སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
༄༅།།རྗེ་ཙོང་ཁ་བའི་རྣམ་ཐར་ཡིག་ཆའི་རིགས་དབྱེའི་སྐོར་ལ་གསར་དུ་དཔྱད་པ།
རྩོམ་པ་པོ། ཀུན་དགའ་དབང་ཕྱུག རྩོམ་སྒྲིག་པ། Lhamo དུས་ཚོད། 2019-11-5 9:34:00 རྩོམ་ཁུངས། ཁྱུང་སྔོན་རྩོམ་རིག་འཕྲིན་སྟེགས། ཀློག་གྲངས།
༄༅།།རྗེ་ཙོང་ཁ་བའི་རྣམ་ཐར་ཡིག་ཆའི་རིགས་དབྱེའི་སྐོར་ལ་གསར་དུ་དཔྱད་པ།
ཀུན་དགའ་དབང་ཕྱུག ཟི་ལིང་།
གླེང་གཞི།
      བོད་ཀྱི་རྣམ་ཐར་ཡིག་ཆ་ཀུན་གྱི་ནང་ནས་གྲངས་ཚད་ཆེས་མང་བ་ནི་རྗེ་ཙོང་ཁ་བའི་རྣམ་ཐར་ཡིན་པ་བསྙོན་དུ་མེད་དེ། ད་ལྟའི་བར་རྗེ་ཙོང་ཁ་བའི་སྐོར་ལ་རྣམ་ཐར་དྲུག་ཅུ་ལྷག་ཡོད་པས་སོ།།རྗེ་ཙོང་ཁ་བ་འཁྲུངས་ནས་བགྲང་བྱ་སོ་དྲུག་པར་བྱོན་པའི་ཀུན་མཁྱེན་ཡེ་བཟང་རྩེ་བས[1]་(1392-1481)དེ་དུས་ས་ཆེན་པོ་འདི་རྗེ་བཙུན་ཙོང་ཁ་བའི་གདུགས་དཀར་བོ་གཅིག་གིས་ཁྱབ་པར་བྱས་ནས་ཡོད་པ་ཡིན་ཞེས་གསུངས་པ་ལྟར་དོན་ལ་གནས་པའི་བསྔགས་བརྗོད་དུ་གསུངས་[2]ལ།  མདོར་བསྡུས་ན་བོད་ཀྱི་གྲུབ་མཐའ་མཐའ་དག་གི་སྡོམ་ལྟ་བུ་གྱུར་སྟེ། ཇོ་བོ་རྗེ་ནས་བཀའ་གདམས་པར་བརྒྱུད་པའི་ལམ་རིམ་དང་། བློ་སྦྱོང་གི་གདམས་པར་གྲགས་པ་རྣམས་དང་། རྔོག་ལོ་ཡབ་སྲས་སོགས་ནས་བརྒྱུད་པའི་མངོན་པ། ཕར་ཕྱིན། དབུ་ཚད་ཀྱི་གཞུང་ཆེན་པོ་རྣམས་ཀྱི་བཤད་སྲོལ་དང་། མར་འགོས་སོགས་ལས་བརྒྱུད་པའི་གསང་འདུས། རྭ་འབྲོ་ཤོང་སོགས་ལས་བརྒྱུད་པའི་དུས་འཁོར། ས་ཆེན་ཡབ་སྲས་སོགས་ལས་བརྒྱུད་པའི་བདེ་མཆོག་དང་དགྱེས་རྡོར། དམར་གྱི་བླ་མ་རྣམས་ལས་བརྒྱུད་པའི་གསང་བདག་འཁོར་ལོ་ཆེན་པོ། རྭ་སྐྱོ་ཞང་གསུམ་ལས་བརྒྱུད་པའི་དམར་ནག་འཇིགས་གསུམ་གྱིས་མཚོན་མདོར་ན་རྒྱུད་སྡེ་བཞིའི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་དབང་དང་རྒྱུད་ཀྱི་བཤད་པ། བསྐྱེད་རྫོགས་ཀྱི་ཁྲིད་སོགས་ཀྱི་གདམས་པ་ཟབ་མོ་མཐའ་ཡས་པ་རྣམས་དང་། བཀའ་བརྒྱུད་པའི་ཆོས་ཀྱི་སྙིང་བོ་བདེ་སྟོང་ཕྱག་རྒྱ་ཆེན་པོ་དང་། ནཱ་རོ་དང་ནི་གུའི་ཆོས་དྲུག གཞན་ཡང་གཅོད་དང་ལམ་ཁྱེར་དང་། རོ་སྙོམས་སུ་གྲགས་པ་སོགས་མན་ངག་ཟབ་མོར་བྱེད་པ་ཇི་སྙེད་མཆིས་པ་མཐའ་དག་མ་ཚང་བར་མེད་[3]པར་ཉམས་ལེན་དུ་བསྟར་ཞིང་། བོད་ཀྱི་ཆོས་བརྒྱུད་རིས་མེད་ལ་སློབ་གཉེར་གནང་སྟེ། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འཆད་རྩོད་རྩོམ་གྱི་སྒོ་ནས་གཏན་ལ་ཕབ་པས། ལུང་རིགས་སྨྲ་བའི་ཁྱུ་མཆོག་ཏུ་གྱུར། དེའི་སྟབས་ཀྱིས་དེ་དུས་རྗེ་བུ་སློབ་ཏུ་མ་གྱུར་བ་མེད་པར་སྣང་ངོ་།།དེ་ལ་བརྟེན་ནས་ཆོས་བརྒྱུད་རིས་མེད་ཀྱི་མཁས་པ་དག་གིས་རིམ་པར་མཛད་པའི་རྣམ་ཐར་གྲངས་ལས་འདས་པ་བྱུང་བ་དེ་དག་གི་རིགས་དབྱེའི་སྐོར་ལ་ད་སྔ་ཞིབ་ཏུ་དཔྱད་པ་མ་མཐོང་སྟེ། རྣམ་ཐར་དེ་དག་རང་གིས་བརྩམས་པའི་རང་རྣམ་དང་གཞན་གྱིས་བརྩམས་པ་དང་།ཐུན་མོང་བའི་རྣམ་ཐར། གསང་རྣམ་མམ་ཐུན་མོང་མ་ཡིན་པའི་རྣམ་ཐར། ཆོས་འབྱུང་དེབ་ཐེར་དུ་བཀོད་པའི་རྣམ་ཐར། གསོལ་འདེབས་སྨོན་ལམ་གྱི་རྣམ་ཐར་བཅས་རིགས་དུ་མ་མཆིས་པ་རྣམས་རྣམ་པ་དང་སྒྲིག་གཞི། རྩོམ་སྟངས་སོགས་དབྱེ་སྒོ་དུ་མ་ནས་དབྱེ་ཆོག་པས་དེ་དག་རིམ་ཅར་གྱིས་དཔྱད་པར་བྱ་བ་ལ། 
དང་པོ། གསར་དུ་འབུས་པའི་རྣམ་ཐར་སྔ་གྲས་སྐོར། 
གཅིག རང་གིས་བརྩམས་པའི་རང་རྣམ་དང་འབྲེལ་ཡོད་ཡིག་ཆའི་སྐོར། 
      རྗེ་ཙོང་ཁ་བའི་རྣམ་ཐར་ཡིག་ཆ་ཕལ་ཆེ་བར་རང་རྣམ་རྟོགས་བརྗོད་འདུན་ལེགས་མ་[4]ག་དུས་བརྩམས་པ་དོ་སྣང་བྱས་མེད་ལ། མཚན་བྱང་དངོས་ནི་པར་མ་སོ་སོའི་མཇུག་བྱང་དུ་བྱུང་བ་ལྟར།རང་གི་རྟོགས་པ་བརྗོད་པ་མདོ་ཙམ་བཤད་པ་ཞེས་པའོ།།རྗེ་ཙོང་ཁ་བས་རང་རྣམ་འདི་ཉིད་ནམ་བརྩམས་པ་རྗེ་ཙོང་ཁ་བའི་རྣམ་ཐར་སོགས་སུ་གསལ་བོར་མི་སྣང་ནའང་། སྤྱི་ལོ་1454ལོར་བརྩམས་པའི་གུང་རུ་རྒྱལ་མཚན་བཟང་བོའི་(1383-1450)རྣམ་ཐར་དུ། བྱ་ལོའི་(སྤྱི་ལོ་1417)བར་རྗེ་ཙོང་ཁ་བའི་སྐུ་མདུན་དུ་བཞུགས་ནས་ཆོས་གསན་པའི་གྲས་སུ་རྟོགས་བརྗོད་འདུན་ལེགས་མ་བཀོད་[5]པར་གཞིགས་ན། རྗེ་ཙོང་ཁ་བས་སྤྱི་ལོ་1417ལོ་སྟེ། དགུང་ལོ་རེ་གཅིག་གི་སྔོན་ཙམ་དང་། སྐུ་ཚེ་སྨད་དུ་བརྩམས་པ་གོར་མ་ཆག་ལ། མཇུག་བྱང་དུའང་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་བ་ནི་དཀའ་བཞི་བ་རིན་ཆེན་དཔལ[6]་ཞེས་གསུངས་པས། སྐུ་ཚེ་སྨད་དུ་དགའ་ལྡན་དུ་བཞུགས་དུས་བརྩམས་པ་ཤེས་ནུས་སོ།།
