སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཞང་ཞུང་གི་ཡུལ་ཁམས་ལ་དཔྱད་པ།
རྩོམ་པ་པོ། གཡུང་དྲུང་སྐྱབས། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-10-28 9:14:00 རྩོམ་ཁུངས། ཀྲུང་གོའི་བོད་རིག་པ། ཀློག་གྲངས།
      ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་ཞང་ཞུང་ཞེས་པའི་མིང་གི་གོ་བ་དང་། ཞང་ཞུང་སྒོ་ཕུག་བར་གསུམ། ཞང་ཞུང་སྒོ་བའི་སྒོ་ཕུག་བར་གསུམ་ལ་སོགས་པའི་ཁྱབ་ཁུངས་བཅས་པ་རྒྱ་བོད་ཡིག་ཆ་ཁུངས་བཙུན་མང་པོ་གཞིར་བྱས་ཏེ་དཔྱད་ཞིབ་བྱས་ཡོད།
      བརྡ་ཆད་གཙོ་བོ། ཞང་ཞུང་། ཞང་ཞུང་གི་ཡུལ་ཁམས། ཞང་ཞུང་སྒོ་ཕུག་བར་གསུམ།
      ཀྲུང་གོའི་དཔེ་དེབ་དབྱེ་རྟགས། K281
      ཡིག་ཚང་མཚན་བྱང་། A
      རྩོམ་གྱི་གོ་རིམ་ཨང་སྒྲིག 1002-9060-2017-01-0049-16
གླེང་གཞི།
      ཞང་ཞུང་ནི་བོད་མི་རང་ག་བ་ཚོས་རང་ཉིད་ཀྱི་ཤེས་རབ་དང་བློ་གྲོས། དཀའ་སྤྱད་འབད་བརྩོན་བཅས་ལ་བརྟེན་ནས། རང་ས་རང་ཡུལ་ནས་གསར་གཏོད་བྱས་པའི་རང་མི་རིགས་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་ཤེས་རིག་སྟེ། བོན་ནམ་ཞང་ཞུང་རིག་གནས་ཀྱི་ཐོག་མའི་དར་ཁུངས་སུ་སྣང་བས། ཞང་ཞུང་ཞེས་པ་འདི་ཧ་ཅང་གི་མིང་རྙིང་གྲས་དང་ལོ་རྒྱུས་ཀྱི་ཡུན་ཤིན་ཏུ་རིང་བའི་སྲིད་འཛིན་གྱི་མངའ་ཁོངས་རྙིང་གྲས། བོད་ཀྱི་ཤེས་རིག་གི་མཆེད་ཁུངས་རྙིང་གྲས་དེ་ཡིན་ལ། དེང་སྐབས་འཛམ་གླིང་སྒང་གི་རིག་གཞུང་སྨྲ་བའི་ཁྲོད་དུའང་གངས་ཏི་སེ་ལྟེ་བ་བྱས་པའི་ཞང་ཞུང་གི་ཡུལ་འདི། མིའི་རིགས་ཀྱི་རིག་གནས་ཀྱི་མཆེད་ཁུངས་སུ་སྣང་མཁན་དང་དེའི་ཐད་ཀྱི་དཔྱད་རྩོམ་སྤེལ་མཁན་ཡང་བྱུང་གི་ཡོད་པ་རེད། འོན་ཏེ། གྲུབ་མཐའི་ཕྱོགས་རིས་སུ་མཆེད་པའི་ལྟ་བ་ཐན་འཁྱེར་བའི་དབང་གིས་ངེད་ཅག་སྒང་བ་བོད་པ་རྣམས་ཀྱི་ཁྲོད་དུ། བོན་གྱི་མཁས་པ་རྣམས་ཀྱིས་མཛད་པའི་བོན་གྱི་ཡིག་རྙིང་ཁག་གི་ནང་དུ་ཞང་ཞུང་གི་ཡུལ་ཁོངས་དང་ཞང་ཞུང་གི་ཤེས་རིག ཞང་ཞུང་རྒྱལ་རབས་སྐོར་གྱི་ལོ་རྒྱུས་དཔྱད་ཡིག་མང་དུ་མཆིས་པ་ལས། བན་གྱི་མཁས་པས་མཛད་པའི་གསུང་རྩོམ་རྙིང་གྲས་ཁག་གི་ནང་དུ་ཞང་ཞུང་གི་ལོ་རྒྱུས་དང་ཤེས་རིག་སྐོར་གྱི་དཔྱད་ཡིག་རིགས་དཀོན་པར་མངོན།
      སྤྱིར་རང་རེའི་བོད་གངས་ཅན་པ་འདི་གནའ་སྔ་མོའི་དུས་ནས་ཞང་ཞུང་ཤེས་རིག་དང་ལོ་རྒྱུས་ཀྱིས་གཙོས་པའི་དཔལ་ཡོན་གཉིས་ལྡན་གྱི་ཕུལ་བྱུང་གི་མི་རིགས་ཤིག་ཡིན་པ་ཡིག་ཚགས་རྙིང་གྲས་དང་། གནའ་ཤུལ་དང་གནའ་རྫས་དཔྱད་ཞིབ་རིག་པ་སོགས་ཚན་རིག་གི་གནས་ལུགས་དུ་མའི་སྒོ་ནས་བདེན་དཔང་བྱས་ཡོད་དོ།།
      འདིར་བདག་གིས་ལོ་རྒྱུས་ལ་བཟོ་བཅོས་རྒྱག་མི་འོས་ཤིང་ལོ་རྒྱུས་ལ་ཅིས་ཀྱང་འགན་འཁུར་དགོས་ཞེས་པའི་བདེན་ཚིག་དེར་རབ་ཏུ་དད་བཞིན། བན་བོན་གཉིས་ཀའི་ཡིག་ཆ་རྙིང་གྲས་ཁུངས་བཙུན་པ་དང་། དེ་མིན་རྒྱ་སོགས་མི་རིགས་གཞན་པའི་ཡིག་ཆ་གཙོ་གྲས་དག་ལ་གཞི་བཅོལ་ནས། ཞང་ཞུང་ཞེས་པའི་མིང་དེ་བྱུང་བའི་ཐོག་མའི་དུས་རིམ་ནས་བོད་སིལ་བུའི་བར་གྱི་ཞང་ཞུང་གི་ཡུལ་ཁམས་ཏེ། ཞང་ཞུང་ཤེས་རིག་གིས་མངའ་བསྒྱུར་བའི་ཞང་ཞུང་སྒོ་ཕུག་བར་གསུམ་དང་། ཞང་ཞུང་གི་ཆབ་དཔལ་རིག་གསུམ་གྱིས་མངའ་བསྒྱུར་བའི་ཞང་ཞུང་སྒོ་བའི་སྒོ་ཕུག་བར་གསུམ་གྱི་ཡུལ་སྤྱི་དང་སྒོ་སོ་སོའི་ཆབ་དཔལ་རིག་གསུམ་གྱི་ཡུལ་གྱི་ལྟེ་བ། དུས་རབས་སོ་སོའི་ནང་གི་ཞང་ཞུང་གི་འཁོབ་མཐའ། གནས་དེར་འཁོད་པའི་ས་མིང་ཆུ་མིང་། གངས་རི་མཚོ་གསུམ། གཞན་ཞང་ཞུང་གི་ཡུལ་སྡེ་ཆེན་པོ་དང་ཡུལ་ཕྲན་སོགས་ཀྱི་སྐོར་ལ་རིས་སུ་མཆེད་པའི་ཐན་འཁྱེར་གྱི་ལྟ་བ་ངན་པ་ཡོངས་སུ་སྤངས་ཏེ། རང་ནུས་ཅི་ལྕོགས་ཀྱིས་ཞིབ་འཇུག་དང་སྐྱ་ཐིག་འཕེན་ཅི་ཐུབ་ལ་འབུངས་བར་བྱ་བ་ལ།
དང་པོ། ཞང་ཞུང་གི་ཡུལ་ཁམས་སྤྱི་བཤད།
      སྤྱིར་ཞང་ཞུང་ཞེས་པ་ནི་ཡུལ་ཁམས་ཞིག་ལ་ངོས་འཛིན་མོད། ཟུར་དུ་གནས་དེར་ས་སྐྱེས་རྡོ་སྐྱེས་བྱས་པའི་རིག་གནས་དང་ཡུལ་དེར་འཁོད་པའི་མི། ཞང་ཞུང་རྒྱལ་རབས་སོགས་ལའང་ངོས་འཛིན་གནང་གི་ཡོད་པ་རེད། ཞང་ཞུང་ཞེས་པའི་མིང་དེར་རྒྱ་ཡིག་གི་སྟེང་ནས་ ( 羊同,杨童 ) ཞེས་པའི་འབྲི་ཚུལ་གཉིས་ཡོད། ཞང་ཞུང་ཞེས་པའི་མིང་འདིའི་གདོད་མའི་འབྱུང་ཁུངས་དང་གོ་དོན་གྱི་ཐད་ལ་བོན་གྱི་ཡིག་ཆ་རྙིང་གྲས་རྣམས་སུ་ལྟ་ཚུལ་མ་མཐུན་པ་འགའ་རེ་མཆིས་ཏེ། 《ཁྱུང་ཕོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་》ལས། ① “ཚེ་ལོ་བརྒྱ་པའི་གཤེན་རབ་འདུལ་བའི་སྐབས་ལ་བབ་པའི་དུས་འདིར། དམུ་རིགས་དབྲ་ལས་སྤྲུལ་པའི་ཁྱུང་ཆེན་ཡང་། ཞང་བོད་དུ་བསྟན་པ་སྤེལ་བའི་དུས་ལ་བབས་པས། ནགས་ཚལ་གྱི་གླིང་དུ་དགོངས་པ་རྫོགས་ཀྱང་། ཟགས་མེད་ཤེས་རབ་ཀྱི་དགོངས་པ་རྫོགས་ཀྱང་། ཟགས་བཅས་སྤྲུལ་པའི་བྱ་ཁྱུང་སྐུ་རུ་མངོན་པར་བཞེངས་ནས། སྐུ་ལུས་ཕྲུག་ཕྲུག་ལན་གསུམ་སྤྲུག་པའི། རི་འདར་བ་དང་རྒྱ་མཚོ་འཆོལ་བ་དང་། རྩི་ཤིང་རྣམས་ཀྱང་ཤིག་ཤིག་འགུལ་ནས། བར་སྣང་གི་ཁམས་སུ་འཕུར་ཏེ་ཀུན་དུ་འཁོར་འཁོར་ལྡིང་ལྡིང་ནས། ཞང་ཞུང་ཁ་ཡུག་མེ་ཏོག་མཛེས་པའི་གླིང་དུ་དར་ཅིག་བབས། ་་་་་་་་དེ་ཉིད་ཀྱིས་སྐུའི་སྤྲུལ་བ་འགྱེད་པ། ཁྱུང་ལུང་དངུལ་མཁར་གཙོས་པའི་རིན་པོ་ཆེ་རྫོང་བརྒྱད་ལ་སོགས་པ་ཤུགས་ཀྱིས་གྲུབ། བབ་པའི་ལུང་པ་དེ་ལ་ཡང་ཁྱུང་ལུང་དུ་མིང་བདོག་པ་”ཞེས་དང་། 《ཁྱུང་རབས་གཡུ་མགོ་མ་》ལས། ②“ཞུང་ཞག་ཞེས་བྱ་བ། བོད་སྐད་དུ་ཁྱུང་པོ་ཞེས་བྱ་བར་(བ་) རུ་གྲགས”ཞེས་དང་། 《ཞང་ཞུང་གི་མིང་ཚིག་དང་བོན་གྱི་ཐ་སྙད་》ལས། ③ “ཞང་།  གདུང་དང་རུས་ཤིག ཡུལ་ལམ་ལུང་བ།” ཞེས་པ།《འབེལ་གཏམ་ལུང་གི་སྙིང་པོ་》ལས། ④“ཞང་ཞུང་ཞེས་པའི་མིང་འདི་ཡང་ཞང་ཞུང་གི་སྐད་དུ་ཁྱུང་ལ་ཞུང་ཞེས་བརྗོད་ཅིང་། དེ་བོད་སྐད་དུ་བསྒྱུར་ན་ཁྱུང་ཞེས་འབྱུང་བས་ཁྱུང་གི་ལུང་པའམ། ཁྱུང་པོའི་ལུང་པ་ཞེས་བརྗོད་པ་ཡིན་པར་བཤད་”ཅེས་གསལ་བོར་བཀོད་པས། ཞང་ཞུང་ཞེས་པའི་མིང་འདིའི་ཐོག་མའི་འབྱུང་ཁུངས་དང་གོ་དོན་སོགས་ཤིན་ཏུ་གསལ་བས་རྩོད་པ་སྤོངས་བར་འོས་སོ།། 
      སྤྱི་ལོའི་སྔོན་གྱི་དུས་རབས་ཉི་ཤུ་བར་སྟོན་པ་གཤེན་རབ་མི་བོ་ཞང་ཞུང་འོལ་མོ་ལུང་རིང་དུ་སྐུ་འཁྲུངས་ཏེ། བོན་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་སུ་སྤེལ་བ་དང་ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་ཁག་བཅོ་བརྒྱུད་ཀྱིས་སྲིད་པར་མངའ་བསྒྱུར་བའི་དུས། ཞང་ཞུང་ཞེས་པ་འདིར་ ⑤ “ཞང་ཞུང་ཤེས་རིག་གིས་མངའ་བསྒྱུར་བའི་ཞང་ཞུང་སྒོ་ཕུག་བར་གསུམ་དང་། ཆབ་དཔལ་རིག་གསུམ་གྱིས་མངའ་བསྒྱུར་བའི་ཞང་ཞུང་སྒོ་བའི་སྒོ་ཕུག་བར་གསུམ་”དུ་འདོད་དེ། ཆུ་བོ་ཆེན་པོ་བཞི་འདུ་བའི་འགོ། གངས་རྒྱལ་ཏི་སེ་དང་བླ་མཚོ་མ་པང་གཡུ་མཚོ་སོགས་ཀྱིས་ལྟེ་བ་བྱེད་པའི་ཞང་ཞུང་ཡུལ་སྡེ་ཆེན་པོ་བཅོ་བརྒྱད་། ཡུལ་ཕྲན་དགུ་བཅུ་རྩ་གཅིག་སོགས་ཡོད་པ་སྟེ། ⑥ 《གླེང་གཞི་བསྟན་པའི་འབྱུང་ཁུངས་》དང་《རྒྱལ་རབས་བོན་གྱི་འབྱུང་གནས་》གཉིས་གཅིག་མཐུན་དུ། ⑦“འཛམ་གླིང་གི་སྙིང་པོ་འདི་ནི། ཡུལ་སྡེ་ཆེན་པོ་བཅོ་བརྒྱད། ཡུལ་ཕྲན་དགུ་བཅུ་རྩ་གཅིག མཐའ་འཁོབ་སྟོང་དང་སུམ་བརྒྱ་ཡོད། ཡུལ་ཆེན་བཅོ་བརྒྱད་ནི། ཤར་ན་རྒྱ་ནག་དང་གྲི་བདག ལྷོ་ན་རྒྱ་གར་དང་ཁ་ཆེ། ནུབ་ན་སྟག་སྡེ་དང་གཟིག་འཕན། བྱང་ན་གེ་སར་དང་ཧོར་ཡུལ། དབུས་ཀྱི་གངས་ཀྱི་ར་བ་ཅན་དང་དགུའོ། ཤར་རྒྱ་ནག་གི་མཐའ་ན་རྒྱ་མོ་ཁྱི་ཁྱོད་དང་ཐོད་དཀར་གཉིས། ལྷོ་རྒྱ་གར་གྱི་མཐའ་ན་གྱད་ཡུལ་དང་ཧུ་ན་གཉིས། ནུབ་སྟག་གཟིག་གི་མཐའ་ན་ཀྱེའུ་ལེ་དང་ཕུ་ན་གཉིས། བྱང་གེ་སར་གྱི་མཐའ་ན་སོག་པ་དང་སྦལ་ཁ་གཉིས། དབུས་ཟངས་གླིང་གསེར་གླིང་ན་གནམ་སྟོང་དང་དགུ་སྟེ་བཅོ་བརྒྱད་དོ་”ཞེས་པས་གསལ། འདིར་འཛམ་བུ་གླིང་ཞེས་བྲིས་ཡོད་པ་ནི་བོད་ཀྱི་རྩོམ་རིག་ལས་ཆེ་བརྗོད་འབྲི་སྲོལ་གྱི་རྣམ་པ་ཞིག་ལས། དོན་དངོས་ཐོག་ཞང་ཞུང་ཤེས་རིག་དང་ཆབ་དཔལ་རིག་གསུམ་གྱིས་མངའ་བསྒྱུར་བའི་ཞང་ཞུང་གི་ཡུལ་ཁམས་སྤྱི་སྟོན་གྱིན་ཡོད་པ་ལས། མི་ཡུལ་ལས་འདས་པའི་དག་ཞིང་ལྟ་བུ་ཞིག་གཏན་ནས་སྟོན་གྱིན་མེད་དེ་ཁ་ཇེ་གསལ་དུ་བཏང་ནས་བརྗོད་ན།《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལས། ⑧ “འཛམ་བུ་གླིང་ལ་རྒྱ་དཀར་ནག་མེ་ཉག་བལ་བོ་ཨོ་རྒྱན་ཟ་ཧོར་ཁ་ཆེ་ཐོད་དཀར་ལི་ཡུལ་ཕྲམ་སྟག་གཟིག་སུམ་པ་ཞང་ཞུང་བོད་ལ་སོགས་སྟོན་པའི་སྤྲུལ་པའི་སྐུ་རེ་རེ་སྣང་བར་མཛད་ཅིང་བསྟན་པ་ཆ་རེ་འདྲེན་པའི་གཤེན་རེ་ལ་གཉེར་གཏད་ནས་བསྟན་པ་སྤེལ་”ཞེས་པས་གསལ་བོར་རྟོགས་ནུས་སོ།། 
