཉའ་ཟླ་བ་བློ་གྲོས། ལྗང་བུ་དང་འཇུ་སྐལ་བཟང་ལྟ་བུའི་སྙན་ངག་པའི་ཚོགས་ཀྱིས་ཀྱང་སྲོལ་རྒྱུན་གྱི་མཁས་པའི་བསྟན་བཅོས་མང་པོ་བཀླགས་པའི་རིག་སྟོབས་ལས་ད་གཟོད་གསར་རྩོམ་གྱི་ལས་སུ་བགྱི་བ་ཞིག་ཡིན་པ་ལས་རང་ཉིད་ཀྱི་ཚོར་བ་ཟ་ཟི་ཙམ་ལ་བརྟེན་ནས་འཇུག་པ་ཞིག་ག་ལ་ཡིན།
གཏམ་གྱི་མཇུག་མ།
     མདོར་ན། དེང་རབས་བོད་ཀྱི་གཞོན་རྩོམ་པ་པོ་ཞིག་ཡིན་ཚེ། ཐོག་མར་སྲོལ་རྒྱུན་གྱི་མཁས་པའི་བསྟན་བཅོས་གྲགས་ཅན་དག་ལ་མ་མཐའ་ཡང་ཐེངས་གཅིག་འཇལ་དགོས་པ་དང་། དེ་མིན་ནང་ཆོས་ཀྱི་རྒྱུན་ཤེས་དང་ཆོས་འབྱུང་གི་ལྟ་གྲུབ་སྣ་ཚོགས་ལའང་ཆ་རྒྱུས་ཡོད་དགོས་པར་འདོད། དུས་རབས་གསར་བའི་ཚ་རླབས་ཤུགས་ཀྱིས་འཕྱུར་ཡང་འཚོ་བའི་ལྟ་སྤྱོད་ཀྱི་གནས་སྟངས་ལ་དགག་རྒྱག་དང་སྙིགས་དོར་གསར་ལེན་བྱེད་པ་ནི་ངེས་པར་མཁོ་བའི་ལྟ་སྤྱོད་ཅིག་ཡིན།  ཡིན་ཡང་སྐད་ཡིག་རྩོམ་རིག་གི་སློབ་སྦྱོང་ལ་སྔར་ལས་ཤུགས་སྣོན་བྱེད་པ་ལས་སྔོན་བྱོན་མཁས་པའི་བསྟན་བཅོས་ལ་རིག་གནས་རྙིང་བ་ལྟ་བུར་དགག་རྒྱག་གི་ལྟ་བ་བཟུང་ན་རྩ་བ་ནོར་འདུག་པས། ང་ཚོས་ངེས་པར་དུ་སྔོན་བྱོན་མཁས་པའི་བསྟན་བཅོས་དང་ལུགས་སྲོལ་རྨང་གཞིར་བཟུང་སྟེ་དེང་རབས་ཀྱི་རིག་གཞུང་གསར་བའི་བག་མ་བསུ་བར་བྱའོ། །
ཟུར་ལྟའི་ཡིག་ཆ།
① ② རིན་ཆེན་བཀྲ་ཤིས།  བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་རྣམ་བཤད། [M]   མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང།   1998ལོ།   ཤོག་ངོས 126     ཤོག་ངོས 127    
② ④ རྡོ་རྗེ་རིན་ཆེན།  རྩོམ་རིག་གཞུང་ལུགས་གནད་བསྡུས།  [M]   མི་རིགས་དཔེ་སྐྲུན་ཁང།   1998ལོ།    ཤོག་ངོས 447    ཤོག་ངོས 462

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...