      རྟོགས་བརྗོད་འདི་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སུ་བྱུང་བའི་རང་རྣམ་ཐོག་མའི་གྲས་ཡིན་ལ། འདི་ལ་དོ་སྣང་ཙམ་མིན་པར་དངོས་སུ་ཡིག་ཆ་གལ་ཆེན་དུ་བཟུང་ནས་འགྲེལ་བ་ཐོག་མར་རྩོམ་མཁན་ནི་གུང་རུ་རྒྱལ་མཚན་བཟང་བོ་ཡིན་ཞིང་། ཁོང་གིས་རོང་བོ་ཚེ་དབང་རྒྱལ་གྱིས་བསྐུལ་བར་བརྟེན་ནས་རྗེ་ཙོང་ཁ་བ་ཆེན་པོའི་རྣམ་ཐར་མདོ་ཙམ་དུ་བཤད་པའི་འགྲེལ་བ་ལེགས་བཤད་སྒྲོན་མེ་ཞེས་པ་མཛད། དེ་ཉིད་ཀྱི་རྣམ་ཐར་དད་པའི་རོལ་མཚོར། བྱི་བ་ལོ་(སྤྱི་ལོ་1408)ནས་བྱ་ལོའི་(སྤྱི་ལོ་1417)བར་དགུང་ལོ་ཉེར་དྲུག་ནས་སོ་ལྔའི་བར་དུ། རྗེ་རིན་པོ་ཆེ་ནས་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་དང་བྱམས་བསྟོད་ཚངས་པའི་ཅོད་པན། ཉམས་མགུར། རང་གི་རྟོགས་བརྗོད་སོགས་གསན་པ་བཀོད་འདུག་པས། ཐོག་མར་རྗེ་ཙོང་ཁ་བ་ལས་སྤྱི་ལོ་1417ལོའི་སྔོན་ཙམ་དུ་རང་རྣམ་གྱི་ཞལ་ཁྲིད་དངོས་སུ་གསན་ཏེ། ཕྱིས་སུ་ཡིག་ཆ་མང་བོ་གུང་བསྒྲིགས་ནས་བརྩམས་པ་ ཡིན་པ་རྣམ་ཐར་འགྲེལ་བ་དེ་ཉིད་ལས་རྟོགས་པར་འགྱུར་རོ།།
      རྣམ་ཐར་གཞན་དང་འགྲེལ་བ་ཐོག་མ་དེ་ཉིད་དུ་རྟོགས་བརྗོད་ཀྱི་བརྩམས་ལོ་གསལ་བོར་མ་བཀོད་པས། དེའི་ཕྱིས་སུ་ཕུར་ལྕོག་ངག་དབང་བྱམས་པས(1682-1762)་བརྩམས་པའི་རྟོགས་བརྗོད་རིན་པོ་ཆེའི་འདུན་ལེགས་མའི་འགྲེལ་བ་མཁས་པའི་གཞུང་ལམ་དང་། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་སྤྱི་ལོ་1741ལོར་བརྩམས་པའི་རྗེ་རིན་པོ་ཆེའི་རྣམ་ཐར་དང་འབྲེལ་བའི་རྟོགས་བརྗོད་ཀྱི་འགྲེལ་བ་དགོངས་པ་རབ་ཏུ་གསལ་བར་བྱེད་པའི་སྒྲོན་མེ། ཞང་སྟོན་བསྟན་པ་རྒྱ་མཚོས(1825-?)རྟོགས་བརྗོད་འདུན་ལེགས་མའི་འགྲེལ་བ།  ཆ་ཧར་བློ་བཟང་ཚུལ་ཁྲིམས་ཀྱིས་སྤྱི་ལོ་1800ལོར་བརྩམས་པའི་རྗེ་ཙོང་ཁ་བའི་རྣམ་ཐར་ཆེན་མོ་དང་། འབྲུག་རྒྱལ་དབང་ཆོས་རྗེས་སྤྱི་ལོ་1843ནས་1845བར་བརྩམས་པའི་རྗེ་ཙོང་ཁ་བའི་རྣམ་ཐར་ཆེན་མོ་རྣམས་སུའང་མི་གསལ་ལོ།།
      རྟོགས་བརྗོད་ཀྱི་འགྲེལ་བ་ཐོག་མ་དེ་ཉིད་ཀྱང་ག་དུས་བརྩམས་པ་སྦྱར་བྱང་དུ་གསལ་བོར་གསུངས་མེད་ཀྱང་། དུས་ཕལ་ཆེར་རྟོགས་ནུས་ཏེ། འགྲེལ་བ་དེ་ཉིད་དུ། མཚན་བརྗོད་པར་དཀའ་བའི་རྗེ་བཙུན་ཙོང་ཁ་བ་ཞེས་སྦྱར་བས་རྟོགས་བརྗོད་ཀྱི་འགྲེལ་བ་བརྩམས་དུས་རྗེ་ཙོང་ཁ་བ་དགོངས་པ་རྫོགས་པ་ཤེས་ནུས་ཏེ། སྐུ་བཞུགས་པའི་དུས་སུ་དེ་འདྲའི་བརྗོད་སྲོལ་མེད་པའི་ཕྱིར་རོ།།ད་དུང་སྒྲུབ་བྱེད་གསལ་བོ་ཞིག་ནི་འགྲེལ་བ་དེ་ཉིད་དུ། ཚ་ཁོ་བ་ངག་དབང་གྲགས་པ་གླེང་བའི་ཐད། ཕྱིས་རྒྱལ་མོ་རོང་སྨད་དུ་རྗེ་བཙུན་ཡབ་སྲས་ཀྱི་བསྟན་པ་རྒྱས་པར་མཛད་པ་དེའི་ལྟས་ཡིན་པ་འདྲ་ཞེས་རྗེ་བཙུན་ཡབ་སྲས་ཞེས་དང་། བསྟན་པ་རྒྱས་པ་ཞེས་པའི་བརྗོད་ཚུལ་གྱིས་ཀྱང་རྗེ་ཙོང་ཁ་བ་གཤེགས་ནས་དུས་ཡུན་ཅུང་འགྱངས་པའམ་ལོ་ངོ་སོ་གཉིས་མ་ལོངས་ཙམ་དུ་བརྩམས་པ་རྟོགས་ཐུབ། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་འགྲེལ་བའི་མཇུག་བྱང་དུ་གཞུང་འདིའི་འགྲེལ་བ་སྔོན་མ་མཐོང་ཡང་རང་བློས་གང་དཔོག་གིས་རྗེའི་རྣམ་ཐར་སྤྱི་འགྲོ་བསྡུས་པ་ཞིག་སྔོན་དུ་བཏང་བའི་རྟོགས་བརྗོད་ཀྱི་འགྲེལ་བ་འཕྲོས་དང་བཅས་པ་འདི་ཅོ་ནེའི་དགོན་ཉིད་དུ་སྦྱར་བའོ་[7]ཞེས་གསུངས་པར་གཞིགས་ན། བརྩམས་པའི་དུས་སུ་གུང་རུ་བས་མཛད་པའི་རྟོགས་བརྗོད་འདུན་ལེགས་མའི་འགྲེལ་བ་མ་མཇལ་ཞིང་། དེ་ཉིད་དཔེ་རྒྱུན་ཤིན་ཏུ་དཀོན་པ་ཤེས་ནུས་པའི་ཕྱིར་རོ།།    
      རྩ་བའི་རྟོགས་བརྗོད་འདིའི་ཁྱད་ཆོས་རྨད་དུ་བྱུང་བ་ཞིག་ནི། དང་པོར་རྒྱ་ཆེའི་ཐོས་པ་མང་དུ་བཙལ་བ་དང་། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་ཚུལ། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་པའི་ས་བཅད་གསུམ་དུ་དགར་ནས་རྩོམ་སྟངས་སྔ་ན་མེད་པ་བསྟན་ཞིང་། དོན་གྱིས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་གཅིག་གྲོགས་གཅིག་གིས་འཁྱེར་ཤེས་དགོས་པའི་རྣམ་ཐར་གྱིས་བསྟན་པ་ལ་འཇུག་པའི་སྒོ་གསལ་བོར་བསྟན་པས། རང་གི་རྟོགས་པ་གཞན་ལ་ངོམ་ཕྱིར་མིན་པར་བོད་གངས་ཅན་སྤྱིའི་བསྟན་པའི་གནས་བབ་ལ་གཞིགས་ཏེ་ཕྱི་རབས་རྗེས་འབྲངས་དང་བཅས་པའི་ལམ་སྟོན་ནམ་ལམ་ཡིག་ཏུ་བསམས་ནས་ཕྱག་རྩོམ་གནང་བ་ཤིན་ཏུ་གསལ་ལོ།།