      སྤྱི་ལོའི་སྔོན་གྱི་དུས་རབས་བདུན་པའི་དཀྱིལ་ཙམ་ལ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་འཁྲུངས་ཤིང་ཐུབ་པའི་གཞུང་ལུགས་གསར་གཏོད་མཛད་རྗེས། རྒྱ་གར་ཡུལ་དབུས་བྱས་པའི་ཡ་གླིང་དཀྱིལ་མའི་ཡུལ་ཁམས་མང་བོར་སྤེལ། སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་ཆོས་རྒྱལ་ཨ་ཤོ་ཀ་ཡིས་ཤཱཀྱ་ཐུབ་པའི་གཞུང་ལུགས་དེ་ཨ་རུབ་དང་ཨུ་རྒྱན། སྟག་གཟིག་སོགས་ཡ་གླིང་དཀྱིལ་མའི་རྒྱལ་ཁབ་མང་བོར་སྤེལ་བ་དང་བསྟུན། ཡུལ་ཁམས་དེ་དག་ན་སྤྱི་ལོའི་སྔོན་གྱི་དུས་རབས་ཉི་ཤུ་བ་ནས་དར་ཡོད་པའི་ཞང་ཞུང་རིག་གནས་ཀྱི་རྐང་རིམ་གྱིས་ཉམས་པའི་དབུ་ཚུགས། དེ་ལྟར་ལོ་ངོ་མང་བོ་ཞིག་འདས་རྗེས་ཞང་ཞུང་རིག་གནས་ཀྱིས་སྟག་གཟིག་དང་ཨ་རུབ། ཨུ་རྒྱན། ཕ་ཁུ་སི་ཐན་སོགས་ཡ་གླིང་དཀྱིལ་མའི་ཡུལ་ཁམས་མང་བོར་མངའ་བསྒྱུར་བའི་གནས་བབས་ལ་ཉམས་རྒུད་ཆེན་པོ་བྱུང་སྟེ། རི་བོ་ཧི་མ་ལ་ཡའི་རི་རྒྱུད་རིང་མོས་བར་ཆོད་པའི་ལྷོ་ཕྱོགས་སུ་ཤཱཀྱ་ཐུབ་པའི་གཞུང་ལུགས་ཀྱི་ཤུགས་ཆེས་ཆེར་འཕེལ་བར་སྣང་། ཡིན་ཡང་། བྱང་ཕྱོགས་སུ་བོན་ལས་མེད་པ་གསལ་བོར་རྟོགས་ནུས་ཏེ། 《གླེང་གཞི་བསྟན་པའི་འབྱུང་ཁུངས་》ལས། ⑨ “བོད་ཁམས་མ་ཡིན་བོན་ཁམས་ཡིན། ཞེས་དང་། བོད་ཁ་བ་ཅན་བྱ་བ་མིན། བོན་ཁ་བ་ཅན་བྱ་བ་ཡིན།” ཞེས་དང་།《བསྒྲགས་པ་རིན་ཆེན་གླིང་གྲགས་》ལས། ⑩“དེ་དུས་སྟོད་ཞང་ཞུང་ཁྲིའི་བདེ(སྡེ)། སྨད་སུམ་པ་སྟོང་གི་སྡེ་ལྷོ་བྱང་མོན་རྣམས་རུ་བཞི་བོན་གྱི་ས་སྐོར་དུ་བྱས་ནས། དབུས་གཙང་གཉིས་ན་བོན་གྱི་འདུ་གནས་སུམ་བཅུ་རྩ་བདུན་”ཞེས་པ།《དེབ་དཀར་》ལས། ⑾ “དེ་ཡང་རྗེ་གནམ་རི་སྲོང་བཙན་ཡན་ཆད་ལ། འདི་ཡུལ་གང་བོ་ན་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་བས། མིང་དེ་སྐད་གྲགས་ཀྱང་ཡ་མཚན་རྒྱུ་མེད་ལ། རྒྱ་ནག་པ་རྣམས་སྔོན་དུས་སུ་བོད་ཡུལ་ལ་ཕོན་གྱི་ཡུལ་ཞེས་འབོད་པ་ཡང་བོན་ཅེས་བྱ་བའི་སྒྲ་དང་ཉེས་བས་སོ།།” ཞེས་དང་། 《གཟི་ཡི་ཕྲེང་བ་》ལས། ⑿“དོན་དུ་གནའ་བོའི་དུས་བོད་ལ་ཞང་ཞུང་གི་མིང་ཆགས་ཀྱི་ཡོད་”ཅེས་པ། 《བོད་རིག་པ་སྤྱི་བཤད་》ལས། ⒀“ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཅེས་པ་འདི་དག་ནི། ཞང་ཞུང་ཡུལ་དུ་བྱུང་བའི་རྒྱལ་པོ་སྐད་གྲགས་ཅན་བཅོ་བརྒྱད་ཡིན། འདི་དག་གི་རྒྱུད་པས་རྒྱལ་པོ་གཉའ་ཁྲི་བཙན་པོའི་གོང་དུ་ལོ་ངོ་སྟོང་ཕྲག་གཉིས་ཙམ་དབང་སྒྱུར་བྱས་པ་བོན་གྱི་བསྟན་འབྱུང་ལས་བཤད། དེས་ན་བྱ་རུ་ཅན་འདི་རྣམས་ནི་སིལ་མ་12དང་སིལ་མ་40རྣམས་ཀྱི་སྐབས་སུ་ཡོད་པའི་ཞང་ཞུང་གི་རྒྱལ་ཕྲན་འདི་རྣམས་ཀྱི་འགོ་དཔོན་ཡིན་”ཞེས་པ་སོགས་ཀྱིས་ཐོག་མའི་དུས་སུ་བོད་ཀྱི་ཡུལ་ཁམས་འདིར་ཞང་ཞུང་རིག་གནས་ཀྱིས་མངའ་བསྒྱུར་བའི་བོན་གྱི་ཞིང་ཁམས་དང་ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་ཁག་དག་གིས་མངའ་བསྒྱུར་བའི་ཞང་ཞུང་གི་རྒྱལ་ཁམས་ལས་མེད་པ་གསལ་བོར་རྟོགས་ནུས་སོ།།
      སྤྱི་ལོའི་སྔོན་གྱི་དུས་རབས་བཞི་བར་རྗེ་བོ་ཐོག་མ་གཉའ་ཁྲི་བཙན་པོ་ཡར་ཀླུང་རྗེ་བོར་མངའ་གསོལ་བ་ནས། ཞང་ཞུང་ཤེས་རིག་ཡུལ་ཁམས་ཀུན་ལ་ས་ཁྱབ་རྡོ་ཁྱབ་བྱས་ཡོད་པའི་སྣང་ཚུལ་ལ་གོད་ཆགས་གང་ཡང་མ་བྱུང་བའི་ཁར། བོན་ཤེས་པ་བཅུ་གཉིས་ལ་སོགས་པའི་བོན་གྱི་རིགས་ཤིན་ཏུ་དར་བར་གསལ་མོད། འོན་ཏེ། ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་ཁག་བཅོ་བརྒྱད་ཀྱིས་ཡུལ་ཁམས་སྤྱི་ལ་མངའ་བསྒྱུར་བའི་གནས་ཚུལ་ལ་སྲིད་འགྱུར་ཆེན་པོ་བྱུང་ཡོད་དེ། 《ལྷ་རྒྱུད་རིན་ཆེན་ཕྲེང་བ་》ལས། ⒁“རྒྱལ་ཕྲན་སོ་སོས་ཀྱང་ནང་ཁུལ་དུ་བཅད་བཟུང་འཁྲུག་རྩོད་མནར་གཅོད་འབའ་ཞིག་བྱས་པ་དང་ཆབས་ཅིག ལྷོ་རྒྱ་གར་རྒྱལ་པོས་སྦྲུལ་འདྲ་རྟག་ཏུ་འཁྲིལ། ཤར་ཙི་ན་རྒྱལ་པོས་ལུག་ལ་སྤྱང་འཇབ་འདྲ། བྱང་ཁྲོམ་གྱི་རྒྱལ་པོས་མགོ་ལ་སྟེས་བཏབ་འདྲ། ནུབ་སྟག་གཟིག་རྒྱལ་པོས་བྱ་ཁྱུར་ཁྲ་རྒྱུག་འདྲ་བ་སོགས་རྟག་ཏུ་མནར་གཅོད་འཇིགས་སྐུལ་དྲག་པོས་འཚེ་བར་འཐབ་པའི་ནུས་པ་ཤོར། (ཞང་ཞུང་གི་རྒྱལ་གཤེན་བཅོ་རྒྱད་རྫོགས་ནས་)རྒོལ་བས་ནུས་ཤུགས་མེད། བྲོས་བས་འགྲོ་སར་མི་གཏོང་། ནང་གི་རྒྱལ་ཕྲན་རྣམས་ཀྱང་གཅིག་ཟ་གཅིག་བརྡུང་གིས་དུས་ཟིང་དང་། རྒས་ཁོག་རྒན་ཤོས་ཅན་རྣམས་དབང་ཆུང་ཞིང་ཉན་མཁན་དཀོན་པ། གཞོན་རྣམས་ཀྱིས་ཁྲེལ་འདས་ཀྱིས་བག་མེད་ཁོ་ན་སྤྱོད་པའི་དུས་ཀྱེམ་པ་བ་ཞིག་ལ་འདས་པར་གྱུར་བ་ན⒂ རྒྱལ་ཕྲན་བཅུ་གཉིས་ཀྱི་སྐུ་བོན་རྣམས་དབུ་སྙུང་ནས་དམོད་བོར་ཏེ་རྒྱལ་རྗེ་ཞིག་བཙལ་སྙེད་བྱས་པ་ཉག་ཁྲི་བཙན་པོ་ཞེས་རྩ་རྒྱུད་སོགས་ལས་བཞེད་པ་ལྟར་རོ”ཞེས་དང་། 《རྒྱལ་རབས་བོན་གྱི་འབྱུང་གནས》ལས། ⒃ “རྒྱལ་པོའི་མངའ་ཐང་སྒོང་(དགུང་)དང་མཉམ་མཉམས་པ་དེར་བགྱིས”ཞེས་པ་ཡིས། གཉའ་ཁྲི་བཙན་པོའི་དུས་ནས་ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་ཁག་བཅོ་བརྒྱད་མཇུག་རྫོགས་པ་དང་། གཉའ་ཁྲི་བཙན་པོས་རྒྱལ་ཕྲན་བཅུ་གཉིས་ཆབ་འོག་ཏུ་བཏུལ་བ་དང་བསྟུན། ཡར་ལུང་གི་སྲིད་ཤུགས་ཇེ་ཆེར་འཕེལ་ཏེ་ཡར་ལུང་ཞང་ཞུང་གི་ཁོངས་ལས་རིམ་གྱིས་ལོགས་སུ་གྱེས་པའི་འགོ་ཚུགས་པས་ཞང་ཞུང་རྒྱལ་པོའི་སྲིད་ཀྱི་ཆབ་ཁོངས་ལ་འགྱུར་ལྡོག་བྱུང་བའི་རྨང་བཏིངས་སོ།། དེ་ལྟར་ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ཁྲོད་ཡར་ཀླུང་རྒྱལ་རྒྱུད་ཀྱི་སྲིད་ཤུགས་ཇེ་ཆེར་འཕེལ་བ་དང་བསྟུན། ཡར་ཀླུང་བཙན་པོ་འགའ་རེས་རིག་གནས་ཀྱི་ཆ་ནས་ཤཱཀྱ་ཐུབ་པའི་གཞུང་ལུགས་བོད་ལ་སྤེལ་བ་དང་སྲིད་ཀྱི་ཆ་ནས་ཞང་ཞུང་མངའ་འོག་ཏུ་བཅུག་པའི་གླགས་འཚོལ་ཅི་ཐུབ་བྱས་མོད་འབྲས་བུ་ཆེར་མ་སྨིན། དུས་རབས་བདུན་པའི་ནང་དུ་སླེབས་པ་ནས་བོད་རྒྱལ་སྲོང་བཙན་སྒམ་པོས་ཡབ་གནམ་རི་སྲོང་བཙན་དང་མྱེས་པོ་སྟག་རི་གཉན་གཟིག་དག་གིས་འཁོབ་མཐའ་བསྐྱེད་པའི་རྨང་གཞིའི་སྟེང་ནས་ ⒄ བོད་རུ་བཞི་ཞེས་པའི་ཡུལ་མིང་དང་ཡུལ་མཚམས་ཐོག་མར་ཕྱེས་པ་དང་། སྤྱི་ལོ་644ལོར་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་བརླགས་ཏེ་ཞང་ཞུང་སྟོད་ཀྱི་ཕྱོགས་ཆབ་ཏུ་བཏུལ་བ་ལ་སོགས་མཐའི་རྒྱལ་ཕྲན་མང་པོ་དབང་དུ་བསྡུས་ཏེ་བོད་བཙན་པོའི་རྒྱལ་ཁམས། སྤྱི་ལོ་679ལོར་བློན་མགར་ཁྲི་འབྲིང་གིས་ཞང་ཞུང་སྨད་ཀྱི་སྒོ་བའི་ཡུལ་ཆབ་འོག་ཏུ་ཕབ་པ་ནས། སྲིད་ཀྱི་ཆ་ནས་ཞང་ཞུང་རྒྱལ་རྒྱུད་མ་ཆད་པ་ཙམ་གྱིས་ཡུལ་ཕྲན་ཆུང་ཆུང་འགའ་ལ་སྲིད་ཀྱི་དོན་བསྒྲུབ་པ་ལས། ཞང་ཞུང་གི་ཡུལ་ཁམས་ཀུན་ལ་མངའ་བསྒྱུར་བའི་སྲིད་ཤུགས་དེ་གཞི་ནས་རྒུད་པར་གྱུར་བས། བོད་ཞེས་པའི་མིང་དེས་ཞང་ཞུང་གི་ཡུལ་ཀུན་རིམ་གྱིས་ཕར་གནོན་པར་བྱས་སོ།།
      རིག་གནས་ཀྱི་ཆ་ནས་དུས་རབས་བདུན་པའི་སྟོད་ཙམ་དུ་སླེབས་པ་ན། ཨ་རུབ་ཀྱི་ཡུལ་ནས་ཁ་ཆེའི་ཆོས་ལུགས་ཀྱི་སྟོན་པ་མོ་ཧོལ་མོ་ཏེ་སྐུ་འཁྲུངས་ཤིང་ཁ་ཆེའི་ཆོས་ལུགས་གསར་གཏོད་མཛད་དེ་ཨ་རུབ་ལྟེ་བ་བྱས་པའི་དབྱི་རག་དང་སྟག་གཟིག ཁྲོམ། པར་ཁིས་སི་ཐན། ཨུ་རྒྱན། ཀ་རྨིར་སོགས་ཡ་གླིང་དཀྱིལ་མའི་རྒྱལ་ཁབ་མང་བོར་ཁ་ཆེའི་ཆོས་ལུགས་ཆེས་ཆེར་དར་བར་བརྟེན། སྤྱི་ལོའི་སྔོན་གྱི་དུས་རབས་ཉི་ཤུ་བ་ནས་ཡུལ་དེ་དག་ལ་དར་ཁྱབ་ཧ་ཅང་ཆེ་བའི་ཞང་ཞུང་ཤེས་རིག་རྨང་ནས་འཇིག་འགོ་ཚུགས་པས། ཞང་ཞུང་ཤེས་རིག་གིས་མངའ་བསྒྱུར་བའི་ཞང་ཞུང་སྒོ་ཕུག་བར་གསུམ་ཞེས་པའི་མིང་དེ་དུས་རབས་བརྒྱད་པའི་ནང་ནས་ཡ་གླིང་དཀྱིལ་མའི་ཡུལ་ཁམས་ཀྱི་ཁྱོན་ཏུ་གཞི་ནས་རྨེག་མེད་དུ་འགྲོ་འགོ་ཚུགས་པ་རེད་ཅེས་བརྗོད་ཀྱང་ལོ་རྒྱུས་དངོས་དང་མི་འགལ་སྙམ། བོན་གྱི་ལོ་རྒྱུས་ཀྱི་ཡིག་ཆ་མང་པོར་དུས་རབས་བདུན་པ་དང་བརྒྱད་པ་ཙམ་དུ་བོན་གྱི་མཁས་གྲུབ་སྟག་སྒྲ་ཏུན་གཙུག་དང་སྙ་ལི་ཤུ་སྟག་རིང་། བྷེ་ཤོད་ཀྲམ་སོགས་སྟག་གཟིག་གི་ཡུལ་དུ་སོང་ནས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་བོན་མང་བོར་ཞུས་ཏེ་མཁས་པར་སྦྱངས་རྗེས། བོན་གྱི་རིགས་མང་བོ་བྱ་རྒོལ་སོགས་ལ་བཀལ་ནས་ཕྱིར་བོད་ཡུལ་ལ་ཡོང་ཞེས་འཁོད་ཡོད་པ་ནི། སྐབས་དེ་དུས་སྟག་གཟིག་སོགས་ཡ་གླིང་དཀྱིལ་མའི་ཡུལ་ཁམས་ཀུན་ཏུ་བོན་འཇིག་ཉེན་ཆེན་པོ་དང་འཕྲལ་བཞིན་པས་ཁོ་ཚོས་གཙིག་ཆེ་བའི་བོན་རྣམས་ཁྱེར་ཏེ་བོད་ཡུལ་ལ་འོངས་བའི་དོན་དང་སྦྱར་ན་འགྲིག་པ་ལས། སྐབས་དེ་དུས་སྟག་གཟིག་གི་ཡུལ་ན་བོན་ཆེ་ཆེར་དར་ཡོད་པའི་དོན་དང་སྦྱར་ན་དེ་འདྲའི་འོས་མཐུན་མེད་སྙམ།བོད་ཡུལ་དུ་དུས་རབས་བདུན་པའི་ནང་སྲོང་བཙན་སྒམ་པོའི་དུས་སུ་ཤཱཀྱ་ཐུབ་པའི་གཞུང་ལུགས་བོད་ཡུལ་དུ་བསྒྱུར་འགོ་ཚུགས་པ་ནས། ཞང་ཞུང་རིག་གནས་ཀྱིས་བོད་ཡུལ་ཀུན་ལ་མངའ་བསྒྱུར་བའི་རྣམ་པར་འགྱུར་ལྡོག་བྱུང་འགོ་ཚུགས་ཤིང་། དེའི་རྗེས་ཀྱི་རྒྱལ་རབས་རིམ་བྱོན་གྱིས་ཤཱཀྱ་ཐུབ་པའི་གཞུང་ལུགས་ལ་མཐོང་ཆེན་བྱས་པ་དང་། ལྷག་པར་དུ་ཁྲི་སྲོང་ལྡེ་བཙན་གྱིས་བོན་གྱི་བསྟན་པ་རྒྱ་ཆེར་བསྣུབས་པ་ནས་བཟུང་། སྟོན་པ་གཤེན་རབ་མི་བོའི་གཞུང་ལུགས་བོད་བཙན་པོའི་མངའ་ཁོངས་ཀྱི་ཡུལ་དབུལ་ནས་སྟོད་ཞང་ཞུང་དང་སྨད་མདོ་ཁམས་སོགས་འཁོབ་མཐའ་རུ་སྤྱུགས་པས། ཞང་ཞུང་ཤེས་རིག་གིས་བོད་རུ་བཞི་སོགས་མཚོ་བོད་མཐོ་སྒང་གི་ཡུལ་ཁམས་ཀུན་ལ་མངའ་བསྒྱུར་བའི“བོན་གྱི་ཡུལ”ཞེས་པ་དེ་མིང་གི་ལྷག་མ་ཙམ་དུ་གྱར་རོ།།