      དེ་ཡང་ཡིན་ཏེ། གཞན་གྱིས་རང་གི་རྟོགས་པ་བརྗོད་པ་འོས་མིན་པར་བསམས་ན། དེ་ལ་རྟོགས་བརྗོད་རང་དུ། འབད་པ་ཆུང་ངུས་རླབས་ཆེན་ཚོགས་སྡུད་ལ།།དགེ་ལ་རྗེས་སུ་ཡི་རང་མཆོག་ཏུ་གསུངས།།ཞེས་རིན་པོ་ཆེ་སྡུད་པ་དང་ཡུམ་གྱི་མདོ། སྤྱོད་འཇུག དཀོན་མཆོག་སྤྲིན་གྱི་མདོ། སངས་རྒྱས་ཕལ་བོ་ཆེ་སོགས་ལས་ལུང་དྲངས་ནས་བསྒྲུབས་ཡོད་ལ། ཐ་ན་རྩ་བའི་ས་བཅད་དང་པོར་རྒྱ་ཆེའི་ཐོས་པ་མང་དུ་བཙལ་དགོས་པ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་རྒྱུད་བླ་མ། ཤེས་རབ་བརྒྱ་བ། བསྔགས་འོས་བསྔགས་བསྟོད། དྲང་སྲོང་རྒྱུན་ཤེས་ཀྱིས་ཞུས་པའི་མདོ། མངོན་པ་མཛོད།  ལང་ཀར་གཤེགས་པའི་མདོ། ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ། རྣམ་པར་མི་རྟོག་པའི་བསྟོད་པ་སོགས་ལས་ལུང་དྲངས་པ་དང་། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་དགོས་ཚུལ་ནི། རྗེ་རང་གི་ལམ་རིམ་ཆེན་མོ་དང་། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་དགོས་པ་ནི། ལྷག་བསམ་བསྐུལ་བའི་མདོ་དང་། ཕལ་བོ་ཆེ། འོད་སྲུང་གིས་ཞུས་པའི་མདོ། ཏིང་ངེ་འཛིན་རྒྱལ་བོ། དཔལ་ལྡན་ཇོ་བོའི་ཐེག་ཆེན་ལམ་གྱི་སྒྲུབ་ཐབས་སོགས་ལས་དྲངས་ལ། དེ་དག་ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ་བའི་དགོས་པ་ནི་དཔུང་བཟང་གི་རྒྱུད་དང་། འཇམ་དཔལ་ཞིང་གི་བཀོད་པའི་མདོ། བྱང་ཆུབ་སེམས་དཔའི་སྡེ་སྣོད། སོ་སོ་ཐར་བའི་མདོ། སྤྱོད་འཇུག བསྟོད་པ་བརྒྱ་ལྔ་བཅུ་བ་སོགས་མདོ་རྒྱུད་ཀྱི་ལུང་མང་དུ་དྲངས་པ་རྣམས་རྗེ་ཙོང་ཁ་བའི་བཞེད་ཚུལ་ཇི་ལྟ་བ་གུང་རུ་བས་འགྲེལ་བར་དྲངས་པ་ཡིན་ནམ་སྙམ་མོ།།
      རྟོགས་བརྗོད་འདིའི་ནང་། འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ།།ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག།རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས།།ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས།།ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས།།ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ།།ཟབ་མོའི་ཐེག་དེ་ཇི་ལྟ་བུ་ཞིག་ཅེས།།འཚོལ་བར་མི་བྱེད་མཁས་པའི་ཁུར་འཛིན་པ།།དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན།།དེ་ལས་གཞན་པའི་དབང་བོ་རྟུལ་བོ་གང་།།ཞེས་རྗེ་ཙོང་ཁ་བའི་གསུང་འབུམ་པོ་ཏི་ཡོངས་རྫོགས་ལས་ཚིག་བཙན་པོ་གཉིས་[8]ལས་གཅིག་འདིར་འབྱུང་བས། རང་རྣམ་འདི་ནི་གཞན་ལུགས་དགག་སྒྲུབ་དང་བཅས་པའི་རྩོམ་སྟངས་ཤིག་ཀྱང་མངོན་ལ། ཁྱད་པར་དུ། བོད་གངས་ཅན་ལྗོངས་སུ་རྒྱན་དྲུག་མཆོག་གཉིས་ཞེས་པའི་ཐ་སྙད་གསར་དུ་བཏགས་པ་ལས། རྒྱན་དྲུག་ཅེས་པའི་ཐ་སྙད་གསར་བ་ནི་རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་དུས་སུ་ཐོག་མར་བྱུང་ཡང་། རྗེ་ཙོང་ཁ་བས་འདུལ་བའི་བསྟན་པ་ལ་མཛད་པ་རྒྱ་ཆེ་བ་བསྐྱངས་པས་མཆོག་གཉིས་ཞེས་པའི་ཐ་སྙད་སྦྱར་ཏེ། གསུང་འབུམ་དུའང་རྒྱན་དྲུག་མཆོག་གཉིས་ཀྱི་གསོལ་འདེབས་ཞིག་བརྩམས་ཡོད་ལ། རྟོགས་བརྗོད་འདིར་ཡང་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི།།གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས།།ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས།།ཞེས་ཐོས་བསམ་སྒོམ་གསུམ་ཟུང་འབྲེལ། མཁས་བཙུན་བཟང་གསུམ་ཟུང་འབྲེལ། ལྟ་སྒོམ་སྤྱོད་གསུམ་ཟུང་འབྲེལ། ཞི་ལྷག་ཟུང་འབྲེལ། མདོ་སྔགས་ཟུང་འབྲེལ་ལ་སོགས་པའི་ཟུང་འབྲེལ་མང་བོ་ཡོད་པ་དེ་དག་བསྐྱར་གསོ་གནང་[9]བ་དང་། ཁྱད་པར་དུ་རྣམ་ཐར་གྱི་གཙོ་བོ་ཐོས་བསམ་སྒོམ་གསུམ་དང་ཁ་མ་གྱེས་པ་[10]དང་། རྗེ་ཙོང་ཁ་བའི་སྐུ་ཚེ་གཅིག་གི་དམིགས་ཡུལ་ནི་སངས་རྒྱས་བསྟན་པ་ཇི་མ་ཇི་བཞིན་བོད་ཡུལ་དུ་སྤེལ་བའི་[11] ཆེད་ཡིན་ཕྱིར། རྣམ་ཐར་ལོ་རྒྱུས་ཙམ་མ་ཡིན་པར་རིང་ནས་ཡིད་ལ་བཅགས་པའི་དགོངས་བཞེས་གནད་ཆེ་བ་རྣམས་དམིགས་སུ་བཏོན་ནས་རང་གི་སློབ་གཉེར་བྱེད་ལུགས་རྣམས་རང་བཞིན་བརྗོད་པའི་སྒོ་ནས་བསྟན་པའོ།།
      གསུང་རྩོམ་ཕྱོགས་བསྒྲིགས་ཀྱི་གོ་རིམ་ནང་བཀྲ་ཤིས་ལྷུན་པོའི་པར་མ་ནས་ད་ལྟ་ལ་ཐུག་གི་བར་དུ་པོད་དང་པོའི་རྣམ་ཐར་གྱི་དབུ་རུ་དྲངས་མེད་ནའང་།  འདི་ནི་རྗེ་ཙོང་ཁ་བ་རང་གིས་བརྩམས་པའི་སྒྲོ་འདོགས་བྲལ་བའི་རྣམ་ཐར་འབའ་ཞིག་ཡིན་ལ། དེར་མདོ་སྔགས་ཀྱི་གཞུང་གང་དང་གང་སྦྱངས་པ་རྣམས་གུང་རུ་བས་མཛད་པའི་འགྲེལ་བ་གཉིས་ཟུང་དུ་འབྲེལ་ན་རྣམ་ཐར་གྱི་འགངས་ལ་གོ་བ་རྒྱ་ཆེར་བསྐྱེད་ནུས་པས། རྣམ་ཐར་ཞིབ་འཇུག་གི་སྐབས་སུ་ཆེས་གལ་ཆེ་བའི་ཡིག་ཆ་ཞིག་ཏུ་སྣང་ངོ་།།
གཉིས། བུ་སློབ་དག་གིས་བརྩམས་པའི་རྣམ་ཐར། 
      བུ་སློབ་དག་གིས་བརྩམས་པའི་རྗེ་ཙོང་ཁ་བའི་རྣམ་ཐར་ནི།མཁས་གྲུབ་དགེ་ལེགས་དཔལ་བཟང་(1385-1438)གིས་བརྩམས་པའི་རྣམ་ཐར་དད་པའི་འཇུག་ངོགས་དང་གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ།  རྟོགས་ལྡན་འཇམ་དཔལ་རྒྱ་མཚོས(1356-1428)་བརྩམས་པའི་ཟུར་འདེབས་རྣམ་ཐར་ལེགས་བཤད་ཀུན་འདུས། འཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་ཆེན་བཞིའི་ཡ་གྱལ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་(1379-1449)གྱིས་བརྩམས་པའི་གསང་བའི་རྣམ་ཐར་གསོལ་འདེབས། རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་བརྩམས་པའི་གསང་བའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བའི་གཏམ།[12] ལྷོ་བྲག་གྲུབ་ཆེན་དང་མཇལ་ཚུལ། མཁས་གྲུབ་རྗེ་ལ་ཚེམས་གནང་བའི་སྐོར་དང་བཅས་པའི་རྣམ་ཐར་དྲུག་ནི་སྡེ་དགེ་པར་མ་དང་ཞོལ་པར་མར་བཞུགས་ཀྱང་། བཀྲ་ཤིས་ལྷུན་པོའི་པར་མ་དང་བླ་བྲང་པར་མ། སྐུ་འབུམ་པར་མ་བཅས་སུ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་བརྩམས་པའི་གསང་བའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བའི་གཏམ་ནི་ཆད་འདུག་སྟེ།  གསུང་འབུམ་པར་མ་སྔ་གྲས་དག་ཏུ་མི་སྣང་བའི་ཕྱིར་རོ།།
      སྐུ་འབུམ་པར་མ་ནི་སྐུ་འབུམ་ཁྲི་ཆེན་ཞེ་དགུ་བ་བུམ་པར་ངག་དབང་ཆོས་ཀྱི་ཉི་མའི་སྐབས་ཏེ་སྤྱི་ལོ་1728ལོར་ཤིང་པར་དུ་བརྐོ་མགོ་ཚུགས་ཏེ། སྤྱི་ལོ་1832ལོར་ལེགས་པར་གྲུབ་པའོ།།དེའི་ཕྱིས་སུ་དཔར་བའི་སྡེ་དགེ་དང་ཞོལ་པར་མར་རྣམ་ཐར་སྔ་གྲས་སུ་གྱུར་བ་རྣམས་གསུང་འབུམ་གྱི་པོད་དང་པོའི་དབུར་གསར་དུ་བསྣན་པས། རྣམ་ཐར་དེ་དག་ཀུན་གྱིས་གཙིགས་སུ་བཟུང་ཞིང་། ལུང་དྲངས་པ་མང་ལ། ཁྱད་པར་དུ་དུས་རབས་བཅུ་དགུ་བའི་བར་ཏེ་ཆ་ཧར་བློ་བཟང་ཚུལ་ཁྲིམས་དང་འབྲུག་རྒྱལ་དབང་ཆོས་རྗེས་བརྩམས་པའི་རྗེ་ཙོང་ཁ་བའི་རྣམ་ཐར་བྱུང་བའི་བར་དང་བྱུང་ནས་ཀྱང་དུས་ཡུན་ཅུང་འགྱངས་པའི་ནང་།མཁས་གྲུབ་ཀྱིས་བརྩམས་པའི་རྣམ་ཐར་གཉིས་ནི་ཡིག་ཆ་རྣམས་སུ་རྣམ་ཐར་ཆེ་ཆུང་གཉིས་ཞེས་གྲགས་ཆེ་བ་བྱུང་།  རྣམ་ཐར་ཆེ་ཆུང་འདི་གཉིས་ཀྱི་སྔ་གཞུག་གི་གོ་རིམ་ནི་གཞུང་འདིའི་བྱེད་པོས་གཞན་དུ་བྲིས་ཟིན་[13]པས་བསྐྱར་ཟློས་ཀྱི་ངལ་བ་སྤངས།
      གཞན་ད་དུང་རྗེ་དངོས་སློབ་ལེགས་བཟང་[14]གིས་བརྩམས་པའི་རྗེ་བཙུན་ཙོང་ཁ་བ་ཆེན་པོའི་རྣམ་ཐར་ངོ་མཚར་ཅན་དང་། རྗེ་རིན་པོ་ཆེའི་རྣམ་ཐར་རབ་གསང་རྨད་བྱུང་གཏམ་གྱི་དགའ་སྟོན་བྱིན་རློབས་ཀྱི་ཆར་རྒྱུན་དངོས་གྲུབ་ཀྱི་གཏེར་འབྱེད་རིན་པོ་ཆེའི་ཕྲེང་བ་བཞུགས་[15]པ་སོ་སོར་བཤད་ཀྱང་། འདི་གཉིས་གཅིག་གོ། རྣམ་ཐར་འདི་རྗེ་ཙོང་ཁ་བའི་གསུང་འབུམ་པོད་དང་པོར་བཀོད་པའི་རྣམ་ཐར་ཕྱོགས་བསྒྲིགས་ཀྱི་གྲས་སུ་ཚུད་མེད།  སྐབས་འདིར་བྱུང་རིམ་གྱི་ཆ་ནས་བཤད་ན། རྣམ་ཐར་འདི་དག་གི་རྩ་བའི་སྒྲོམ་ལྟ་བུ་ནི་རྗེ་ཙོང་ཁ་བ་བཞུགས་དུས་བརྩམས་ཡོད་དེ། ལེགས་པ་བཟང་བོས་ཚུལ་འདི་ནི་འཇིག་རྟེན་གསུམ་གྱི་བླ་མ་རྗེ་བཙུན་དམ་པ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་གྱི་སྤྱན་སྔར་མིག་མཆི་མ་དང་བཅས་ཏེ་གསོལ་བ་དྲག་ཏུ་བཏབ་པའི་ངོར་ཆོས་ཐུན་ཉེར་གཅིག་གནང་བ་ཀུན་བཟུང་ཞིང་ཡིད་ལ་བསམས་པ་རྣམས་སྒྲུབ་པའི་བརྟུལ་ཞུགས་འཛིན་པ་རྣམས་ཀྱི་ནང་ན་ཟླ་དང་བྲལ་བ་སྒྲུབ་པ་དཔལ་གྱི་བཀའ་སྩལ་བའི་ངོར། ཟིན་རིས་(བྲིས)སུ་བྲིས་ནས་རྗེའི་སྤྱན་སྔར་གཟིགས་པ་ཕུལ། དག་ཐེར་མཛད་རྗེད་པ་རྣམས་དྲན་གསོས། སྔར་མ་གསུངས་པ་རྣམས་གསར་དུ་གསུངས་པ་དང་། བདག་ཅག་ཟིན་བྲིས་ལ་བརྩོམ་(རྩོམ་)སྟན་མཛད་ནས་མང་དུ་ཐོས་པ་དགེ་ལེགས་དཔལ་བཟང་བོས་སྦྱར་བ་ལ་ཡང་ཁོ་བོས་མ་ཐོས་པའི་ངོ་མཚར་བའི་གཏམ་ཅི་འདུག་བལྟས་ཏེ་ཕན་ཚུན་གུང་བསྒྲིགས་ཏེ་ཤིན་ཏུ་གལ་ཆེ་བ་རྣམས་ཀྱི་ས་བོན་མ་ལུས་པར་ཚང་བར་སྤོང་བ་བ་ལེགས་པ་བཟང་བོས་གདན་ས་ཆེན་པོ་དགེ་ལྡན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་[16]ཞེས་བཀོད་པའི་གནས་བརྟན་ལེགས་བཟང་ནི་རྣམ་ཐར་ཐོག་མར་ཞུ་བ་བོ་དང་། མཁས་གྲུབ་ཀྱིས་བརྩམས་པའི་དད་པའི་འཇུག་ངོགས་ཀྱང་རྩོམ་གདན་འདི་ལ་བརྟེན་ནས་བྱུང་བ་ཤིན་ཏུ་གསལ་བ་དང་།མཁས་གྲུབ་དགེ་ལེགས་དཔལ་བཟང་བོས་གསང་བའི་རྣམ་ཐར་དུའང་། རྗེ་ཙོང་ཁ་བ་ལ་འབྲོག་རི་བོ་དགའ་ལྡན་དུ་གསེར་གྱི་མེ་ཏོག་དང་བཅས་པའི་མཎྜལ་སྔོན་དུ་བཏང་སྟེ་གསོལ་བ་བཏབ་པ་ལས། རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་བརྩེ་བ་ཆེན་པོས་ཉེ་བར་གཟིགས་ཏེ། དགྱེས་བཞིན་དུ་བཀའ་སྩལ་བ་ཅུང་ཟད་ཅིག་མཆིས་པ་དག  