      དུས་རབས་བཅུ་བའི་ནང་དུ་སྐྱིད་སྡེ་ཉི་མ་མགོན་བོད་ནུབ་ཁུལ་ལམ་ཞང་ཞུང་གི་ཡུལ་དུ་བྱོན་ཏེ་ཞང་ཞུང་སྟོད་ཀྱི་ཡུལ་དེར་དབང་བསྒྱུར་བ་ནས། ཞང་ཞུང་ཞེས་པ་དེ་བོད་བཙན་པོའི་རྒྱུད་པའི་མངའ་འོག་ཏུ་དངོས་སུ་བཙུད་པས་ཞང་ཞུང་སྟོང་སྡེ་བཅུའི་ཁུལ་དེར་ ⒅ “མངའ་རུས་”ཞེས་པའི་མིང་དེ་ཐོག་མར་བྱུང་བ་ནི་རྒྱ་བོད་ཡིག་ཚང་ན་གསལ་ཞེས་《མངའ་རིས་ཆོས་འབྱུང་》ན་འཁོད་པ་ཡིས། ཞང་ཞུང་ཞེས་པའི་མིང་དེ་དུས་རབས་བཅུ་བའི་ནང་“མངའ་རིས་”སུ་འགྱུར་བ་དང་། དེ་ནི་ཞང་ཞུང་ཞེས་པའི་མིང་དེའི་ལོ་རྒྱུས་ཀྱི་སྟེང་ནས་བཤད་ན་འགྱུར་མཚམས་གལ་ཆེན་ཞིག་ཡིན་པ་གསལ་བོར་རྟོགས་ནུས། ལོ་རྒྱུས་ཀྱི་དུས་ཡུན་རིང་མོ་བརྒྱུད་དེ་དེང་གི་དུས་འདིར་སླེབས་དུས་ཞང་ཞུང་ཞེས་པ་ནི།⒆“བོད་རང་སྐྱོང་ལྗོངས་ཀྱི་ནུབ་ཁུལ་གྱི་བྱང་གི་འཕྲེད་ཐིག་30.00°—34.88°དང་ཤར་གྱི་གཞུང་ཐིག་78.00°—85.98°ཙམ་ལ་གནས་པ། མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་རྨིད་བཞི་སྟོང་དྲུག་བརྒྱ་ལྷག་ཙམ་དང་། ཡུལ་གྲུ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་སུམ་ཅུ་སོ་གཉིས། མི་འབོར་ཁྲི་བརྒྱད་ལ་ཉེ་བ། བྱང་ངོས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་འབྲེལ་བ།ཤར་ཕྱོགས་བོད་ནག་ཆུ་ས་ཁུལ་དང་འབྲེལ་བ། ཤར་ལྷོའི་ཁུལ་བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་གྱི་འབྲོང་པ་དང་ས་དགའ། ངམ་རིང་བཅས་རྫོང་ཁག་གསུམ་དང་འབྲེལ་བ།ནུབ་ཁུལ་རྒྱ་གར་གྱི་ཀ་ཤི་རྨིར་དང་འབྲེལ་བ། ལྷོའི་ཁུལ་རྒྱ་གར་བྱང་ཕྱོགས་ཀྱི་བི་ཧར་དང་བལ་བོ་གཉིས་ཀར་འབྲེལ་བའི་”མངའ་རིས་ས་ཁུལ་ཙམ་ལ་ངོས་འཛིན་པ་ལས། བོད་རང་གི་ཆོས་རིགས་ཀུན་གྱི་ཐོག་མའི་འབྱུང་ཁུངས་སུ་གྱུར་བའི་རླབས་ཆེ་བའི་གནའ་བོའི་ཞང་ཞུང་གི་ཡུལ་ཁམས་ལ་ངོས་འཛིན་བྱེད་དཀའ་ལ་དེའི་ཐོག་མའི་ངོ་བོའང་འགྱུར་ཞིང་། མཁར་ཤུལ་ཀོག་པོ་དང་དགོན་ཤུལ་རྙ་རྙིང་སོགས་གནའ་ཤུལ་གྱི་རྗེས་སོར་ཙམ་ལས་རྙེད་དཀའ་བའི་གནས་སུ་གྱུར་འདུག་པ་དེའོ།།
གཉིས་པ། ཞང་ཞུང་སྒོ་ཕུག་བར་གསུམ་གླེང་བ།
      ཞང་ཞུང་སྒོ་ཕུག་བར་གསུམ་ཞེས་པ་ནི་ཞང་ཞུང་ཤེས་རིག་གིས་མངའ་བསྒྱུར་བ་སྟེ་གཙོ་བོ་སྟོན་པ་གཤེན་རབ་མི་བོའི་རིང་ལུགས་བོན་གྱི་བསྟན་པ་རིན་པོ་ཆེས་རྗེས་སུ་འཛིན་པའམ་སྟོན་པ་གཤེན་རབ་མི་བོའི་གདུལ་བྱར་གྱུར་ཚད་ཀྱི་ཡུལ་ཁམས་སྤྱི་ལ་ངོས་བཟུང་ན་འགྲིག་སྟེ། 《གླེང་གཞི་བསྟན་པའི་འབྱུང་ཁུངས་》ལས། ⒇ “འཛམ་གླིང་ནས་སྐད་རིགས་མི་མཐུན་པ་སྟོང་མཆིས་སྟེ། གཡུང་དྲུང་གི་བོན་ཐོས་པ་གསུམ་བརྒྱ་དྲུག་བཅུ་ཡོད་ཅེས་སྟེ། དེའི་ནང་ནས་རྒྱ་གར་དང་རྒྱ་ནག ཁྲོམ་སྟག་གཟིག་བོད་དང་ཞང་ཞུང་དང་དྲུག་ནི་ཡུལ་དབུས་སྙིང་པོ་དྲུག་གོ་”ཞེས་པ་དང་། 《བསྒྲགས་པ་རིན་ཆེན་གླིང་གྲགས་》ལས། (21) “འཛམ་བུ་གླིང་དུ་སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་བཅུའི་ཡུལ་དུ་བོན་རང་འགྱུར་གྱི་བསྟན་པ་རེ་རེ་བཞག་པ་ནི། ཞང་ཞུང་གི་ཡུལ་དུ་ཞང་ཞུང་བོན་པོ་ཤ་རི་དབུ་ཆེན་ལ། ཕྱིའི་བཙོ་མུ་མར་གསེར་བཙོ་བསྟན་ནས་བསྟན་པ་སྲུང་བ་དང་། ནང་དོན་འབྲས་བུ་ཆུད་མི་ཟ་བ་གཡུང་དྲུང་གི་བོན་གཏན་ལ་ཕབ། སྟག་གཟིག་གི་ཡུལ་དུ་ཟ་རང་མེ་འབར་ལ་ཕྱི་དོན་དང་ནང་དོན་གཉིས་ཀ་བསྟན། དེ་བཞིན་ཁྲོམ་གྱི་ཡུལ་དུ་ཁྲོམ་བོན་མཐུ་ཅན་ལ་བསྟན། རྒྱ་གར་ཡུལ་དུ་རྒྱ་གར་ལྷ་དག་སྔགས་གྲོལ་ལ་བསྟན། རྒྱ་ནག་ཡུལ་དུ་ལེགས་སྟོན་རྨང་པོ་ལ་བསྟན། ཁ་ཆའི་(ཆེ)ཡུལ་དུ་ཁ་ཆེའི་བོན་པོ་སེང་གུང་སྟོང་དང་ལ་བསྟན། ཟ་ཧོར་ཡུལ་དུ་ཟ་ཧོར་གྱི་བོན་པོ་ལྷ་བོ་ལྷ་སྙན་ལ་བསྟན། ཨུ་རྒྱན་ཡུལ་དུ་ཨུ་རྒྱན་གྱི་བོན་པོ་མཚེ་ལྷ་དང་ལྷ་ལ་བསྟན། བལ་ཡུལ་དུ་བལ་བོན་ལང་ཐང་ལ་ཕྱི་དོན་བལ་པོའི་ཐུན་སྔགས་དང་ནང་དོན་བསྟན། སུམ་པའི་ཡུལ་དུ་སུམ་པའི་བོན་པོ་དུང་མོ་ཆོ་ལ་བསྟན། སེ་འ་ཞའི་ཡུལ་དུ་སེ་བོན་གནམ་ལྕགས་ལ་བསྟན་པ་བཞག དེ་ནས་འཇང་གི་ཡུལ་དུ་འཇང་ཚ་འཕེན་སྣང་ལ་བསྟན་པ་བཞག”ཅེས་དང་།《འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོ་》ལས། (22)“འཛམ་གླིང་ལྷོ་བྱང་གི་ཡུལ་དེ་དག་རྣམས་ལས་སྟོན་པ་སྐུ་དངོས་ཀྱིས་ཞབས་བཅག་པའི་ཡུལ་ནི། ཉི་སྒྲོན་ལྟར་ན་རྒྱ་ནག མེ་ཉག རྒྱ་གར། བལ་བོ། ཨོ་རྒྱན། ཟ་ཧོར། ཁ་ཆེ།ཐོད་ཀར། ལི་ཡུལ། སྟག་གཟིག ཞང་ཞུང་། མོན་ཡུལ། ཁྱི་ཐན་ཡུལ། ཁྲོམ་གེ་སར། བྲུ་ཤ གར་ལོག གྲུ་གུ། བོད་ཀྱི་ཡུལ་རྣམས་སུ་བྱོན་ཏེ་བཀའ་རྟགས་ཞབས་རྗེས་སོགས་ད་ལྟར་ཡང་མངོན་སུམ་དུ་བཞུགས་པས་ཀུན་གྱིས་ཡིད་ཆེས་རུང་ངོ་”ཞེས་པ། ཉི་མ་གྲགས་པས་མཛད་པའི་སྟག་གཟིག་ཞིང་བཀོད་ལ་བཞེངས་སྲོལ་གཉིས་ཡོད་དེ། གཅིག་ནི་ཐང་ཀའི་རྣམ་པ་ལྟར་བཞེངས་ཡོད་པ་དང་། ཅིག་ཤོས་ནི་ཞང་ཞུང་ཡུལ་གྱི་ས་བཀྲ་རྣམ་པ་ལྟར་བྲིས་ཡོད། རྗེས་སུ་ཨུ་རུ་སུའི་བོད་རིག་པའི་མཁས་པ་L.N Gumilevདང་B.I Kuznetsovགཉིས་ཀྱིས་ས་བཀྲ་རྣམ་པའི་ལྟར་བྲིས་ཡོད་པའི་སྟག་གཟིག་ཞིང་བཀོད་དེར་ཞིབ་འཇུག་བྱས་རྗེས། གནའ་སྔ་མོའི་ཞང་ཞུང་གི་ཡུལ་ཁམས་ཀྱི་གཞི་ཁྱོན་ཧ་ཅང་ཆེན་པོ་ཡོད་པ་ངོས་འཛིན་དང་ར་སྤྲོད་བྱས་ཡོད་དེ། ཁོང་གཉིས་ཀྱི་དཔྱད་རྩོམ་དུ་ (23)“བར་བོ་སོ་བརྒྱད་དེ་Pasargadae ཞེས་པ་སྟེ་པར་སིག་གི་རྒྱལ་སར་ངོས་བཟུང་ཡོད་པ་དང་། དགེ་རྒྱས་ཡོན་ཏན་ནི་Hyrcania ལ་ངོས་བཟུང་བ། སེང་གེ་རྒྱབ་གནོལ་ཞེས་པ་དེ་པེ་ཏེ་ཡ་ན་ ( 孛代雅纳 )ངོས་བཟུང་བ། མྱ་ངན་མེད་ཀྱི་གླིང་ནི་Felix བཅས་ལ་ངོས་བཟུང་ཡོད་པ་”སོགས་ཀྱིས་ཞང་ཞུང་སྒོ་ཕུག་བར་གསུམ་ཞེས་པ་དེ་གཤེན་རབ་མི་བོའི་བསྟན་པ་རིན་པོ་ཆེས་དབང་དུ་བསྡུས་པའི་ཡུལ་ཁམས་ཧ་ཅང་རྒྱ་ཆེན་པོ་ཞིག་ལ་གོ་རུང་བ་དོན་དངོས་ཡིན་པ་ལས་བོན་རྣམས་ཀྱིས་རྟོག་བཟོ་བྱས་པ་ཞིག་གཏན་ནས་མིན་པ་བདེན་དཔང་བྱ་ནུས་སོ།།
      ཞང་ཞུང་སྒོ་ཕུག་བར་གསུམ་ཞེས་པ་ནི་གཙོ་བོ་ཡུལ་ཁམས་བགོ་སྟངས་ཀྱི་ཆ་ནས་ཞང་ཞུང་ཕུག་པ་དང་བར་བ། སྒོ་བ་བཅས་གསུམ་དུ་འདོད་ཀྱིན་ཡོད། ཡིན་ཡང་ཡུལ་ངོས་འཛིན་སྲོལ་ཀྱི་ཐད་ལ་ད་ལྟའི་བར་དུ་ལྟ་བ་དེ་འདྲའི་གཅིག་མཐུན་བྱུང་མེད་མོད། བོན་གྱི་ཡིག་རྙིང་འགངས་ཆེན་དང་མཁས་ཆེན་ཤེས་རབ་ཀྱི་ཀློང་བརྡོལ་བ་དག་གི་བཞེད་ཚུལ་གཞིར་བཟུང་སྟེ་བརྗོད་ན་ནོར་འཁྲུལ་འབྱུང་མི་སྲིད་དེ། 《མ་རྒྱུད་སངས་རྒྱས་རྒྱུད་ཀྱི་འགྲེལ་གྱི་དབུ་འཆད་》ལས། (24)  “སྤྱིར་བསྟན་པ་འདི་དར་བའི་གནས་ཆེན་གསུམ་ལ་དེ་ལྟར་ཡོད་དེ། སྟག་གཟིག་ན་ཤམ་པོ་ལྷ་རྩེ། ཞང་ཞུང་བར་བ་ན་རྒྱལ་མཁར་བ་ཆོད། སྒོ་བ་ན་ཁྱུང་ལུང་དངུལ་མཁར་”ཞེས་པ་དང་། 《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་ཁུངས་ཉུང་བསྡུས་》ལས། (25)“དང་བོ་ཞང་ཞུང་སྒོ་ཕུག་བར་གསུམ་དུ་བཞག་པའི་སྒོ་ཕུག་མ་འོལ་གླིང་བར་མ་རྒྱལ་མཁར་བ་ཆོད། ཐ་མ་གངས་ཏི་སེ་ལ་བཤད་ཅིང་”ཞེས་པ། 《སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་བཟང་མགྲིན་རྒྱན》ལས། (26) “ཡུལ་ནི་ཞང་ཞུང་སྒོ་ཕུག་བར་གསུམ་སྟེ། ཕུག་པ་རྟག་གཟིག་བར་པ་ཨོ་རྒྱན་ཏེ། བོན་ཁུངས་ཕྱིར་ན་གསུང་རབ་དགོངས་པ་འགལ། ཞང་ཞུང་ཕུག་བར་ཞེས་བཟུང་དེ་ལྟར་དང་། ཞང་ཞུང་སྒོ་པ་ཞང་ཞུང་དངོས་ཀྱི་ཡུལ། སྟོད་ན་ཁ་ཆེའི་ཡུལ་ཡུལ་མཚམས་སིང་གི་ཕྱིན། བྱང་ཕྱོགས་ཧོར་གྱི་གང་རྒྱུན་ཚུན་དང་སྨད། སུམ་པ་གླིང་གི་གྱིམ་ཤོད་ཡན་ཆད་དང་། ལྷོ་རྒྱུད་རྒྱ་གར་ཡུལ་ཁམས་ཚུན་”ཞེས་པ་ཡིས། སྟོན་པ་གཤེན་རབ་མི་བོ་མཆོག་གི་གདུལ་ཞིང་དུ་གྱུར་བའི་ཞང་ཞུང་སྒོ་ཕུག་བར་གསུམ་ཞེས་པ་འདི་ཁ་ཇེ་གསལ་དུ་བཏང་ནས་བརྗོད་ན། ཞང་ཞུང་ཕུག་པ་ནི་པར་སིག་དེ་དེང་སང་གི་དབྱི་ལིང་བྱ་བ་དེ་ལྟེ་བ་བྱས་པའི་དེའི་ཉེ་འཁོར་གྱི་ཨ་རུབ་དང་དུར་གྱིས། དབྱི་རག་སོགས་ཡུལ་ཁམས་མང་བོ་དང་། ཞང་ཞུང་བར་བ་ནི་དེང་སང་གི་ཨུ་རྒྱན་ལྟེ་བ་བྱས་པའི་ཁ་ཆེ་དང་ཕར་ཁིས་སི་ཐན་སོགས་རི་བོ་ཧི་མ་ལ་ཡའི་རི་རྒྱུད་རིང་མོས་ཆོད་པའི་ལྷོ་ཕྱོགས་ཉེ་འཁོར་གྱི་ཡུལ་ཁམས་མང་བོ་ཞིག་ལ་གོ་ན་འགྲིག་སྙམ། ཞང་ཞུང་སྒོ་བ་ནི་རི་བོ་ཧི་མ་ཡའི་རི་རྒྱུད་རིང་མོས་བར་ཆོད་པའི་བྱང་ཕྱོགས་ཀྱི་ཁྱུང་ལུང་དངུལ་མཁར་གྱིས་ལྟེ་བ་བྱས་པའི་སྟོད་ན་ཁ་ཆེ་འབྲེལ་མཚམས་དང་བྱང་ཕྱོགས་ཧོར་གྱི་གང་རྒྱུན་ཚུན། སྨད་ནས་སུམ་པ་གླིང་གི་གྱིམ་ཤོད་ཡན་ཆད། ལྷོ་རྒྱུད་རྒྱ་གར་ཡུལ་ཁམས་ཚུན་གྱི་ (27) “གངས་ཅན་བོན་གྱི་ཡུལ་ཁམས་”ཀུན་ལ་ངོས་བཟུང་ན་ལོ་རྒྱུས་དངོས་ཀྱི་དགོངས་གཞི་དང་མི་འགལ་སྙམ་མོ།།
      འདིར་གསལ་བཤད་བྱེད་རྒྱུ་ཞིག་ནི་ཞང་ཞུང་བར་བའི་ཡུལ་དེ་བོན་གྱི་ཡིག་ཆ་མང་ཤས་སུ་སྟོན་པ་གཤེན་རབ་མི་བོའི་གདུལ་ཞིང་དུ་གྱུར་བའི་ཞང་ཞུང་རིག་གནས་ཀྱིས་མངའ་བསྒྱུར་བའི་ཡུལ་ཁམས་ལས། ཞང་ཞུང་རྒྱལ་རབས་རིམ་བྱུང་གིས་མངའ་བསྒྱུར་བའི་ཞང་ཞུང་རྒྱལ་པོའི་ཆབ་ཁོངས་སུ་མི་འདུ་བ་ལྟར་སྣང་མོད། 《མ་རྒྱུད་སངས་རྒྱས་རྒྱུད་ཀྱི་འགྲེལ་གྱི་དབུ་འཆད་》ལས། (28) “ཞང་ཞུང་བར་བའི་ཡུལ། སྲིད་པའི་ཞིང་ཁམས་རྣམ་པར་དག་པ། འཛམ་གླིང་པའི་སྙིང་པོ། ཞང་ཞུང་བོན་གྱི་རྒྱལ་པོའི་ཞིང་ཁམས་ན། ཡབ་གཡུང་དྲུང་བོན་གྱི་རྒྱལ་པོ། གྱེར་ཝེར་ཐ་ཚན་ཧི་པང་སྐྱེས་ཞེས་བྱ་བ། འཛམ་བུ་གླིང་གིས་རྒྱལ་ཁམས་ལ་མངའ་བསྒྱུར་བ་ཞིག་ཡོད་པ་ལ་”ཞེས་པར་གཞིགས་ན། སྔ་མོའི་དུས་སུ་ཞང་ཞུང་གི་རྒྱལ་པོ་རེ་གཉིས་ཀྱིས་ཞང་ཞུང་བར་བའི་ཡུལ་ཏེ་ཨུ་རྒྱན་གྱི་ཡུལ་ལ་མངའ་བསྒྱུར་ཡོད་པ་ང་ཚོས་ངེས་པར་དུ་ཁས་མི་ལེན་ཐབས་མེད་ཀྱི་ལུང་ངོ་།།
གསུམ་པ། ཞང་ཞུང་སྒོ་བའི་སྒོ་ཕུག་བར་གསུམ་གླེང་བ།
      བོན་གྱི་བསྟན་འབྱུང་མང་པོར་“ཕྱི་བ་སྒོ་བ་ཞང་ཞུང་དངོས་ཀྱི་ཡུལ་”ཞེས་འཁོད་ཡོད་པར་གཞིགས་ན། ཞང་ཞུང་སྒོ་བའི་ཡུལ་དེར་ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་ཁག་བཅོ་བརྒྱད་སོགས་གཙོས་པའི་ཞང་ཞུང་གི་རྒྱལ་རབས་རིམ་བྱོན་གྱིས་ཆབ་སྲིད་དང་དཔལ་འབྱོར། རིག་གནས་གསུམ་གའི་ཐད་ནས་མངའ་བསྒྱུར་ཞིང་ཞང་ཞུང་གི་མི་སྡེ་གནས་དེར་འཁོད་པ་དང་། ཞང་ཞུང་རིག་གནས་ཀྱི་ཆེས་ཐོག་མའི་བྱུང་འཕེལ་གྱི་ཁུངས་ཀྱང་གནས་དེ་ཡིན་པ་ངམ་གྱིས་རྟོགས་ཐུབ། ཞང་ཞུང་སྒོ་བའི་སྒོ་ཕུག་བར་གསུམ་ཞེས་པ་ནི་གཙོ་བོ་ཡུལ་ཁམས་བགོ་སྟངས་ཀྱི་ཐད་ནས་མིང་དེ་ལྟར་ཐོགས་པ་ལྟར་སྣང་མོད། མིང་འདི་དུས་ནམ་ཞིག་ལ་ཐོག་མར་བྱུང་བ་བརྗོད་དཀའ་ལ། ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ཁྲོད་དུ་ཞང་ཞུང་རྒྱལ་རབས་རིམ་བྱོན་གྱི་སྲིད་ཤུགས་འཕེལ་འགྲིབ་བྱུང་བ་དང་བསྟུན། མིང་འདི་གསུམ་ཀའི་འཁོབ་མཐའི་ཐད་ལ་འགྱུར་ལྡོག་ཅི་རིགས་འབྱུང་ཡོད་པ་ཚོམ་མེད་རེད། ཞང་ཞུང་སྒོ་བའི་སྒོ་ཕུག་བར་གསུམ་ཞེས་པའི་འཁོབ་ཏུ་ཆེས་ཐོག་མར་བོད་མདོ་ཁམས་སྟོད་སྨད་བར་གསུམ་ཀུན་འདུ་བར་སྣང་སྟེ། 《གངས་དཀར་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་》ལས། (29) “ཞང་ཞུང་སྒོ་ཕུག་བར་གསུམ་ཞེས་པ།སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་དང་”ཞེས་པ་དང་། 《རྒྱལ་རབས་བོན་གྱི་འབྱུང་གནས་》ལས། (30) “ཡུལ་ནི་གབ་འགྲེལ་སོགས་ནས་མཐོ་ཞང་ཞུང་ཁ་ཡུག་གི་རུ་མཚམས་ཁྱུང་ལུང་དངུལ་མཁར་མན་ཆད། དམའ་སུམ་པ་གླིང་གི་གྱིམ་ཤོས་ཡན་ཆད། ལྷོ་དོམ་སྒྲོ་ནག་པོ་སྙུག་མ་མདའ་ཁུར་ཚུན་ཆད། བྱང་ལི་བྱ་སྒང་རིང་འཇག་མ་གླུ་ལེན་ཚུན་ཆད་དུ་དར་བར་བཤད་ཅིང་། རྒྱལ་ཁམས་ནི་རུ་བཞི་བོན་གྱི་རྒྱལ་ཁམས་སུ་བྱས་”ཞེས་པ་ལ་སོགས་ཀྱི་ལུང་མང་པོར་གཞིགས་ཚེ་ཆེས་ཐོག་མའི་དུས་སུ། བོད་མདོ་ཁམས་སྟོད་སྨད་བར་གསུམ་ཚང་མ་ཞང་ཞུང་གི་ཡུལ་ཁམས་ཡོངས་ལ་མངའ་བསྒྱུར་བའི་ཞང་ཞུང་རྒྱལ་རབས་རིམ་བྱོན་གྱི་མངའ་ཁོངས་ཏེ་ཞང་ཞུང་སྒོ་བའི་སྒོ་ཕུག་བར་གསུམ་གྱི་འཁོབ་མཐའ་རུ་གཏོགས་པ་ཐེ་ཚོམ་མེད་པའི་བློ་བསྐྱེད་འབྱུང་ནུས་སོ།།
      སྤྱི་ལོའི་སྔོན་གྱི་དུས་རབས་བཞི་བར་མདོ་དབུས་མཐོ་སྒང་གི་ཡུལ་ཁམས་ཀུན་ཏུ་བསྒྲུན་པའི་ཚུགས་བྲལ་བའི་ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་ཁག་བཅོ་བརྒྱད་མཇུག་སྒྲིལ་ཞིང་། རྗེ་བོ་ཐོག་མ་གཉའ་ཁྲི་བཙན་པོ་ཡར་ཀླུང་བཙན་པོར་མངའ་གསོལ་ཏེ་ཡར་ཀླུང་གི་ཡུལ་ཁམས་ཞང་ཞུང་གི་ཁོངས་ལས་ལོགས་སུ་གྱེས་པའི་དབུ་ཚུགས་པ་དང་བསྟུན། ཞང་ཞུང་སྒོ་བའི་སྒོ་ཕུག་བར་གསུམ་ཞེས་པའི་འཁོབ་མཐའ་འང་པགས་རློན་ཉི་མར་བརྡལ་བ་བཞིན་རིམ་གྱིས་གཉེར་སྐུམ་གྱི་གནས་སུ་གྱུར་བ་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན། ད་ལྟ་ང་ཚོས་ངོས་འཛིན་བཞིན་པའི་ཞང་ཞུང་སྒོ་བའི་སྒོ་ཕུག་བར་གསུམ་ཞེས་པ་འདི་ནི་དུས་རབས་བདུན་པའི་ནང་སྲོང་བཙན་སྒམ་པོ་དང་ཞང་རྒྱལ་ལིག་མི་རྐྱ་གཉིས་ཀྱི་དུས་སུ་ཞང་ཞུང་དང་བོད་གཉིས་ཀྱི་ས་མཚམས་བགོས་པ་ལྟར་ངོས་འཛིན་གྱི་ཡོད་པ་ལྟར་སྣང་སྟེ། 《སྐྱབས་སྟོན་ཁྲོ་འགྲེལ་》ལས། (31)“སྤྱིར་ཞང་ཞུང་དང་བོད་གཉིས་དང་པོ་ས་བགོས་ལ། གཙང་ཁ་རག་ཡན་ཆད་ཡིན་ལ། ལིག་མི་རྐྱ་ཡི་དུས་ཞང་ཞུང་ལ་དམག་སྟོང་སྡེ་དགུ་ཁྲི་དགུ་འབུམ། སུམ་པའི་སྟོང་བུ་ཆུང་ཡར་དེའི་མངའ་རིས་”ཞེས་པ་ཡིས་ལོ་རྒྱུས་ལ་རྨ་མེད་པའི་གསལ་ཁ་བྱིན་ཡོད། དེ་ན་ཞང་ཞུང་སྒོ་བའི་སྒོ་ཕུག་བར་གསུམ་གྱི་ཡུལ་ཁམས་ཀྱི་འཁོབ་མཐའི་ངོས་འཛིན་ཐད་ལ་ད་སྔ་དེ་འདྲའི་བཤད་ཚུལ་ཁ་ཚོན་གཅོད་ཆོག་པ་ཞིག་མེད་ལ། ལྷག་པར་ལོ་ངོ་སྟོང་ཕྲག་ལྷག་གི་སྔོན་གྱི་ལོ་རྒྱུས་གླེང་བ་ནི་ལག་མཐིལ་ལ་འབུ་ཨ་རུ་ར་བཞག་པ་ལྟ་བུའི་གསལ་བོ་ཞིག་བཤད་དཀའ་མོད། ཡིག་ཆ་རྙིང་གྲས་ཁུངས་བཙུན་པ་དང་ཕྱིས་འབྱུང་གི་མཁས་པ་དག་གི་ཤེས་རབ་ཀྱི་ཀློང་ལས་གྲོལ་བའི་གསུང་རྩོམ་དག་ལ་གཞི་བཅོལ་ཏེ་སྤྲོས་ན། 《སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་བཟང་མགྲིན་རྒྱན་》ལས། (32) “ ཞང་ཞུང་སྒོ་བ་ཞང་ཞུང་དངོས་ཀྱི་ཡུལ། སྟོད་ན་ཁ་ཆེའི་ཡུལ་མཚམས་སིང་གི་ཕྱིན། བྱང་ཕྱོགས་ཧོར་གྱི་གང་རྒྱུན་ཚུན་དང་སྨད། སུམ་པ་གླིང་གི་གྱིམ་ཤོད་ཡན་ཆད་དང་། ལྷོ་རྒྱུད་རྒྱ་གར་ཡུལ་ཁམས་ཚུན”ཞེས་པ་དང་། རྒྱའི་དེབ་ཐེར་《ཡིག་ཚང་རུས་སྦལ་མ་》རུ། (33) “ཞང་ཞུང་ཆེ་བའི་རྒྱལ་ཁམས་ནི། ཤར་ཕྱོགས་བོད་དང་། ནུབ་ཞང་ཞུང་ཆུང་བ། བྱང་ལི་ཡུལ་དང་འབྲེལ་ཞིང་། ཤར་ནུབ་ཏུ་ལེ་བར་སྟོང་ཕྲག་ལྷག་དང་། ཧྲག་དམག་ཁྲི་བརྒྱད་དགུ་ཡོད།” ལུང་འདིར་ཞང་ཞུང་ཆེ་བ་ལས་ནུབ་ཕྱོགས་ཀྱི་ (34) ཞང་ཞུང་ཆུང་བ་དང་བྲུ་ཤ་ཆེ་ཆུང་དག་མེད་ཀྱང་། སྐབས་དེ་ཞང་ཞུང་ཆུང་བ་དང་བྲུ་ཤ་ཆེ་ཆུང་དག་ཞང་ཞུང་གི་མངའ་ཁོངས་ཡིན་པ་ལོ་རྒྱུས་ཀྱི་དེབ་ཐེར་ཀུན་ཁ་གཅིག་མཐུན་ཏུ་གསལ་བས། གོང་གི་ལུང་འདི་དག་གཞིར་བཟུང་བའི་དུས་རབས་བདུན་པའི་ནང་གི་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་དང་བོད་རྒྱལ་སྲོང་བཙན་སྒམ་པོའི་ཁ་བར་ལ། ཞང་ཞུང་སྒོ་བའི་སྒོ་ཕུག་བར་གསུམ་གྱི་འཁོབ་མཐའ་དེ། 《གནའ་བོའི་ཞང་ཞུང་ཤེས་རིག་》ཞེས་པའི་དཔྱད་རྩོམ་ཏུ་ (35) “ཞང་ཞུང་གི་ནུབ་མཐའ་བྲུ་ཤ་ཆེ་ཆུང་སྟེ་( 吉尔吉特 )དེང་གི་ཀ་རྨིར་( 克什米尔 )ལ་འབྲེལ་བ་དང་། བྲུ་ཤ་ནས་ཤར་ནུབ་གྱི་ཕྱོགས་སུ་རི་བོ་ཧི་མ་ལ་ཡའི་རི་རྒྱུད་སྲིང་བའི་དེང་གི་རྒྱ་གར་དང་བལ་ཡུལ་( 印度和尼泊尔 )གྱི་ཡུལ་ཁམས་ཉུང་ཤས་རེ་ཆོད་པ་དང་། བྱང་ཕྱོགས་ཕ་སྨིར་དང་ལི་ཡུལ་གྱི་སའི་ཆ་ཉུང་ཙམ་དང་བྱང་ཐང་སོགས་བརྒྱུད་ནས་ཤར་ཕྱོགས་སུ་བསྲིངས། ཤར་ཕྱོགས་ཀྱི་མཐའ་མཚམས་གསལ་བོ་ཞིག་མི་ཤེས་མོད། བན་དེའི་ཡིག་ཆ་གཞིར་བཟུང་ན། ཤར་མཚམས་བོད་དང་སུམ་པ་འབྲེལ་མཚམས་ཀྱིས་ཆོད། འདིར་བརྗོད་པའི་ཞང་ཞུང་གི་འཁོབ་མཐའི་ཁོངས་སུ་མདོ་ཁམས་འདུས་མེད་”ཅེས་འཁོད་ཡོད་པ་བཞིན་ངོས་འཛིན་བྱས་ན་ལོ་རྒྱུས་དངོས་ཀྱི་དགོངས་གཞི་དང་ཧ་ཅང་མཐུན་ཞིང་ཁ་གསལ་བོ་འདུག་སྙམ། གོང་གི་ལུང་འདིའི་ནང་དུ་“འདིར་བརྗོད་པའི་ཞང་ཞུང་གི་འཁོབ་མཐའི་ཁོངས་སུ་མདོ་ཁམས་འདུས་མེད་”ཅེས་བརྗོད་པར་གཞིགས་ན། སྐབས་དེ་དུས་མདོ་ཁམས་ཀྱི་ས་སྐོར་རེ་ཡང་ཞང་ཞུང་གི་ཁོངས་སུ་འདུ་བ་ངང་གིས་རྟོགས་ཐུབ།