རྗེ་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་བཤེས་གཉེན་སྡེ་སྣོད་དང་རྒྱུད་སྡེ་འཛིན་པ། ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་གྱིས་ཕྱུག་པ་ཤིན་ཏུ་མང་བོ་ཞིག་གིས་ཐུགས་ཀྱི་འདུན་པ་ཤུགས་དྲག་པོས་ཞལ་ཏ་ནན་ཆེར་གནང་ཞིང་བསྐུལ་བའི་བཀའི་ཁུར་ལྕི་བས་ནོན་པར་གྱུར་ཏེ། སླར་ཡང་རྗེ་བླ་མ་ཉིད་ལ་གསོལ་བ་བཏབ་ཅིང་། ཡི་གེར་འགོད་པའི་གནང་བ་སྤྱི་བོར་མནོས་[17]ཞེས་གསུངས་པ་ལས། གནས་བརྟན་ལེགས་བཟང་གི་ཕྱིས་སུ་དད་པའི་འཇུག་ངོགས་བརྩམས་པའི་གོ་རིམ་ནང་གསང་རྣམ་གྱི་སྐོར་རྗེ་ཙོང་ཁ་བ་ལ་དངོས་སུ་ཞུས་ཤིང་ཡི་གེར་བཀོད་པའི་གནང་བ་ཐོབ་པ་ཤེས་ཐུབ། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་བརྩམས་པའི་གསང་བའི་རྣམ་ཐར་གསོལ་འདེབས་སུ། མྱ་ངན་མི་འདའ་ཆོས་འཁོར་བསྐོར་བར་བསྐུལ་ཞེས་གསུངས་པས། མྱ་ངན་ལས་འདས་པའི་རྗེས་སུ་བརྩམས་པ་དཔོག་ཐུབ། རྩ་བའི་ཆ་ནས་མཁས་གྲུབ་ཀྱིས་བརྩམས་པའི་གསང་བའི་རྣམ་ཐར་དང་། གནས་བརྟན་ལེགས་པ་བཟང་བོས་བརྩམས་པའི་རྗེའི་རྣམ་ཐར་བཅས་ནི་རྗེ་ཙོང་ཁ་བ་བཞུགས་པའི་དུས་སུ་ས་བོན་ཙམ་བརྩམས་པ་ཤིན་ཏུ་གསལ་ལ། ད་དུང་ཆེས་གསལ་བ་ཞིག་ནི་མཁས་གྲུབ་རྗེས་བརྩམས་པའི་རྗེ་ཙོང་ཁ་བའི་རྣམ་ཐར་དད་པའི་འཇུག་ངོགས་བརྩམས་གྲུབ་གནང་བའི་དུས་ནི་གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ་ལས་ཀྱང་འཕྱི་བ་ཡིན་ཏེ། རིན་པོ་ཆེའི་སྙེ་མ་ནི། འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྗེ་ཙོང་ཁ་བ་བཞུགས་པའི་དུས་སུ་བརྩམས་ཞིང་།མཇུག་ཏུ་རྗེ་ཙོང་ཁ་བ་དགོངས་པ་རྫོགས་པའི་སྐོར་ཅི་ཡང་གླེང་མེད་པ་དང་། དད་པའི་འཇུག་ངོགས་ཀྱི་ས་བཅད་ལྔ་བའི་བར་ནི་གསང་རྣམ་གྱི་སྔོན་དུ་བརྩམས་ནའང་། མཇུག་མ་གྲུབ་ལ། མཇུག་ནི་རྗེ་ཙོང་ཁ་བ་སྐུ་གཤེགས་པའི་རྗེས་སུ་ཉང་སྟོད་དུ་བཞུགས་དུས་སུ་བརྩམས་པ་སྦྱར་བྱང་ལས་རྟོགས་ནུས་པའོ།།འཇམ་དབྱངས་ཆོས་རྗེས[18]་བརྩམས་པའི་རྗེའི་གསང་རྣམ་གསོལ་འདེབས་ནི་རྗེ་ཙོང་ཁ་བ་ཞལ་བཞུགས་དུས་སུ་འབྲས་སྤུངས་སུ་བསོད་ནམས་ཆེན་པོའི་དཔལ་གྱིས་མཐོ་བ་དྲུང་གྲགས་པ་དཔལ་བོ་སྐུ་མཆེད་ཀྱི་གསུང་གིས་བསྐུལ་ནས་བརྩམས་པའོ།།
      རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་བརྩམས་པའི་རྣམ་ཐར་ལེགས་བཤད་ཀུན་འདུས་ནི། རྗེ་ཙོང་ཁ་བ་སྐུ་གཤེགས་པའི་རྗེས་སུ་གསར་དུ་བརྩམས་པ་ཤིན་ཏུ་གསལ་ཏེ། རྣམ་ཐར་དེ་ཉིད་དབུ་བརྩམས་མ་ཐག་ལས། རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་མཚན་བརྗོད་པར་དཀའ་བ་བློ་བཟང་གྲགས་པའི་དཔལ་ཞེས་སྦྱར་བས་ཀྱང་ཤེས་ལ། ད་དུང་ཆེས་གསལ་བ་ཞིག་ནི། དད་པའི་འཇུག་ངོགས་སམ་རྣམ་ཐར་ཆེན་མོའི་མཇུག་ཏུ་བརྩམས་པ་ཤེས་ཏེ། མཚན་བྱང་རང་དུ་རྗེ་བཙུན་ཙོང་ཁ་བའི་རྣམ་ཐར་ཆེན་མོའི་ཟུར་འདེབས་རྣམ་ཐར་ལེགས་བཤད་ཀུན་འདུས་ཞེས་དད་པའི་འཇུག་ངོགས་ཀྱི་ཟུར་འདེབས་སམ་ཁ་སྣོན་གྱི་ཚུལ་དུ་བརྩམས་ཤིང་། དེར་བཀོད་པའི་གསང་བའི་རྣམ་ཐར་རྣམས་རྣམ་ཐར་དེ་ཉིད་ལས། སྐལ་ལྡན་མ་ཡིན་པའི་བློ་ཡུལ་དུ་མི་ཤོང་བའི་རྣམ་ཐར་དུ་མ་ཡོད་པ་རྣམས། གསང་བའི་རྣམ་ཐར་ལྕང་ར་དཀའ་བཅུ་བས[19]་བྱས་པར་བལྟའོ་ཞེས་ གསང་རྣམ་དག་ཀྱང་མཁས་གྲུབ་ཀྱི་གསང་རྣམ་དེ་ལ་བརྟེན་དགོས་པ་གསལ་བོར་གསུངས་པས། སྔ་ཕྱི་གང་ཡིན་ཤེས་ནུས་སོ།།རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་མཛད་པའི་རྗེའི་རྣམ་ཐར་ཤིན་ཏུ་གསང་བ་ངོ་མཚར་རྨད་དུ་བྱུང་བའི་གཏམ་ཞེས་བྱ་བ་ནི། རྗེ་ཙོང་ཁ་བ་སྐུ་བཞུགས་དུས་སུ་བརྩམས་པར་གནང་ཞིང་། དེར་དགོངས་པ་རྫོགས་པའི་སྐོར་ཅི་ཡང་བཀོད་མེད་ལ། ཁྱད་པར་དུ་རྗེ་བཙུན་འཇམ་པའི་དབྱངས་ལ་ཞུས་པའི་དོན་ཇི་ལྟ་བ་བཞིན་ཡི་གེར་བཀོད་པ་ཞིག་ཏུ་སྣང་ཞིང་། བསྐུལ་བ་བོ་གཙོ་བོ་ནི་སློབ་དཔོན་རིན་ཆེན་རྒྱལ་མཚན་[20]ཞུ་བ་དང་། རང་གི་སློབ་མ་མདོ་སྨད་པ་བསོད་ཤེ་དང་། མངའ་རིས་པ་དབོན་པོ་ནམ་མཁའ་བཟང་བོ་གཉིས་ཀྱིས་མཎྜལ་ཕུལ་ཏེ་བསྐུལ་ནས་བརྩམས་པ་ཞིག་གོ།
      ཡིན་ནའང་། རྣམ་ཐར་དེ་དག་ལས་རྟོགས་ལྡན་པས་བརྩམས་པའི་རྣམ་ཐར་ཕུད་གཞན་རྣམས་ཀྱི་ས་བོན་ཙམ་སྔོན་དུ་བཀོད་ཡོད་ནའང་། རྗེ་ཙོང་ཁ་བ་སྐུ་མྱ་ངན་ལས་འདས་རྗེས་ཕྱིས་སུ་ཁ་བསྐངས་པ་ཡོད་དེ། དཔེར་ན། གནས་བརྟན་ལེགས་བཟང་གིས་བརྩམས་པའི་རྣམ་ཐར་དུ། གསང་བའི་རྣམ་པར་ཐར་བ།རབ་གསང་རྨད་བྱུང་གཏམ་གྱི་དགའ་སྟོན་བྱིན་རླབས་ཀྱི་ཆར་རྒྱུན་དངོས་གྲུབ་ཀྱི་གཏེར་འབྱེད། རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་འདི་ལ། ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་པའི་ཞབས་དྲུང་དུ་མཇལ་ནས་བྱ་བཏང་ལ་མ་བྱོན་བར་གྱི་གསང་བ། བྱོན་ནས་སྐུ་མ་བསྙེལ་བར་གྱི་གསང་བ། བསྙེལ་ནས་དགོངས་པ་མྱ་ངན་ལས་མ་འདས་བར་གྱི་གསང་བ། མྱ་ངན་ལས་འདས་པའི་རྗེས་སུ་བྱུང་ཚུལ་ལོ།།ཞེས་རྩ་བའི་ས་བཅད་བཞི་བཀོད་ཡོད་པ་དང་། དད་པའི་འཇུག་ངོགས་སུ་མྱ་ངན་ལས་འདའ་བའི་མཛད་པ་ཇི་ལྟར་བསྟན་པའི་རིམ་པར་ཕྱེ་བ་སྟེ་དྲུག་པའོ།།ཞེས་བཀོད་པ་འདི་དག་ལས་ཤེས་ནུས་སོ།།
      བུ་སློབ་རྣམས་ཀྱིས་བརྩམས་པའི་རྣམ་ཐར་འདི་ཙམ་གྱིས་འཐུས་སམ་ཞེ་ན། མིན་ཏེ། གཞན་ད་དུང་དབང་བཞི་བསྐུར་བའི་ཆོས་སྒོ་བ་གཉིས་ཀྱི་ཡ་གྱལ་དཔལ་གདན་ས་ཐེལ་ཆོས་སྒོ་བ་གུ་འབོར་བ་འཇམ་དབྱངས་ཁ་ཆེ[21]འམ་འཇམ་དབྱངས་བསོད་ནམས་དཔལ། བློ་གསལ་རི་ཁྲོད་པ། མཚན་གཞན་དུ་ཁ་ཆེ་པཎ་ཆེན་པུཎྱཤྲཱི་[22]ཞེས་གྲགས་པ་དེ་ཉིད་ཀྱིས་མཛད་པའི་བསྟོད་པ་ཙོང་ཁ་བརྒྱད་ཅུ་[23]དང་། ཀ་ལཱ་པ་གཉིས་དང་། གཞན་གུང་རུ་རྒྱལ་མཚན་བཟང་བོས་བརྩམས་པའི་རྗེ་ཙོང་ཁ་བའི་རྣམ་ཐར་ལེགས་བཤད་སྒྲོན་མེ་བཅས་ཡོད། གུང་རུ་བས་བརྩམས་པའི་རྗེའི་རྣམ་ཐར་སྐོར་ནི་མཁས་གྲུབ་རྗེའི་དད་པའི་འཇུག་ངོགས་ཀྱི་མཇུག་ཙམ་དུ་བརྩམས་པ་ཁོ་བོས་གཞན་དུ་བཀོད་[24]ཡོད་ལ། འཇམ་དབྱངས་ཁ་ཆེས་བརྩམས་པའི་བསྟོད་པ་ཙོང་ཁ་བརྒྱད་ཅུ་ནི།  བསྟོད་པ་ཀ་ལཱ་པའི་[25]མཇུག་ཏུ། ཞེས་པ་འདི་ནི་འདྲེན་མཆོག་ཆོས་ཀྱི་རྗེ།།འཇིག་རྟེན་འདི་ནས་ཞིང་གཞན་གཤེགས་པ་ཡི།།བདུན་ཕྲག་གསུམ་པ་བཅོ་ལྔའི་ཉིན་མོའི་དུས།།དགེ་འདུན་ཚོགས་ནས་གསོ་སྦྱོང་མཛད་པའི་ཚེ།།དམ་ཆོས་འབྱོར་བས་ལྷག་པར་བསྐྱངས་པ་ཡི།།རང་གི་བླ་མ་ཡང་ཡང་དྲན་པ་དང་།།ཚུལ་འདིས་གསོལ་བ་འདེབས་པར་འདོད་པ་ཡི།།སྡེ་སྣོད་འཛིན་པ་གཞན་གྱིས་བསྐུལ་བའི་ངོར།།ས་མཐའི་བཙུན་པ་བློ་གསལ་རི་ཁྲོད་པ།།འཇམ་དབྱངས་ཁ་ཆེ་དུ་བྷ་པུཎྱཻ་ཤྲཱིས།།མང་ཐོས་སྒྲུབ་ལ་བརྩོན་པས་གང་བ་ཡི།།དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བཀོད།།[26]ཅེས་གསལ་བོར་གསུངས་པ་ཞིབ་ཏུ་བརྟགས་ཚེ། སྤྱི་ལོ་1419ལོའི་ཟླ་11ཚེས་15ཁེལ་བས། ཟླ་ཚེས་འདིར་བརྩམས་པ་ཤིན་ཏུ་གསལ་ལོ།།དེ་ལྟར་ན། ཙོང་ཁ་བརྒྱད་ཅུའམ་ཙོང་ཁ་རིང་མོ[27]། སྤྲུལ་སྐུ་འཁྲུངས་ཡུལ་མར་གྲགས་པ་དེ་ཡང་འདི་དང་ལྷན་དུ་བརྩམས་པ་དང་དུས་ལ་བར་ཁྱད་ཤོར་ཡོད་མེད་ཞིབ་ཏུ་བརྟག་པར་འོས་སོ།།གང་ལྟར། འདི་ནི་རྗེ་ཙོང་ཁ་བ་སྐུ་མྱ་ངན་ལས་འདས་པའི་ལོ་དེར་བརྩམས་པས། བསྟོད་རྩོམ་རྣམ་ཐར་ལས་ཆེས་སྔ་བར་བགྲང་འོས་སོ།།དེ་དང་ཆ་འདྲ་བར་མཁས་གྲུབ་ཐམས་ཅད་མཁྱེན་པ་ལ་ཤར་རྒྱལ་མོ་རོང་བ་བླ་མ་ཚ་གོ་བ་དཔལ་ལྡན་ཆོས་གྲགས་པས་བསྐུལ་བའི་ངོར་བརྩམས་པའི་རྗེ་ཙོང་ཁ་བའི་ཡོན་ཏན་མདོར་བསྡུས་པར་བསྔགས་པའི་དད་པའི་རོལ་མཚོ་དང་། དགེ་བའི་བཤེས་གཉེན་ཉི་མ་སྙིང་བོས་བསྐུལ་ཏེ་བརྩམས་པའི་གསོལ་འདེབས་ཚིགས་བཅད་བཅས་ཀྱང་སྐབས་འདི་ཙམ་དུ་བྱུང་འདུག
      ཤཱཀྱའི་དགེ་སློང་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱིས་སྤྱི་ལོ་1843ལོར་བརྩམས་པའི་རྗེ་ཙོང་ཁ་བ་ཆེན་པོའི་ངོ་མཚར་རྨད་བྱུང་རྣམ་ཐར་དད་པ་རྒྱ་མཚོར་རོལ་བའི་འཇུག་ངོགས་སུ། གདན་ས་མཐིལ་གྱི་ཆོས་བསྒོ་བ་འཇམ་དབྱངས་ཁ་ཆེ་པཎ་ཆེན་བསོད་ནམས་དཔལ་གྱིས་མཛད་པ་རྗེའི་རྣམ་ཐར་རྒྱས་པ། སྤྱན་སྔ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ་རྗེའི་རྣམ་ཐར། ཇོ་གདན་བསོད་ནམས་ལྷུན་གྲུབ་དང་། ལྷུ་ལ་བཀའ་བཅུ་ལེགས་པ་དཔལ་གྱིས་མཛད་པ་རྗེའི་རྣམ་ཐར་རྒྱས་པ་རེ་ཡོད་པར་གསུངས་པ་དང་། ད་དུང་རྣམ་དཔྱོད་ཕུལ་དུ་བྱུང་བའི་སློབ་མ་གཉིས་ཀྱི་ཡ་གྱལ་ཞང་ཞུང་བ་ཆོས་དབང་གྲགས་པས་བརྩམས་པའི་རྗེ་བཙུན་ཙོང་ཁ་བ་ཆེན་པོའི་བཀའ་དྲིན་དྲན་པའི་དད་པའི་ཆུ་ཀླུང་། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོས་བརྩམས་པའི་དཔེ་རྒྱུན་དཀོན་པོ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ་ཞེས་པར་ཀུ་ཅོར་རྟོགས་ལྡན་པས་བརྩམས་པའི་རྗེ་ཙོང་ཁ་བའི་རྣམ་ཐར་ཞིག་ཀྱང་ཡོད་པར་གསུངས་པ་ལས། སྤྱན་སྔ་བསོད་ནམས་རྒྱལ་མཚན་དང་ཀུ་ཅོར་རྟོགས་ལྡན་སངས་རྒྱས་དཔལ་བཟང་[28]་གཉིས་ནི་རྗེ་ཙོང་ཁ་བའི་དངོས་སློབ་ལས་མི་ཆེན་གྱི་ཞལ་སློབ་གྲས་སུ་བཞུགས[29]་པ་དང་། ལྷུ་ལ་དཀའ་བཅུ་བ་ནི་རྗེའི་དངོས་སློབ་གྲས་ལས་ལུང་རིགས་སྨྲ་བའི་དཀའ་བཅུ་བ་བཞིའི་གྲས་དང་། ཇོ་སྟན་བསོད་ནམས་ལྷུན་གྲུབ་ནི་རྗེའི་དངོས་སློབ་ལས་བརྟུལ་ཞུགས་འཛིན་པའི་ཇོ་སྟན་བཞིའི་གྲས་ཡིན་པར་པཎ་ཆེན་བསོད་ནམས་གྲགས་པས་བརྩམས་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་དུ་འབྱུང་[30]་བས། རྗེའི་དངོས་སློབ་ཡིན་པ་ལ་དོགས་པ་མེད་ནའང་། རྣམ་ཐར་འདི་དག་ཞིབ་ཏུ་མ་མཇལ་བས་བཤད་པར་དཀའོ།། 