      《འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོའི་སྣང་བ་》ལས། ཞང་ཞུང་དང་བོད་ཀྱི་འཁོབ་མཐའ་དེ་ལས་ཀྱང་ཁ་གསལ་བ་ཞིག་འཁོད་ཡོད་དེ། (36)“མཚོ་མ་པང་ནས་ཤར་དུ་ཞག་བཅུ་ཙམ་ན་དགྲ་བླ་མོའི་རྟེན་གནས་སྟག་རི་ཁྲ་བོ་ཡོད་”ཅེས་དང་། ཡང་“དེའི་བྱང་དུ་གྲྭ་ས་འོག་མ་ར་ལག་གཡུང་དྲུང་གླིང་ཡོད་། དེའི་ཉེ་བར་རྨེའུ་ཚང་གི་གདན་ས་ཟངས་རི་མཁར་དམར། གནམ་མཚོ། གཉན་ཆེན་ཐང་ལྷ་རྣམས་ཡོད། དེ་དག་ཞང་བོད་གཉིས་ཀྱི་བར་མཚམས་ཡིན་པས་ཞང་བོད་གང་དུ་འདྲེན་རུང་ངོ་”ཞེས་འཁོད་ཡོད་པ་ཡིས། སྐབས་དེ་དུས་ཞང་བོད་གཉིས་ཀྱི་ས་མཚམས་དེ་བོད་རུ་བཞིའི་ནུབ་བྱང་གི་མཚམས་སྟག་རི་ཁྲ་བོ་གཞི་བྱས་པ་དང་། ཞང་ཞུང་གི་ལྷོ་མཚམས་དང་ལྷ་ས་ལྟེ་བ་བྱས་པའི་བོད་རུ་བཞིའི་བྱང་མཚམས་དེ་གཉན་ཆེན་ཐང་ལྷའི་རི་རྒྱུད་རིང་མོས་ཆོད་པའི་བྱང་ཕྱོགས་ཞང་ཞུང་གི་ཆབ་ཁོངས་དང་ལྷོ་ཕྱོགས་བོད་ཀྱི་ཆབ་ཁོངས་ཡིན་པ་གསལ་ལོ།། 
      དེ་ལྟར་ན་ཞང་ཞུང་སྒོ་བའི་སྒོ་ཕུག་བར་གསུམ་སོ་སོའི་ཡུལ་ཁམས་དང་ཡུལ་དབུས་ཀྱི་ལྟེ་བ་ངོས་འཛིན་ཐད་ལ་གནའ་དེང་གི་མཁས་པ་མང་བོའི་དགོངས་བཞེད་ཕལ་ཆེར་མདོ་རྩ་གཅིག་ལ་བབས་ཡོད་དེ། 《གངས་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་》ལས། (37) “ཕུག་པ་ཁྱུང་ཆེན་སྤུངས་རི་དང་ཁྱུང་ལུང་དངུལ་མཁར། བར་བ་ལྷ་རི་གྱང་དོ་དང་རྒྱ་མཁར་འཕན་གླིང་། ཤེ་ལེ་རྒྱ་སྐར་དང་ཁྱུང་པོ་གཏིང་རྫོང་།” ཞེས་དང་། 《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་ཁུངས་ཉུང་བསྡུས་》ལས། (38) “སྒོ་ཕྱི་མ་དེ་ལའང་སྒོ་ཕུག་བར་གསུམ་དུ་ཕྱེས་པའི་ཕུག་མ་གངས་ཏི་སེ། བར་མ་རྟ་སྒོ་དྭང་ར། ཕྱི་མ་གྱིམ་ཤོད་ཤེ་ལེ་རྒྱ་དཀར་དུ་བཤད་”ཅེས་པ།《འབེལ་གཏམ་ལུང་གི་སྙིང་པོ་》ལས། (39)“ཞང་ཞུང་སྒོ་བ་འདི་ལ་ཡང་སྒོ་ཕུག་བར་གསུམ་དུ་ཡོད་དེ། ཕུག་པ་ཁྱུང་ལུང་དངུལ་མཁར་གྱི་སྐོར་དང་། བར་པ་དྭང་ར་རྟ་སྒོའི་སྒོར། ཕྱི་མ་གྱིམ་ཤོད་ཤེ་ལེ་རྫོང་དྲུག་གི་སྐོར་ཞེས་འབོད་སྲོལ་ཡོད་”ཅེས་པ། 《གཟི་ཡི་ཕྲེང་བ་》ལས། (40) “ད་ལྟའི་སྟོད་མངའ་རིས་ལ་དྭགས་དང་བཅས་པ་དེ་ཚོ་ལ་ཞང་ཞུང་ཕུག་དང་། དབུས་གཙང་ཕྱོགས་ལ་ཞང་ཞུང་བར་དང་། མདོ་ཁམས་ཀྱི་ཕྱོགས་ལ་ཞང་ཞུང་སྒོ་ཞེས་གྲགས་ཀྱི་ཡོག་རེད་”ཅེས་དང་། 《དྭང་ར་ཁྱུང་རྫོང་གི་དཀར་ཆག་》ལས།(41)“ཞང་ཞུང་གནས་མཆོག་སྒོ་མོ་བར་བའི་ཡུལ། ངོ་མཚར་བཀའ་རྟགས་དང་ར་གཡུ་མཚོ་རུ་”ཞེས་པ་སོགས་དང་། ད་རུང་དེ་ལས་ལྷག་པའི་གསུང་རབ་མང་པོར་གོང་དང་གཅིག་ལྕོགས་ཀྱི་ལྟ་བ་འཁོད་ཡོད་པར་གཞིགས་ན། ང་ཚོའི་ལྟ་བ་གཅིག་ཐོག་ཏུ་དབབ་དགོས་པ་ནི། ཞང་ཞུང་སྒོ་བའི་སྒོ་ཕུག་པ་དང་བར་མ། ཕྱི་མ་གསུམ་དུ་བགོས་པའི་ཕུག་པའི་ལྟེ་བ་ནི་ཁྱུང་ལུང་དངུལ་མཁར་ཡིན་པ་དང་། བར་བའི་ལྟེ་བ་ནི་དྭང་ར་ཁྱུང་རྫོང་། ཕྱི་མའི་ལྟེ་བ་ནི་སུམ་པ་གླིང་གི་གྱིམ་ཤོད་དམ་ (42) ཁྱུང་པོ་རི་རྩེ་དྲུག་ཡིན་པ་གསལ་བོར་ཤེས་ཐུབ། དེ་བཞིན་《ལྷ་རྒྱུད་རིན་ཆེན་ཕྲེང་བ་》གཞིར་བཟུང་ནས། (43)  ཞང་ཞུང་སྒོ་བའི་སྒོ་ཕུག་བར་གསུམ་གྱི་དབྱེ་མཚམས་ལ་ངོས་འཛིན་བྱས་ན། “ཞང་ཞུང་ཕུག་པ་ནི་སྟོད་དང་ར་ཡན་ཆད་དེ། དྭང་ར་ཁྱུང་རྫོང་ཕུག་པའི་སྒོ་བ་ཡིན་”ཞེས་འཁོད་ཡོད་པས། ཞང་སྒོ་བའི་ཕུག་པའི་ཡུལ་དེ་ (44) ཁྱུང་ལུང་དངུལ་མཁར་གྱིས་ལྟེ་བ་བྱེད་པའི་ནུབ་མཐའ་བྲུ་ཤ་ཆེ་ཆུང་(吉尔吉特 )སྟེ་དེང་གི་ཀ་རྨིར་( 克什米尔 )ལ་འབྲེལ་བ་དང་།  བྲུ་ཤ་ནས་ཤར་ནུབ་གྱི་ཕྱོགས་སུ་རི་བོ་ཧི་ལ་ཡའི་རི་རྒྱུད་སྲིང་བའི་དེང་གི་རྒྱ་གར་དང་བལ་ཡུལ་( 印度和尼泊尔 )གྱི་ཟངས་དཀར་སོགས་ཡུལ་ཁམས་ཉུང་ཤས་རེས་ཆོད་པ། ཤར་ལྷོའི་མཚམས་སྟག་རི་ཁྲ་བོ་ནས་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱིས་ཆོད་པ། ཤར་ཕྱོགས་དང་ར་གཡུ་མཚོ་དང་འབྲེལ་བ། བྱང་ཕྱོགས་ཕ་སྨིར་དང་ལི་ཡུལ་གྱི་སའི་ཆ་ཉུང་ཙམ་གྱིས་ཆོད་པའི་དཀྱིལ་ཁམས་ཐམས་ཅད་ཞང་ཞུང་སྒོ་བའི་ཕུག་པའི་ཡུལ་ཁམས་སུ་ངོས་འཛིན་གནང་ན་ལོ་རྒྱུས་དངོས་ཀྱི་དགོངས་གཞི་དང་མཐུན་སྙམ། 
      ཞང་ཞུང་བར་བའི་ཡུལ་ཁམས་ནི། 《ལྷ་རྒྱུད་རིན་ཆེན་ཕྲེང་བ་》རུ། (45)  “དྭང་ར་ཁྱུང་རྫོང་ནས་སྨད་ཀྱི་ཤེ་ལེ་རྒྱ་མཁར་ཡན་ཆད་ཅེས། དེ་ཁྱུང་པོ་རི་རྩེ་དྲུག་ཡིན་པར་གསལ་”ཞེས་འཁོད་ཚུལ་དང་བསྟུན་ཏེ་བཀྲལ་ན། (46) དྭང་ར་ཁྱུང་རྫོང་གིས་ལྟེ་བ་བྱེད་པའི་ནུབ་མཚམས་དྭང་ར་གཡུ་མཚོའི་ཉེ་འཁོར་དང་། ལྷོ་མཚམས་གཉན་ཆེན་ཐང་ལྷའི་ (47)རི་རྒྱུད་ཀྱིས་ཆོད་པ། ཤར་ཕྱོགས་ཁྱུང་པོ་རི་རྩེ་དྲུག་དང་འབྲེལ་བ། བྱང་ཕྱོགས་ཚ་འདམ་གཤོང་ས་ཆེན་མོའི་བྱང་མཐའི་ནུབ་ཁུལ་ལ་གཏུགས་པའི་དཀྱིལ་ཁམས་ཐམས་ཅད་ཞང་ཞུང་སྒོ་བའི་སྒོ་བར་མའི་ཡུལ་ཁམས་ལ་ངོས་བཟུང་ན་གོང་གི་ལུང་དག་དང་མི་འགལ་བར་སྣང་། 
      ཞང་ཞུང་སྒོ་བའི་ཡུལ་ཁམས་ནི། 《ལྷ་རྒྱུད་རིན་ཆེན་ཕྲེང་བ་》རུ་ (48) “ཞང་ཞུང་སྨད་ལ་བོད་ཆེན་པོའམ། སྨད་ཀྱི་མདོ་ཁམས་ཆུ་བཞི་སྒང་དྲུག་ཅེས། དེ་ནི་ཁྱུང་པོ་རི་རྩེ་དྲུག་མན་ཆད་དེ། ཆབ་མདོའི་ལྷོ་བྱང་གཉིས་ཀྱི་སུམ་བྷ་གླང་དཀར་སྟོད་དང་། ལྷོ་ཡི་ཁ་རུབ་ཞེས་པ་སོགས་ནས་བཟུང་ཆུ་བཞི་སྒང་དྲུག་བརྩི་”ཞེས་པ་དང་། 《འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོའི་སྣང་བ་》ལས། (49) “ཁྱུང་པོའི་ལྷོ་ཕྱོགས་ཆབ་མདོ་ནས་རིམ་པར་ལྷོ་རྒྱུད་དུ་པདྨ་བཀོད། ཚ་བ་རོང་། འབྲུག་ཡུལ་གྱི་ཤར་དུ་འཇང་ས་ཐམ་གྱི་ཡུལ་རྣམས་སུ་བོན་པོ་རྙིང་མ་བཀའ་རྒྱུད་ཅི་རིགས་ཡོད་”ཅེས་དང་། ཡང་ (50) “ལྷ་སའི་ཤར་སྨད་ལྟ་བུར་ཉང་དག་རྐོང་གསུམ་དང་བོན་རི་ཆེན་པོ་རྣམས་བཞུགས་སོ་”ཞེས་པ། ཡང་ (51)“ཁྱུང་པོ་དང་བོན་རིའི་བར་ན་སྤུ་བོའི་ཡུལ་”ཞེས་པ།《བོད་ཀྱི་ལོ་རྒྱུས་བཀྲ་ཤིས་གཏེར་བུམ》་ལས། (52)“ལི་ཡུལ་ཞེས་པ་ནི་རྒྱ་ཡིག་ཁྲོད་ཀྱི་( 于阗 )ཞེས་པ་དེ་ཡིན་ལ། དེང་སྐབས་ཞིན་ཅང་དང་ཀན་སུའུ་ (53) “ཏུན་ཧོང་” གི་རྒྱུད་དེ་ལ་ངོས་འཛིན་དགོས་”ཞེས་བྲིས་ཡོད། གོང་གི་ལུང་དེ་དག་ལས་བདེན་དཔང་བྱེད་ཆོག་པ་ནི་ཞང་ཞུང་སྒོ་བའི་ཡུལ་དེ་ (54)ཁྱུང་པོ་རི་རྩེ་དྲུག་གིས་ལྟེ་བ་བྱེད་པའི་ནུབ་མཚམས་ཁྱུང་པོ་རི་རྩེ་དྲུག་གི་ཉེ་འཁོར་དང་། ལྷོ་ནུབ་གོང་པོ་བྱང་སྟོད་ནས་སྤུ་བོའི་ཡུལ་གྱིས་ཆོད་པའི་ཡར་ཀླུང་གཙང་པོའི་ཤར་ཕྱོགས་དང་རྒྱལ་མོ་རྔུལ་ཆུའི་ནུབ་ཁུལ་དེད་ཅིང་། ལྷོ་མཐའ་རྒྱལ་མོ་རྔུལ་ཆུ་དང་རྫ་ཆུ། འབྲི་ཆུ་གསུམ་གྱི་རྒྱུད་དེད་པའི་ས་དམ་( 维西 )གྱི་ཉེ་མཚམས་དང་འབྲེལ། ཤར་ལྷོའི་མཚམས་ས་དམ་ནས་འབྲི་ཆུའི་ཤར་ཕྱོགས་ཀྱི་འབའ་ཐང་དང་ལི་ཐང་གཉིས་ཀྱི་བར་ནས་དྲང་ཤར་སེ་དར་རྩེ་མདོ་ལ་ཆོད་པ། དར་རྩེ་མདོ་ནས་ཤར་ཕྱོགས་སུ་དེད་པའི་རྔ་སྨད་འབར་ཁམས་ལ་གཏུགས་པ། འབར་ཁམས་ནས་བྱང་ཕྱོགས་སུ་འཕྲེད་ཀྱིས་བཅད་དེ་རྔ་སྟོད་རྔ་ཁུལ་ལ་གཏུགས་པ། དེ་ནས་མུ་མཐུད་དུ་བྱང་ཕྱོགས་སུ་དེད་དེ་རྨ་ཆུར་ཐུག་ཚེ་རྨ་འགྲམ་གྱི་ལྷོ་ཕྱོགས་བརྒྱུད་དེ་རྨ་སྟོད་ལ་གཏུགས་པ། རྨ་སྟོད་ནས་ཚ་འདམ་གཤོང་ས་ཆེན་པོའི་ཤར་མཐའ་བརྒྱུད་དེ་ཚ་འདམ་གཤོང་ས་ཆེན་མོའི་བྱང་མཐའ་ལ་གཏུགས་པ། བྱང་མཚམས་ད་ལྟའི་ཀན་སུའུ་དང་ལི་ཡུལ་གཉིས་འདྲེས་མཚམས་ཀྱི་ཏུན་ཧོང་(འདུ་ཁང་)གི་རྒྱུད་ཀྱིས་ཆོད་པའི་ནང་ཁུལ་ཐམས་ཅད་ཞང་ཞུང་སྒོ་བའི་ཡུལ་ཁམས་སུ་ངོས་འཛིན་བྱེད་དགོས་པར་སྣང་། དེར་བརྟེན། 《འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོའི་སྣང་བ་》ལས། (55) “ཁྱུང་པོའི་ཁོག་ཏུ་ཁྱུང་པོ་དཀར་ནག་སེར་གསུམ་དང་གྱི་གདན་ས་དང་། བློ་ལྡན་གྱི་གདན་ས་བྱ་ཟེར་བ་སོགས་ན་ཁྱུང་པོ་སེང་ཆེན་སོགས་དགོན་སྡེ་མང་། ནང་གསེས་ཚོ་པ་སོ་དགུ་དང་། བྱང་ཕྱོགས་རྒྱ་སྡེ་ཉེར་ལྔ་སོགས་ཕལ་ཆེར་བོན་སྡེ་ཡིན་”ཞེས་བྲིས་ཡོད་པ་ནི། ཁྱུང་པོ་རི་རྩེ་དྲུག་གི་ཉེ་འཁོར་གྱི་ཆབ་མདོ་དང་སྡེ་དགེ་སྟོད་སྨད། ཚ་བ་རོང་། སྨར་ཁམས། མཇོ་མདའ། མགར་ཐང་། དར་རྩེ་མདོ། ཡུལ་ཤུལ་སོགས་གཙོ་བོ(56)ཆུ་བཞི་སྒང་དྲུག་གི་རྒྱུད་དུ་མཆིས་པའི་ཚོ་ཁག་དག་ལ་ངོས་འཛིན་དགོས་པར་སྣང་ངོ་།། 
མཇུག་བསྡུ་བ།
      དཔྱད་རྩོམ་འདི་རུ་བདག་གིས་“ཞང་ཞུང་ཤེས་རིག་གིས་མངའ་བསྒྱུར་བའི་ཞང་ཞུང་སྒོ་ཕུག་བར་གསུམ་”དང་།“ཞང་ཞུང་གི་ཆབ་དཔལ་རིག་གསུམ་གྱིས་མངའ་བསྒྱུར་བའི་ཞང་ཞུང་སྒོ་བའི་སྒོ་ཕུག་བར་གསུམ་”བཅས་ཀྱི་མིང་གསར་སྤྱད་དེ་དཔྱད་བརྗོད་སྤེལ་ཡོད་ལ། སྟོན་པ་གཤེན་རབ་མི་བོ་མཆོག་གི་བསྟན་པའི་གདུལ་བྱའི་ཞིང་ཁམས་དུ་གྱུར་ཚད་ཀྱི་ཆ་དང་ཞང་རྒྱལ་རིམ་བྱུང་གིས་ཆབ་དཔལ་རིག་གསུམ་གྱིས་མངའ་བསྒྱུར་བའི་ཆབ་ཁོངས་སུ་གྱུར་ཚད་ཀྱི་ཆ་བཅས་གཉིས་ཀྱི་ཐད་ནས་མིང་དེ་ལྟར་དུ་བཏགས། དེར་ཞང་ཞུང་ཤེས་རིག་གིས་མངའ་བསྒྱུར་བའི་ཞང་ཞུང་སྒོ་ཕུག་བར་གསུམ་ལས་ཕུག་པ་ནི་པར་སིག་སྟེ་དེང་སང་གི་དབྱི་ལིང་བྱ་བ་དེ་ལྟེ་བ་བྱས་པའི་དེའི་ཉེ་འཁོར་གྱི་ཨ་རུབ་དང་དུར་གྱིས། དབྱི་རག་སོགས་ཡུལ་ཁམས་མང་པོ་དང་། ཞང་ཞུང་བར་བ་ནི་དེང་སང་གི་ཨུ་རྒྱན་ལྟེ་བ་བྱས་པའི་ཁ་ཆེ་དང་ཕར་ཁིས་སི་ཐན་སོགས་རི་བོ་ཧི་མ་ལ་ཡའི་རི་རྒྱུད་རིང་མོས་ཆོད་པའི་ལྷོ་ཕྱོགས་ཉེ་འཁོར་གྱི་ཡུལ་ཁམས་མང་པོ་ཞིག་ལ་གོ་ན་འགྲིག་སྙམ། ཞང་ཞུང་སྒོ་བ་ནི་རི་བོ་ཧི་མ་ཡའི་རི་རྒྱུད་རིང་མོས་བར་ཆོད་པའི་བྱང་ཕྱོགས་ཀྱི་ཁྱུང་ལུང་དངུལ་མཁར་གྱིས་ལྟེ་བ་བྱས་པའི་སྟོད་ན་ཁ་ཆེ་འབྲེལ་མཚམས་དང་བྱང་ཕྱོགས་ཧོར་གྱི་གང་རྒྱུན་ཚུན། སྨད་ནས་སུམ་པ་གླིང་གི་གྱིམ་ཤོད་ལྟེ་བ་བྱས་པའི་ཆུ་བཞི་སྒང་དྲུག་གི་ཡུལ་ཁམས་ཀྱི་ཆའི་སྟོད། ལྷོ་རྒྱུད་རྒྱ་གར་ཡུལ་ཁམས་ཚུན་གྱི་གངས་ཅན་བོན་གྱི་ཡུལ་ཁམས་ཀུན་ལ་ངོས་བཟུང་ན་ལོ་རྒྱུས་དངོས་ཀྱི་དགོངས་གཞི་དང་མཐུན་པའི་གཏམ་དུ་རེ།
      ཞང་ཞུང་རྒྱལ་རབས་རིམ་བྱུང་གིས་ཆབ་དཔལ་རིག་གསུམ་གྱིས་མངའ་ཡོངས་སུ་བསྒྱུར་བའི་ཞང་ཞུང་སྒོ་བའི་སྒོ་ཕུག་བར་གྱི་ཆབ་ཁོངས་ནི་ཧ་ཅང་རྒྱ་ཆེ་ཞིང་ཁོད་ཡངས་ཏེ། ཞང་ཞུང་སྒོ་བའི་ཕུག་པའི་ཡུལ་ནི་ཁྱུང་ལུང་དངུལ་མཁར་ལྟེ་བ་བྱས་པའི་ནུབ་མཐའ་བྲུ་ཤ་ཆེ་ཆུང་( 吉尔吉特 )སྟེ་དེང་གི་ཀ་རྨིར་( 克什米尔 )ལ་འབྲེལ་བ་དང་། བྲུ་ཤ་ནས་ཤར་ནུབ་གྱི་ཕྱོགས་སུ་རི་བོ་ཧི་ལ་ཡའི་རི་རྒྱུད་སྲིང་བའི་དེང་གི་རྒྱ་གར་དང་བལ་ཡུལ་( 印度和尼泊尔 )གྱི་ཟངས་དཀར་སོགས་ཡུལ་ཁམས་ཉུང་ཤས་རེས་ཆོད་པ། ཤར་ལྷོའི་མཚམས་སྟག་རི་ཁྲ་བོ་ནས་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱིས་ཆོད་པ། ཤར་ཕྱོགས་དྭང་ར་གཡུ་མཚོ་དང་འབྲེལ་བ། བྱང་ཕྱོགས་ཕ་སྨིར་དང་ལི་ཡུལ་གྱི་སའི་ཆ་ཉུང་ཙམ་གྱིས་ཆོད་པའི་དཀྱིལ་ཁམས་ཐམས་ཅད་ཞང་ཞུང་སྒོ་བའི་ཕུག་པའི་ཡུལ་ཁམས་སུ་འདོད་པ། ཞང་ཞུང་སྒོ་བའི་བར་མའི་ཡུལ་ཁམས་ནི་དྭང་ར་ཁྱུང་རྫོང་གིས་ལྟེ་བྱས་པའི་ནུབ་མཚམས་དྭང་ར་གཡུ་མཚོའི་ཉེ་འཁོར་དང་། ལྷོ་མཚམས་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱིས་ཆོད་པ། ཤར་ཕྱོགས་ཁྱུང་པོ་རི་རྩེ་དྲུག་དང་འབྲེལ་བ། བྱང་ཕྱོགས་ཚ་འདམ་གཤོང་ས་ཆེན་མོའི་བྱང་མཐའི་ནུབ་ཁུལ་ལ་གཏུག་པའི་དཀྱིལ་ཁམས་ཐམས་ཅད་དུ་འདོད། ཞང་ཞུང་སྒོ་བའི་སྒོ་བའི་ཡུལ་དེ་ཁྱུང་པོ་རི་རྩེ་དྲུག་གིས་ལྟེ་བ་བྱེད་པའི་ནུབ་མཚམས་ཁྱུང་པོ་རི་རྩེ་དྲུག་གི་ཉེ་འཁོར་དང་། ལྷོ་ནུབ་གོང་པོ་བྱང་སྟོད་ནས་སྤུ་བོའི་ཡུལ་གྱིས་ཆོད་པའི་ཡར་ཀླུང་གཙང་པོའི་ཤར་ཕྱོགས་དང་རྒྱལ་མོ་རྔུལ་ཆུའི་ནུབ་ཁུལ་དེད་ཅིང་། ལྷོ་མཐའ་རྒྱ་མོ་རྔུལ་ཆུ་དང་རྫ་ཆུ། འབྲི་ཆུ་གསུམ་གྱི་བར་རྒྱུད་དེད་པའི་ས་དམ་( 维西 )གྱི་ཉེ་མཚམས་དང་འབྲེལ། ཤར་ལྷོའི་མཚམས་ས་དམ་ནས་འབྲི་ཆའི་ཤར་ཕྱོགས་ཀྱི་འབའ་ཐང་དང་ལི་ཐང་གཉིས་ཀྱི་བར་ནས་དྲང་ཤར་སེ་དར་རྩེ་མདོ་ལ་ཆོད་པ། དར་རྩེ་མདོ་ནས་ཤར་ཕྱོགས་སུ་དེད་པའི་རྔ་སྨད་འབར་ཁམས་ལ་གཏུག་པ། འབར་ཁམས་ནས་བྱང་ཕྱོགས་སུ་འཕྲེད་ཀྱིས་བཅད་དེ་རྔ་སྟོད་རྔ་ཁུལ་ལ་གཏུག་པ། དེ་ནས་མུ་མཐུད་དུ་བྱང་ཕྱོགས་སུ་དེད་དེ་རྨ་ཆུར་ཐུག་ཚེ་རྨ་འགྲམ་གྱི་ལྷོ་ཕྱོགས་བརྒྱུད་དེ་རྨ་སྟོད་ལ་གཏུག་པ། རྨ་སྟོད་ནས་ཚ་འདམ་གཤོང་ས་ཆེན་པོའི་ཤར་མཐའ་བརྒྱུད་དེ་ཚ་འདམ་གཤོང་ས་ཆེན་མོའི་བྱང་མཐའ་ལ་གཏུག་པ། བྱང་མཚམས་ད་ལྟའི་ཀན་སུའུ་དང་ལི་ཡུལ་གཉིས་འདྲེས་མཚམས་ཀྱི་“ཏུན་ཧོང་” (འདུ་ཁང་)གི་རྒྱུད་ཀྱིས་ཆོད་པའི་ནང་ཁུལ་ཐམས་ཅད་ཞང་ཞུང་སྒོ་བའི་ཡུལ་ཁམས་སུ་ངོས་འཛིན་བྱེད་དགོས་པར་སྣང་། ཁྱུང་པོའི་ཁོག་ཏུ་ཁྱུང་པོ་དཀར་ནག་སེར་གསུམ་གྱི་གདན་ས་དང་། ནང་གསེས་ཚོ་པ་སོ་དགུ་དང་། བྱང་ཕྱོགས་རྒྱ་སྡེ་ཉེར་ལྔ་སོགས་ཕལ་ཆེར་བོན་སྡེ་ཡིན་པའི་གཏམ་དེ་ནི། ཁྱུང་པོ་རི་རྩེ་དྲུག་གི་ཉེ་འཁོར་གྱི་ཆབ་མདོ་དང་སྡེ་དགེ་སྟོད་སྨད། ཚ་བ་རོང་། སྨར་ཁམས།མཇོ་མདའ། མགར་ཐང་། དར་རྩེ་མདོ། ཡུལ་ཤུལ་སོགས་གཙོ་བོ་ཆུ་བཞི་སྒང་དྲུག་གི་རྒྱུད་དུ་མཆིས་བའི་ཚོ་ཁག་དག་ལ་ངོས་འཛིན་དགོས་པར་སྣང་ངོ་།།
      དཔྱད་གཞིའི་ཡིག་ཆ།
      [1] དྲང་རྗེ་བཙུན་པ་རྐང་མིག་གི་གཏེར་མ། 《མདོ་གཟེར་མིག》[M] མིང་ཆ་ཚང་ལ་མདོ་འདུས་པ་རིན་པོ་ཆེའི་རྒྱུད་གཟེར་མིག་ཟེར། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། 1991ལོ།
      [2] བླ་ཆེན་དྲན་པ། 《སྲིད་པ་རྒྱུད་ཀྱི་ཁ་བྱང་།》[M] མིང་ཆ་ཚང་ལ་སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ་ཟེར། ཁོད་པོ་བློ་གྲོས་ཐོགས་མེད་དམ་གྱེར་ཐོགས་མེད་ཀྱིས་སྤྱི་ལོ་1310ལོར་གཏེར་ནས་བཏོན་པའི་དུས་རབས་བཅུ་བཞི་བའི་ནང་གི་དབུ་མེད་ལག་བྲིས་དཔར་མ།
      [3] གྲགས་པ་རིན་ཆེན། 《བསྒྲགས་པ་རིན་ཆེན་གླིང་གྲགས།》[M] མིང་ཆ་ཚང་ལ་བོན་ཆོས་དར་ནུབ་ཀྱི་ལོ་རྒྱུས་བསྒྲགས་པ་རིན་ཆེན་གླིང་གྲགས་ཞེས་བྱ་བ་རྨོངས་པའི་བློའི་གསལ་བྱེད་ཟེར། ཐོབ་གསར་དཔེ་སྐྲུན་ཁང་གི་ཤིང་དཔར་སྣ་རིང་མ།
      [4] གྲུབ་དབང་བསྟན་འཛིན་རིན་ཆེན་རྒྱལ་མཚན། 《ཏི་སེའི་དཀར་ཆགས་ཚངས་དབྱངས་ཡིད་འཕྲོག》[M] མིང་ཆ་ཚང་ལ་འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆགས་ཚངས་དབྱངས་ཡིད་འཕྲོག་ཟེར། ཞང་ཞུང་རིག་གནས་དར་རྒྱས་ཚོགས་པས་གཙོ་གཉེར་བྱས་པའི་2003ལོའི་《ཞང་ཞུང་རིག་གནས་》དུས་དེབ་སྟེང་དུ་གསལ།
      [5] ཤར་རྫ་བཀྲ་ཤིས་རྒྱལ་མཚན། 《ལེགས་རིན་པོ་ཆེའི་གཏེར་མཛོད།》[M] མིང་ཆ་ཚང་ལ་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔྱོད་ལྡན་དགའ་བའི་ཆར་ཟེར། མི་རིགས་དཔེ་སྐྲུན་ཁང༌། 1985ལོའི་ཟླ་9པ།
      [6] རྩོམ་པ་པོ་མི་གསལ། 《ཁྱུང་ཕོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་།》[M] མིང་ཆ་ཚང་ལ་ཁྱུང་ཕོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་ཞེས་བྱ་བའི་དབུ་ཕྱོགས་ཟེར། ཁྲོ་ཆེན་རྒྱལ་བོའི་ཡིག་ཚང་ནས་ཚེ་དབང་རྒྱལ་མཚན་གྱིས་ཉར་ཚགས་བྱས་ཤིང་རྗེས་སུ་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་གྱིས་བསྒྲིགས་ཏེ་དཔར་ལ་བཀོད་པའི་འགོ་བཙེམ་མ། དཔར་སའི་ལས་ཁུངས་དང་དུས་སོགས་མི་གསལ།
      [7] སློབ་དཔོན་བསྟན་འཛིན་རྣམ་དག 《འབེལ་ལུང་།》[M]མིང་ཆ་ཚང་ལ་སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་བོ་ཟེར། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང༌།2005ལོ།
      [8] སྐལ་བཟང་བསྟན་པའི་རྒྱལ་མཚན། 《འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོ།》[M] མིང་ཆ་ཚང་ལ་འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོའི་སྣང་བ་ཟེར། ཤིང་དཔར་དབུ་ཅན་སྣ་རིང་མ།
      [9] དཔལ་ཚུལ། 《སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་བཟང་མགྲིན་རྒྱན།》[M]མིང་ཆ་ཚང་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་འགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ་ཟེར། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང༌། 1988ལོ།
      [10] བསྟན་འཛིན་རྣམ་དག 《བོན་གྱི་བསྟན་འབྱུང་ཉུང་བསྡུས།》[M] མིང་ཆ་ཚང་ལ་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་ཁུངས་ཉུང་བསྡུས་ཟེར། སྤྱི་ལོ་1974 ལོར་མཁས་གྲུབ་རྒྱ་མཚོས་ཐོབ་རྒྱལ་གསར་པ་ནས་དཔར་དུ་བཏབ་པའི་དབུ་ཅན་སྣ་རིང་མ།
      [11] ཀུན་བཟང་བློ་གྲོས། 《ལྷ་རྒྱུད་རིན་ཆེན་ཕྲེང་བ།》[M]མིང་ཆ་ཚང་ལ་ཞང་བོད་ཀྱི་ལོ་རྒྱུས་བསྟན་འབྱུང་ལྷ་རྒྱུད་རིན་ཆེན་ཕྲེང་བ མ་བཅོས་གསེར་གྱི་ཡང་ཞུན་ཟེར། མི་རིགས་དཔེ་སྐྲུན་ཁང་། 2003ལོ།[12] ནམ་མཁའི་ནོར་བུ། 《གཟི་ཡི་ཕྲེང་བ།》[M] མིང་ཆ་ཚང་ལ་བོད་རིགས་གཞོན་ནུ་རྣམས་ལ་གྲོས་སུ་འདེབས་པ་གཟི་ཡི་ཕྲེང་བ་ཟེར། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1894ལོ།
      [13] རྒྱལ་གཤེན་མི་ལུས་བསམ་ལེགས། 《མ་རྒྱུད་སངས་རྒྱས་རྒྱུད་ཀྱི་འགྲེལ་བའི་དབུ་འཆད།》 [M] དབུ་མེད་ཤིང་དཔར་སྣ་རིང་མ།
      [14] ཁྱུང་པོ་བློ་གྲོས་རྒྱལ་མཚན། 《གླིང་གཞི་བསྟན་པའི་འབྱུང་ཁུངས།》[M] དུས་རབས་བཅུ་བཞི་བའི་ནང་གི་དབུ་མེད་ལག་བྲིས་སྣ་རིང་དཔར་མ།
      [15] ཁྱུང་པོ་བློ་གྲོས་རྒྱལ་མཚན། 《རྒྱལ་རབས་བོན་གྱི་འབྱུང་གནས།》[M] དུས་རབས་བཅུ་བཞི་བའི་ནང་མཛད། རྗེས་སུ་སློབ་དཔོན་བསྟན་འཛིན་རྣམ་དག་གིས་ལག་བྲིས་མཛད་པའི་དབུ་ཅན་དཔར་མ་སྣ་རིང་མ།
      [16] རྩོམ་པ་པོ་མི་གསལ། 《ཁྱུང་རབས་གཡུ་མགོ་མ།》[M]དབུ་མེད་ཤིང་དཔར་སྣ་རིང་མ།
      [17] རྩོམ་པ་པོ་མི་གསལ། 《གངས་རི་མཚོ་གསུམ་གྱི་གནས་ཡིག་དཀར་ཆག་ཡིད་ཆེས་གསལ་སྒྲོན།》[M] དབུ་མེད་ལག་བྲིས་སྣ་རིང་དཔར་མ།
      [18] སྣང་ཞིག་འདུལ་བ་རྒྱལ་མཚན། 《དང་ར་ཁྱུང་རྫོང་གི་དཀར་ཆག་གསལ་བའི་མེ་ལོང་།》[M] ཞང་ཞུང་རིག་གནས་དར་རྒྱས་ཚོགས་པའི་གཙོ་གཉེར་བྱས་པའི་2003ལོའི་《ཞང་ཞུང་རིག་གནས་》དུས་དེབ་སྟེང་གསལ།
      [19] ནམ་མཁའི་ནོར་བུ། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད།》[M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། 1996ལོ།
      [20] གུ་གེ་ཚེ་རིང་རྒྱལ་པོ། 《མངའ་རིས་ཆོས་འབྱུང་།》[M]མིང་ཆ་ཚང་ལ་མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན་ཟེར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོ།
      [21] ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 《རླངས་ཀྱི་པོ་ཏི་བསེ་རུ།》[M] མིང་ཆ་ཚང་ལ་རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་ཟེ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། 1986ལོ།
      [22] དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་དགའ།》[M] མིང་ཆ་ཚང་ལ་ཆོས་འབྱུང་མཁས་པའི་དགའ་སྟོན་ནམ་དམ་པའི་ཆོས་ཀྱི་འཁོར་ལོ་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན་ཟེར། མི་རིགས་དཔེ་སྐྲུན་ཁང༌། 2006ལོ།
      [23] དགེ་འདུན་ཆོས་འཕེལ། 《དེབ་ཐེར་དཀར་པོ།》[M]མིང་ཆ་ཚང་ལ་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེར་ཐེར་དཀར་པོ་ཟེར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌།1988ལོ།
      [24] ཚེ་རིང་ཐར། 《ཞང་ཞུང་གི་ཤེས་རིག》[J] བོད་ལྗོངས་ཞིབ་འཇུག 1985ལོའི་དེབ་གཉིས་པ།
      [25] ཀྲང་ཁོང་། 《ཞང་ཞུང་གླེང་བ།》[J] བོད་ལྗོངས་ཞིབ་འཇུག 1982ལོའི་དེབ་གཉིས་པ།
      [26] གཡུང་དྲུང་སྐྱབས། 《ཞང་ཞུང་རྒྱལ་པོ་ལྀག་མྱྀ་རྷའི(ལིག་མི་རྐྱ)སྐོར་ལ་དཔྱད་པ།》[J] 《ཀྲུང་གོའི་བོད་རིག་པ》2008ལོའི་དེབ་གསུམ་པ།
      [27] 苏晋仁、肖链子校正:《册府元龟》(吐蕃使料校正)[M],四川民族出版社,1981年。
      [28] 顿珠拉加:《西藏苯教简史》[M],西藏人民出版社, 2007年5月。
      [29] 得荣•泽仁邓珠:《藏族历史•吉祥宝瓶》[M],西藏民族出版社,2001年8月。
      [30] 才让太:《古老的象雄文明》[J],刊《西藏研究》1985年第2期。
      [31] 才让太:《冈底斯神山崇拜及其周边的古代文化》[J],刊《中国藏学》1996年第1期。
      [32] 黄布凡:《象雄历史地理考略》[J],刊《西北史地》1996年第1期。
      [33] 张琨著,王文华译:《论象雄》[J],刊《西藏研究》1982年第1期。
      མཆན་འགྲེལ།
      ①རྩོམ་པ་པོ་མི་གསལ། 《ཁྱུང་ཕོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་》ཞེས་པར་གསལ། [M] p.36 དེབ་འདི་ནི་ཁྲོ་ཆེན་རྒྱལ་པོའི་ཡིག་ཚང་ནས་ཚེ་དབང་རྣམ་རྒྱལ་དུ་འབོད་པས་ཉར་ཚགས་བྱས་པའི་ཡིག་རྙིང་ཞིག་ཡིན། རྗེས་སུ་ལི་ཤི་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་གྱིས་པེ་ཅིན་ནང་བསྟན་སློབ་གླིང་ནས་བསྒྲིགས་ཏེ་དཔར།
      ②རྩོམ་པ་པོ་མི་གསལ། 《ཁྱུང་རབས་གཡུ་མགོ་མ》 [M] p.3 དབུ་མེད་ཤིང་དཔར་སྣ་རིང་མ་ཞིག་ཡིན།
      ③Samten G•Karmay A Lexicon of Zhangzhung and Bonpo Terms p.217 “ཞང་། 1.གདུང་དང་རུས་ཤིག a clan or lineage 2.ཡུལ་ལམ་ལུང་བ། the valley or a place, or residence of a person” འཇར་པན་གྱི་རྒྱལ་སྐྱོང་མི་རིགས་རིགས་པ་དངོས་མང་བཤམས་སྟོན་ཁང་།
      ④སློབ་དཔོན་བསྟན་འཛིན་རྣམ་དག 《འབེལ་གཏམ་ལུང་གི་སྙིང་བོ》 [M] ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་། 2005ལོ། p.26
      ⑤ཞང་ཞང་སྒོ་ཕུག་བར་གསུམ་དང་ཞང་ཞུང་སྒོ་བའི་སྒོ་ཕུག་བར་གསུམ་ཞེས་བཤད་སྲོལ་ཡོད་པ་ལས། ཞང་ཞུང་ཤེས་རིག་གིས་མངའ་བསྒྱུར་བའི་ཞང་ཞུང་སྒོ་ཕུག་བར་གསུམ་དང་ཆབ་དཔལ་རིག་གསུམ་གྱིས་མངའ་བསྒྱུར་བའི་ཞང་ཞུང་སྒོ་བའི་སྒོ་ཕུག་བར་གསུམ་ཞེས་པ་ཅིག་ད་སྔའི་བར་དུ་བཤད་སྲོལ་བྱུང་མེད་མོད། འདི་ནི་བདག་གིས་ལོ་རྒྱུས་དཔེ་དེབ་སྐོར་ཞིག་ལ་བལྟས་རྗེས་ཀྱི་རང་ཉིད་ཀྱི་མྱོང་ཚོར་རམ་ལྟ་བ་གསར་བའི་ཆ་ཙམ་ཡིན་པས་དཔྱད་པར་འཚལ།
      ⑥ཁྱུང་པོ་བློ་གྲོས་རྒྱལ་མཚན། 《གླེང་གཞི་བསྟན་པའི་འབྱུང་ཁུངས》 [M] དུས་རབས་14 བའི་ནང་གི་དབུ་མེད་ལག་བྲིས་མ། p.9
      ⑦ཁྱུང་པོ་བློ་གྲོས་རྒྱལ་མཚན། 《རྒྱལ་རབས་བོན་གྱི་འབྱུང་གནས》 [M] རྩོམ་པ་པོས་དུས་རབས་14 བའི་ནང་དུ་མཛད་ཅིང་། རྗེས་སུ་སློབ་དཔོན་བསྟན་འཛིན་རྣམ་དག་གིས་ལག་བྲིས་བྱས་པའི་དབུ་ཅན་དཔར་མ། p.10
      ⑧ཤར་རྫ་བཀྲ་ཤིས་རྒྱལ་མཚན། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》[M] མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ་9པ། p.41
      ⑨ཁྱུང་པོ་བློ་གྲོས་རྒྱལ་མཚན། 《གླེང་གཞི་བསྟན་པའི་འབྱུང་ཁུངས》 [M] དུས་རབས་14 བའི་ནང་གི་དབུ་མེད་ལག་བྲིས་མ། p.9
      ⑩གྲགས་པ་རིན་ཆེན། 《བསྒྲགས་པ་རིན་ཆེན་གླིང་གྲགས》[M] ཐོབ་གསར་དཔེ་སྐྲུན་ཁང་གི་དབུ་ཅན་ཤིང་དཔར་སྣ་རིང་མ། p.61
      ⑾དགེ་འདུན་ཆོས་འཕེལ། 《དེབ་དཀར》 [M] མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ་3པའི་པེ་ཅིན་གྱི་དཔར་ཐེངས་གཉིས་པ། p7
      ⑿ནམ་མཁའི་ནོར་བུ། 《གཟི་ཡི་ཕྲེང་བ》 [M] ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1894ལོའི་ཟླ་4པ། p.45
      ⒀ཐུབ་བསྟན་ཕུན་ཚོགས། 《བོད་རིག་པ་སྤྱི་བཤད》 [M] མི་རིགས་དཔེ་སྐྲུན་ཁང་། 2007ལོའི་ཟླ་9པ། p.193
      ⒁ཀུན་བཟང་བློ་གྲོས། 《ལྷ་རྒྱུད་རིན་ཆེན་ཕྲེང་བ》 [M] མི་རིགས་དཔེ་སྐྲུན་ཁང་། 2003ལོའི་ཟླ་6པ། p.68
      ⒂《ལྷ་རྒྱུད་རིན་ཆེན་ཕྲེང་བ་》ཡི་ཤོག་ངོས་68 ལྟར་ན། (རྒྱལ་ཕྲན་བཅུ་གཉིས་ནི། 1.ཡུལ་འཆིམས་ཡུལ་གྲུ་ཤུལ་ན། འཆིམས་རྗེ་ནི་གུ་ཡོད། བློན་པོ་སྣང་དང་དེང་། 2. ཞུང་ཞུང་ཡུལ་ན་ནི། རྒྱལ་པོ་ལིག་སྙ་ཤུར། རྨ་དང་ར་སངས་བློན། 3. མྱང་རོ་ཕྱོང་དཀར་ན། གཙང་རྗེ་ཐོང་དཀར། བློན་པོ་གནང་བན། 4.གནུབས་ཡུལ་གླིང་དགུ་ན། གནུབས་རྗེ་དམིགས་པ། བློན་པོ་རྨེའུ་དང་འབྲོ། 5. ཡུལ་མྱང་རོ་ཤམ་པོར་ན། ལོ་ངམ་རྗེ་འབྲེལ་བློན་པོ་ཤེ་པུང་གཉིས། 6.ཡུལ་གྱི་ལྗོན་སྔོན་ན། རྗེ་རྨང་པོ། བློན་པོ་ངམ་དང་འབྲོ། 7. ཡུལ་ངས་སོ་ཁྲ་སྣར་ཟིངས་རྗེ་ཁྲི་འཕྲང་གསུམ་བློན། མགར་དང་གཉན། 8. ཡུལ་འོལ་ཕུ་སྤང་མཁར་དུ། ཟིང་རྗེ་ཐོན་ཕྲེང་། བློན་རྔོག་དང་སྦས། 9.སྲིབ་ཡུལ་གྱི་རལ་གོང་དུ། བྲང་རྗེ་གུང་རྣམ། བློན་པོ་སྤྲད་དང་ཞུགས། 10. ཡུལ་རྐོང་ཡུལ་བྲེལ་སྣར་ན་ལྷ་རྗེ་རྐོང་རྗེའི་དཀར་པོ། བློན་པོ་མཁར་བ་དང་ཕ་དྲུག་གཉིས། 11.ཡུལ་ཉང་ཡུལ་རྣམ་གསུམ་ན་ཉང་བཙུན་གླང་རྒྱལ། བློན་པོ་ཕུག་དང་ངོ་རྗེ། 12. དྭགས་ཡུལ་གྲུ་བཞི་ན་རྒྱལ་དྭགས་རྗེ་མང་པོ། བློན་རླངས་དང་གམ་གཉིས།)
      ⒃ཁྱུང་པོ་བློ་གྲོས་རྒྱལ་མཚན། 《རྒྱལ་རབས་བོན་གྱི་འབྱུང་གནས》 [M] རྩོམ་པ་པོས་དུས་རབས་14བའི་ནང་དུ་མཛད་ཅིང་། རྗེས་སུ་སློབ་དཔོན་བསྟན་འཛིན་རྣམ་དག་གིས་ལག་བྲིས་བྱས་པའི་དབུ་ཅན་དཔར་མ། p.85
      ⒄得荣•泽仁邓珠:《藏族历史•吉祥宝瓶》[M],西藏民族出版社,2001年。(བོད་དཔེ་དེབ་འདིའི་ཤོག་ངོས་22པ་ལྟར་ན། བོད་དབུས་གཙང་རུ་བཞིན་ནི་དེང་དུས་ཀྱི་ལྷ་ས་དང་ནག་ཆུ། ལྷོ་ཁ། ཉིང་ཁྲི། གཞིས་ཀ་རྩེ་བཅས་དང་། དེང་དུས་ཀྱི་འབྲུག་ཡུལ་དང་འབྲས་ལྗོངས། བལ་ཡུལ་བཅས་ཀྱི་ཡུལ་ཁམས་རེ་ཡང་ཁོངས་སུ་གཏོགས།)
      ⒅⒆གུ་གེ་ཚེ་རིང་རྒྱལ་པོ། 《མངའ་རིས་ཆོས་འབྱུང་》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོའི་ཟླ་12པ། p.19 p.1
      ⒇ཁྱུང་པོ་བློ་གྲོས་རྒྱལ་མཚན། 《གླེང་གཞི་བསྟན་པའི་འབྱུང་ཁུངས》[M] དུས་རབས་14བའི་ནང་གི་དབུ་མེད་ལག་བྲིས་མ། p.11
      (21)གྲགས་པ་རིན་ཆེན། 《བསྒྲགས་པ་རིན་ཆེན་གླིང་གྲགས》 [M] ཐོབ་གསར་དཔེ་སྐྲུན་ཁང་གི་དབུ་ཅན་ཤིང་དཔར་སྣ་རིང་མ། p.31
      (22)སྐལ་བཟང་བསྟན་པའི་རྒྱལ་མཚན། 《འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོའི་སྣང་བ》 [M] ཤིང་དཔར་སྣ་རིང་། p.35
      (23)ལུང་འདི་ནི་རྒན་ཚེ་རིང་ཐར་ལགས་ཀྱིས་སློབ་ཁྲིད་སྟེང་བརྗོད་པའི་ཟིན་བྲིས་ལྟར་བཤུས་པ་ཡིན།
      (24)རྒྱལ་གཤེན་མི་ལུས་བསམ་ལེགས། 《མ་རྒྱུད་སངས་རྒྱས་རྒྱུད་ཀྱི་འགྲེལ་གྱི་དབུ་འཆད》 [M] ཤིང་དཔར་སྣ་རིང་མ། p.308
      (25)སློབ་དཔོན་བསྟན་འཛིན་རྣམ་དག 《སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་ཁུངས་ཉུང་བསྡུས》 [M] དབུ་ཅན་ལག་བྲིས་སྣ་རིང་མ། p.569
      (26)དཔལ་ཚུལ། 《སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་བཟང་མགྲིན་རྒྱན》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོའི་ཟླ་11པ། p.34
      (27) སྐབས་འདི་དུས་བོན་གྱི་ཡུལ་ཁམས་ཞེས་བྲིས་ན་ལོ་རྒྱུས་དངོས་དང་མཐུན་སྙམ།
      (28) རྒྱལ་གཤེན་མི་ལུས་བསམ་ལེགས། 《མ་རྒྱུད་སངས་རྒྱས་རྒྱུད་ཀྱི་འགྲེལ་གྱི་དབུ་འཆད》[M] ཤིང་དཔར་སྣ་རིང་མ། p.323
      (29)གྲུབ་དབང་བསྟན་འཛིན་རིན་ཆེན་རྒྱལ་མཚན། 《ཏི་སེའི་དཀར་ཆགས་ཚངས་དབྱངས་ཡིད་འཕྲོག》 [M] ཞང་ཞུང་རིག་གནས་དར་རྒྱས་ཚོགས་པའི་གཙོ་གཉེར་བྱས་པའི་2003ལོའི་《ཞང་ཞུང་རིག་གནས་》དུས་དེབ་སྟེང་གསལ། p.24
      (30)ཁྱུང་པོ་བློ་གྲོས་རྒྱལ་མཚན། 《རྒྱལ་རབས་བོན་གྱི་འབྱུང་གནས》 [M] རྩོམ་པ་པོས་དུས་རབས་14བའི་ནང་དུ་མཛད་ཅིང་། རྗེས་སུ་སློབ་དཔོན་བསྟན་འཛིན་རྣམ་དག་གིས་ལག་བྲིས་བྱས་པའི་དབུ་ཅན་དཔར་མ། p.98
      (31)ལུང་འདི་སློབ་དཔོན་བསྟན་འཛིན་རྣམ་དག་གིས་མཛད་པའི་《འབེལ་ལུང་》གི་ཤོག་ངོས་23པར་གསལ།
      (32)དཔལ་ཚུལ། 《སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་བཟང་མགྲིན་རྒྱན》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོའི་ཟླ་11པ། p.34
      (33)《册府元龟》[M],卷九五八外臣部邑二,页二一,11277上。
      (34)བོད་ལྟར་ན་ཞང་ཞུང་སྟོད་སྨད་གཉིས་ལས་ཞང་ཞུང་ཆེ་བ་དང་ཆུང་བ་ཞེས་འབོད་སྲོལ་མེད་མོད། འདིར་ཞང་ཞུང་ཆེ་བ་དང་ཞང་ཞུང་ཆུང་བ་ཞེས་བྲིས་ཡོད་པ་ནི་རྒྱའི་བཤད་ཚུལ་ཡིན་པར་འདུག
      (35)才让太:《古老的象雄文明》[J],《西藏研究》1985年第2期,第57页。
      (36)སྐལ་བཟང་བསྟན་པའི་རྒྱལ་མཚན། 《འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོའི་སྣང་བ》 [M] ཤིང་དཔར་སྣ་རིང་། p.15
      (37)གྲུབ་དབང་བསྟན་འཛིན་རིན་ཆེན་རྒྱལ་མཚན། 《ཏི་སེའི་དཀར་ཆགས་ཚངས་དབྱངས་ཡིད་འཕྲོག》[M] ཞང་ཞུང་རིག་གནས་དར་རྒྱས་ཚོགས་པའི་གཙོ་གཉེར་བྱས་པའི་《ཞང་ཞུང་རིག་གནས་》2003ལོའི་དུས་དེབ་སྟེང་གསལ། p.32
      (38)སློབ་དཔོན་བསྟན་འཛིན་རྣམ་དག 《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་ཁུངས་ཉུང་བསྡུས》 [M] ལག་བྲིས་སྣ་རིང་མ། p.569
      (39)སློབ་དཔོན་བསྟན་འཛིན་རྣམ་དག 《འབེལ་ལུང》 [M] ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་། 2005ལོའི་ཟླ་1པ། p.29
      (40)ནམ་མཁའི་ནོར་བུ། 《གཟི་ཡི་ཕྲེང་བ》 [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1989ལོའི་ཟླ་4པ། p.38
      (41)སྣང་ཞིག་འདུལ་བ་རྒྱལ་མཚན། 《དྭང་ར་ཁྱུང་རྫོང་གི་དཀར་ཆགས》 [M] ཞང་ཞུང་རིག་གནས་དར་རྒྱས་ཚོགས་པའི་གཙོ་གཉེར་བྱས་པའི་《ཞང་ཞུང་རིག་གནས་》2003ལོའི་དུས་དེབ་སྟེང་གསལ། p.122
      (42)ཡུལ་འདི་ལ་ཁྱུང་པོ་རི་རྩེ་དྲུག་ཟེར་དོན་《ཁྱུང་ཕོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་》ཤོག་ངོས་48ན་གསལ་ཏེ། “དེར་ལུང་པ་དེ་ལ་ཁྱུང་པོ་རྩེ་དྲུག་ཏུ་བཏག་”ཅེས་འཁོད་ཡོད་པ་བཞིན་གཙོ་བོ་ཁྱུང་འཕག་ཁྲ་བོ་སྟོད་ནས་སྨད་ལ་བསྟན་པ་སྤེལ་དུ་ཡོང་དུས་ཆེས་ཐོག་མར་བབས་པའི་གནས་དེར་མིང་དེ་ལྟར་ཁྱུང་པོ་རི་རྩེ་དྲུག་ཏུ་ཐོགས་པ་གསལ། གོང་གི་ཁྱུང་འཕག་ཁྲ་བོ་ཡུལ་དེ་བྱོན་པའི་དུས་ཚོད་ཞང་ཞུང་རྒྱལ་པོ་ལིག་མི་རྐྱའི་རྗེས་ཀྱི་མི་རབས་གསུམ་ཙམ་གྱི་འཕྲོ་ཡིན་པས་ཕལ་ཆེར་དུས་རབས་བརྒྱད་པའམ་དགུ་བའི་ནང་ཡིན་ཤས་ཆེའོ།།
      (43)(45)(48)ཀུན་བཟང་བློ་གྲོས། 《ལྷ་རྒྱུད་རིན་ཆེན་ཕྲེང་བ》 [M] མི་རིགས་དཔེ་སྐྲུན་ཁང་། 2003ལོའི་ཟླ་6པ། p.53 p.53 p.55
      (44)(46)(54)顿珠拉加:《西藏苯教简史》[M],西藏人民出版社,2007年5月。(དེབ་འདི་ཤོག་ངོས་1རུ་གསལ་པ་ལྟར་ན། ཁྱུང་ལུང་དངུལ་མཁར་ནི་དེ་དུས་ཀྱི་མངའ་རིས་ས་ཁུལ་གྱི་གར་རྫོང་ཁོངས་ཀྱི་གངས་ཏི་སེའི་ནུབ་ཕྱོགས་ཀྱི་ས་ལམ་སུམ་བཅུ་ཙམ་གྱི་སར་ཡོད་ཅེས་འཁོད་འདུག) བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2007ལོའི་ཟླ་5པ།
      (47)རི་རྒྱུད་དང་ཆུ་བོ། གྲོག་རོང་ཆེན་པོ་དང་ལུང་ཤུར། བྲག་རི་དང་ནགས་ཚལ་སོགས་ཀྱིས་ས་རྟགས་བྱེད་པ་དེ་བོད་ཀྱི་ས་མཚམས་འབྱེད་སྟངས་ཁྱད་ཆོས་གཙོ་བོ་རེད།
      (49)(50)(51)སྐལ་བཟང་བསྟན་པའི་རྒྱལ་མཚན། 《འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོའི་སྣང་བ》 [M] ལག་བྲིས་སྣ་རིང་མ། p.18 p.17 p.18
      (52)得荣•泽仁邓珠:《藏族历史•吉祥宝瓶》[M],西藏民族出版社,2001年8月,第22页。
      (53)李文实:《西陲古地与羌藏文化》[M],青海人民出版社,2006年,第116页。( དེབ་འདི་རུ་“ཏུན་ཧོང་”ཞེས་པའི་ཐ་སྙད་འདི་བདག་གིས་སྔོན་ཆད་བོད་ཀྱི་སྐད་ཡིག་ལ་བྱང་ཆ་ཆེ་བའི་མཁས་པ་མང་བོར་དྲིས། ཁོ་ཚོས་བདག་གིས་དྲན་སློང་དང་ཚོད་བགམ་བྱས་པ་ནང་བཞིན། མཇུག་མཐར་བློ་མཐུན་བསོད་ནམས་རྒྱལ་གྱིས་འདི་ནི་བོད་ཀྱི་“འདུ་ཁང་”དང་གཅིག་ལ། དོན་ཆོས་འདོན་སའི་དོན་རེད་ཟེར། བདག་གིས་འདོད་ཚུལ་ལའང་དེ་ཧ་ཅང་དོན་དང་མཐུན་པ་ཞིག་རེད་སྙམ།)
      (55)སྐལ་བཟང་བསྟན་པའི་རྒྱལ་མཚན། 《འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོའི་སྣང་བ》 [M] ཤིང་དཔར་སྣ་རིང་། p.16
      (56)ཀུན་བཟང་བློ་གྲོས། 《ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་》ཡི་ཤོག་ངོས་55བར་གསལ་པ་ལྟར། ( ཆུ་བཞི་ནི། འབྲི་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ། རྨ་ཆུ་བཞི་དང་། འབྲི་ཆུ་དང་རྫ་ཆུའི་བར་གྱི་འབྲི་རྫ་ཟལ་མི་སྒང་དེ་ལ་སྡེ་དགེ་སྟོད་སྨད་ཀྱི་ཡུལ་གྲུ་ཆགས་ཡོད། ཆབ་མདོའི་རྫ་ཆུ་དང་རྒྱལ་མོ་རྔུལ་ཆུའི་བར་ཚ་བ་སྒང་དེ་ལ་རོང་སྟོད་སྨད་དང་བོན་གྱི་གནས་རི་རོང་བཙན་ཁ་དཀར་པོ་ཞེས་རིག་འཛིན་མཁའ་འགྲོའི་ཚོགས་ཞིང་གི་གནས་རི་ཡིན་པར་གསལ། འབྲི་ཆུའི་བྱང་རྒྱུད་ཀྱི་སྨད་དུ། དམར་རྫ་སྒང་ནི་རྫ་ཆུ་ཁ་སྟོད་སྨད་རྨ་སྟོད་ལྷོ་རྒྱུད་སོགས་ལ་ཡོད་པར་གསལ། རྔུལ་ཆུའི་བྱང་རྒྱུད་དང་རྨ་ཆུའི་ལྷོ་རྒྱུད་དུ་སྨར་ཁམས་སྒང་དེ་ལ་རྔ་སྨད་འབར་ཁམས་རྒྱལ་མོ་རོང་རྔ་སྟོད་མགོ་ལོག་བར་ཡོད་པར་གསལ། མི་ཉག་རབ་སྒང་ནི། མགར་ཐར་(ཐང)མན་ཆད་དང་དར་རྩེ་མདོ་ཡན་ཆད་ཡིན་པར་གསལ། སྤོ་འབོར་སྒང་ཞེས་པ་རྨ་ཆེན་སྤོམ་རའི་རི་རྒྱུད་ཡིན་པ་གྲགས་པ་ལྟར་ན། ཆབ་མདོའི་བྱང་ཤར་གྱི་སུམ་པ་གླང་དཀར་སྟོད་ནས་རྨ་ཆུའི་གཡས་གཡོན་མགོ་ལོག་དང་ཁྲོམ་གེ་སར་ཙོང་ཁའི་ཡུལ་སོགས་ལ་བཤད་པར་མངོན།)

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...