      མདོར་ན། བུ་སློབ་དག་གིས་བརྩམས་པའི་རྣམ་ཐར་དུ་གསང་རྣམ་དང་ཐུན་མོང་བའི་རྣམ་ཐར་དང་། ད་དུང་སྙན་ངག་གི་ལམ་ནས་བརྩམས་པའི་བསྟོད་རྩོམ་བཅས་རིགས་གསུམ་དུ་འདུས་ནའང་། རྗེ་ཙོང་ཁ་བ་སྐུ་དངོས་སུ་བཞུགས་པའི་དུས་སུ་སྐུའི་བསྙུང་གཡོག་བུ་ཆེན་བདུན་གྱི་ཡ་གྱལ་བཤེས་གཉེན་ལེགས་བཟང་གིས་གཙོར་མཛད་དེ། རྗེ་ཙོང་ཁ་བ་ལ་རྣམ་ཐར་སྐོར་ཞིབ་ཏུ་ཞུ་བའི་དབུ་བརྩམས་ཤིང་། སྤྱན་ཆབ་དང་བཅས་ཏེ་ཞུས་ངོར་ཆོས་ཐུན་ཉེར་གཅིག་གནང་བའི་བགོ་སྐལ་ཐོབ། དེ་ནས་ཡིག་ཐོག་ཏུ་ཕབ་ནས་རྗེའི་སྤྱན་སྔར་གཟིགས་པ་ཕུལ། དག་ཐེར་མཛད། རྗེད་པ་རྣམས་དྲན་གསོས། སྔར་མ་གསུངས་པ་རྣམས་གསར་དུ་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པའི་རྩོམ་གདན་ཞིག་ཀྱང་བཞུགས་པས། དེ་དག་གི་རྐྱེན་བྱས་ནས་གཞན་ལའང་དྲན་བསྐུལ་གྱིས་རྣམ་ཐར་ཁ་ཤས་བྱུང་ཞིང་། སློབ་དཔོན་ཆོས་བཟང་[31]དང་གནས་བརྟན་རིན་ཆེན་རྒྱལ་མཚན་གྱིས་ཀྱང་བསྐུལ་བ་ལ་བརྟེན་ནས་མཁས་གྲུབ་སོགས་ཀྱིས་རྣམ་ཐར་རིམ་པར་བྱུང་བ་འདི་དག་ནི། གསར་དུ་འབུས་པའི་རྣམ་ཐར་གྲས་ཏེ་རྣམ་ཐར་སྔ་གྲས་སུ་བཞག་ཆོག་གོ། 
གཉིས་པ། ཡན་ལག་རྒྱས་པའི་རྣམ་ཐར་བར་དར་སྐོར། 
གཅིག ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་ཐར་བསྲེས་པ།
      རྗེ་ཙོང་ཁ་བ་གཤེགས་ནས་དུས་ཡུན་རིང་བོ་མ་ལོན་པའི་སྐབས་སུ། དངོས་ཀྱི་སློབ་མ་མིན་ཀྱང་བརྒྱུད་པའི་སློབ་མ་དག་གིས་བརྩམས་པའི་རྣམ་ཐར་དག་ནི་དུས་རིམ་གཉིས་པའི་རྣམ་ཐར་གྱི་རིགས་སུ་དབྱེ་ཆོག ཐོག་མར་ནེ་རིངས་པ་འཆི་མེད་རབ་རྒྱས་བྱོན་ཞིང་། འདི་ཉིད་ཀརྨ་ཆོས་གྲགས་དང་དུས་མཉམ་[32]སྟེ། ཀརྨ་ཆོས་གྲགས་ནི་ཤཱཀྱའི་དགེ་སློང་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱིས་སྤྱི་ལོ་1843ལོར་བརྩམས་པའི་རྗེ་ཙོང་ཁ་བའི་རྣམ་ཐར་དད་པའི་འཇུག་ངོགས་ཀྱི་འབྲུ་འགྲེལ་དུ། རྗེ་རིན་པོ་ཆེ་ཞིང་དུ་གཤེགས་ནས་ལོ་བདུན་ཅུ་ཙམ་སོང་སྐབས་ཞྭ་དམར་ཆོས་གྲགས་དང་པད་དཀར་གྲོགས་བྱས་ནས་རིན་སྤུངས་ནོར་བཟང་བསྐུལ་ཏེ་ཁྲི་དམག་དྲངས་པ་[33]ཞེས་གསུངས་པས་དུས་ཕལ་ཆེར་གཏན་དུ་ཁེལ་ཐུབ། ཟང་ཟིང་ནེ་རིང་བ་འཆི་མེད་རབ་རྒྱས་ཀྱིས་བརྩམས་པའི་རྗེ་ཙོང་ཁ་བའི་རྣམ་ཐར་སྙན་པའི་བ་དན་དང་རིན་པོ་ཆེའི་ཕྲེང་བ། རྗེ་རིན་པོ་ཆེས་གྲུབ་རྟགས་བསྟན་ཚུལ་གྱི་རྣམ་ཐར་[34]རྣམས་ད་ལྟ་མཇལ་དུ་མེད་ནའང་། རྗེ་ཙོང་ཁ་བ་ཆེན་པོ་ལ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་ཚུལ་གྱི་རྣམ་ཐར་ནོར་བུའི་བང་མཛོད་དང་། རྗེ་ཙོང་ཁ་བས་འཆད་རྩོད་རྩོམ་གསུམ་མཛད་ཚུལ་གྱི་རྣམ་ཐར་དད་ལྡན་དགའ་བྱེད། རྗེ་ཙོང་ཁ་བའི་རྣམ་ཐར་གསེར་གྱི་མཆོད་སྡོང་། རྗེ་ཙོང་ཁ་བ་ལ་བུ་ཆེན་བྱོན་ཚུལ་གྱི་རྣམ་ཐར་གསེར་གྱི་མཆོད་སྡོང་གི་ཁ་སྐོང་གསེར་གྱི་མྱུ་གུ་བཅས་ཁ་ཐོར་བཞི་ལྷག་གི་ཡིག་ཆ་ཡོད་ལ། དེ་དག་ནི་སྔོན་གྱི་རྣམ་ཐར་དང་བསྡུར་ན་བྱེ་བྲག་ཏུ་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ། བུ་ཆེན་ཇི་ལྟར་བྱོན་ཚུལ་བཅས་ཕྱོགས་གསུམ་ནས་བརྗོད་ཡོད་ལ། ཁྱད་པར་དུ་རྗེ་ཙོང་ཁ་བ་ཞི་བར་གཤེགས་ནས་བུ་ཆེན་རྣམས་ཀྱི་སྡོམ་ལྟ་བུ་མཛད་པའི་ཐོག་མ་ཡིན་ཞིང་། ཆེས་མཆོག་ཏུ་གྱུར་བའི་སྐྱེས་ཆེན་བདུན་ཅུར་ལོངས་པ་ཙམ་སྡེ་ཚན་ཉི་ཤུར་བསྒྲིལ་ནས་དེ་དག་སོ་སོའི་ལོ་རྒྱུས་མདོར་བསྡུས་འགའ་རེ་དང་བཅས་བཀོད་འདུག་པའོ།།དེའི་ཕྱིས་སུ་མཁས་གྲུབ་ནོར་བཟང་རྒྱ་མཚོས(1423-1513)་སྤྱི་ལོ་1491ལོར་བརྩམས་པའི་རྗེ་ཙོང་ཁ་བ་ཆེན་པོ་དང་། དེ་ཉིད་ལ་སློབ་མ་ཇི་ལྟར་བྱུང་བའི་ཚུལ་མདོ་ཙམ་བརྗོད་པ་ཞེས་པའང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་ཐར་འགའ་ཞིག་བསྡུས་ཏེ་བརྗོད་ཅིང་། དེ་ནས་བུ་ཆེན་སོ་གཅིག་ཙམ་གྱི་རྣམ་ཐར་མདོར་ཙམ་བཀོད་ལ། དེ་དག་ཀྱང་རྗེ་ཙོང་ཁ་བ་རང་ཉིད་ཀྱིས་མཛད་པའི་རྟོགས་བརྗོད་དང་། མཁས་གྲུབ་རྗེས་བརྩམས་པའི་རྣམ་ཐར་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས། གཞན་ཡང་མདོར་བསྡུས་པ་ཚིགས་བཅད་དུ་བསྒྲིགས་པ་ཉེར་བཞི་དང་། འཇམ་དབྱངས་ཆོས་རྗེས་མཛད་པའི་རྣམ་ཐར་གསོལ་འདེབས། ཆོས་སྒོ་བས་མཛད་པའི་རྣམ་ཐར་ཚིགས་བཅད་དུ་བསྒྲིགས་པ་རྣམས་ལས་རྟོགས་དགོས་པར་བརྗོད་ཡོད། ལོ་དེའི་ཕྱི་མར་བ་སོ་ཆོས་རྒྱན་གྱི་དངོས་སློབ་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན(1446-1496)་གྱིས་སྤྱི་ལོ་1492ལོར་བརྩམས་པའི་དད་པའི་འཇུག་ངོགས་ཆུང་བའམ་རྟོགས་བརྗོད་འདུན་ལེགས་མ་དོན་འགྲེལ་གྱི་ཚུལ་དུ་བརྩམས་པའི་རྒྱལ་བ་བློ་བཟང་གྲགས་པའི་རྣམ་ཐར་དད་པའི་འཇུག་ངོགས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་ཐར་རྣམས་ལྷན་དུ་བསྲེས་པའི་སྒོ་ནས་བརྗོད་པ་ཞིག་གོ། རྣམ་ཐར་དེ་ཉིད་དུ། སྐྱེ་བོ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་རྣམ་ཐར་ཆེ་ཆུང་གཉིས་ཀ་བདེ་བླག་ཏུ་རྟོགས་སླ་བར་བསམས་ཏེ། དཀྱུས་གཅིག་ཏུ་མཛད་པ་རྣམས་ཀྱི་ངོ་བོ་རྣམས་བརྗོད་པ་ཡིན་ཞེས་མཁས་གྲུབ་དགེ་ལེགས་དཔལ་བཟང་བོའི་དད་པའི་འཇུག་ངོགས་དང་གསང་བའི་རྣམ་ཐར་ལས་གཞིར་བཅས་ནས་ཡན་ལག་ཅུང་རྒྱས་པར་བཀྲལ་ནས་བརྩམས་པའོ།།
      དེའི་ཕྱིས་ཙམ་དུ་ར་རོང་བ་ངག་དབང་ཆོས་གྲགས་རྒྱ་མཚོས་སྤྱི་ལོ་1560ལོར་བརྩམས་པའི་རྗེ་ཙོང་ཁ་བའི་རྟོགས་བརྗོད་ནི། གཞོན་ནུ་དུས་ཀྱི་རྟོགས་པ་བརྗོད་པ་ནས་ལུང་བསྟན་སྣ་ཚོགས་པའི་བར་ཚིགས་བཅད་ཀྱི་ལམ་ནས་ས་བཅད་ཞེ་གཅིག་གི་བདག་ཉིད་ཀྱིས་བསྟོད་ཅིང་། རྗེ་ཙོང་ཁ་བའི་རྣམ་ཐར་བརྗོད་དོན་ཡོངས་སུ་འདུས་པ་དང་། སྙན་ངག་གི་ཉམས་འགྱུར་ཕུན་སུམ་ཚོགས་པས་ཕྱུག་ཅིང་། ད་ལྟའི་བར་དུ་ཀུན་གྱིས་ཚད་མར་འཛིན་པའི་རྟོགས་བརྗོད་ཕུལ་དུ་བྱུང་བ་ཞིག་ཏུ་བརྩིའོ།།
གཉིས། ཆོས་འབྱུང་དུ་ཐོག་མར་བཀོད་པའི་རྣམ་ཐར་ཐར་ཐོར།    
      ཆོས་འབྱུང་དེབ་ཐེར་གྱི་ཆ་ནས་རྗེ་ཙོང་ཁ་བའི་རྣམ་ཐར་བཀོད་པ་ཐོག་མ་ནི། ཀུན་མཁྱེན་ཡེ་བཟང་རྩེ་བས་སྤྱི་ལོ་1476ནས་1478བརྩམས་པའི་དེབ་ཐེར་སྔོན་པོ་ཡིན་ལ། དེར་ཐུན་མོང་དུ་སྣང་བའི་ཆེ་བ་ཙམ་ཞིག་བརྗོད་པ་གཙོར་བྱས་ནས་ཞོར་དུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ལུང་བསྟན་དང་། བུ་སློབ་ཀྱི་སྐོར་ནས་རྒྱལ་ཚབ་དང་མཁས་གྲུབ། ཆོས་རྗེ་ལེགས་པ་རྒྱལ་མཚན། དྲུང་བློ་གྲོས་པ། བ་སོ་བ་བཅས་ཀྱི་འཁྲུངས་འདས་ཞིབ་ཏུ་བཀོད་ཡོད་པའོ།།དེའི་ཕྱིས་སུ་པཎ་ཆེན་ཡེ་ཤེས་རྩེ་མོས་སྤྱི་ལོ་1484ལོར་བརྩམས་པའི་བཀའ་གདམས་རིན་པོ་ཆེའི་བསྟན་འཛིན་རྣམས་ཀྱི་བྱུང་ཁུངས་ཞེས་པ་དེའོ།།དེར་རྗེ་ཙོང་ཁ་བ་ལ་གླེགས་བམ་རིན་པོ་ཆེ་ནས་ལུང་བསྟན་ཚུལ་དང་རུས་དང་ཡུལ། འཁྲུངས་ལོ། དགའ་ལྡན་བཏབ་པའི་ལོ། དངོས་སློབ་རྒྱལ་བ་དགེ་འདུན་གྲུབ་པ་བཅས་ཀྱི་རྣམ་ཐར་མདོར་ཙམ་མ་གཏོགས་བཀོད་མེད་དོ།།
      དེའི་ཕྱིས་སུ་རྒྱལ་བ་དགེ་འདུན་གྲུབ་ཀྱི་སློབ་མ་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་སྤྱི་ལོ་1494[35]་ལོར་བརྩམས་པའི་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་ཡིན་ཏེ། དེར་གཞན་ན་མེད་པའི་ཁྱད་ཆོས་གཅིག་ནི། རྗེ་ཙོང་ཁ་བའི་སྐུ་མཆེད་ལས་ཆེ་བ་གཙུག་ཏོར་བྱམས དེ་འོག་ཚེ་སོ། ཚེ་དབང་རྒྱལ། ཀུན་དགའ་སྙིང་བོ། བློ་བརྟན་ནོ།།ཀུན་དགའ་སྙིང་བོ་ལྷུམས་སུ་ཞུགས་པའི་ཚེ་ཡུམ་ལ་རྨི་ལྟས་བཟང་བོའང་བྱུང་[36]། སྲས་ལྔ་འམ་དྲུག་མངའ་བ་ལས། རྗེ་ཙོང་ཁ་བ་ནི་སྲས་བཞི་བ་སྟེ་མེ་མོ་བྱའི་ལོ་ལ་འཁྲུངས་ཞེས་འབྱུང་[37]བ་དང་། དེ་ནས་མདོ་སྔགས་ཀྱི་ཆོས་ལ་ཇི་ལྟར་སྦྱངས་ཚུལ། བླ་སློབ་ཀྱི་སྡོམ་ལྟ་བུ་སྟེ། བླ་མ་ཆོས་འབྲེལ་གསན་པ་གསུམ། བྱ་བྲལ་ལ་མ་ཐེགས་གོང་གི་སྔ་ཚར། བྱ་བྲལ་ལ་ཐེགས་དུས་ཡི་དམ་གྱིས་ལུང་བསྟན་པའི་སློབ་མ་བརྒྱད། སྲས་ཀྱི་ཐུ་བོ་གཉིས། གསང་བདག་གི་ལུང་བསྟན་ལས་འབྱུང་བའི་འཁོར་ཁྱད་པར་དུ་འཕགས་པ་གསུམ། སྐྱེ་བས་ཐོབ་པའི་བློ་གྲོས་ཐོགས་པ་མེད་པ་སློབ་མ་ང་དགུ། མི་ཆེན་གྱི་ཞལ་སློབ་སོ་བཞི་བཅས་བརྒྱ་དང་བཅུ་གསུམ་ལྷག་བསྡུས་ཡོད་ལ། བླ་མ་འཇམ་དཀར་བ་དང་སྲས་ཀྱི་ཐུ་བོ་གཉིས་བསྐྱར་ཟློས་སུ་འབྱུང་བས་གཞི་གཅིག་ཏུ་བསྡུས་ཏེ། དངོས་སློབ་བསྡོམས་བརྒྱ་དང་བཅུ་ལྷག་གོ །དེའི་མཇུག་ཏུ་དངོས་སློབ་གྲགས་ཆེ་བ་ཕལ་ཆེ་བའི་རྣམ་ཐར་མདོར་ཙམ་བཀོད། དེ་ལ་ཞང་ཞུང་བ་བཤེས་གཉེན་དཔལ་འབྱོར་བཟང་བོས་སྤྱི་ལོ་1530ལོར་བརྩམས་པའི་ཆོས་འབྱུང་མཁས་པའི་ཡིད་འཕྲོག་ཏུ། ཡེ་བཟང་རྩེ་བའི་དངོས་སློབ་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་བཀའ་གདམས་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་པའི་ཆོས་འབྱུང་མཛད་ནས། བཀའ་གདམས་གསར་རྙིང་གི་ལོ་རྒྱུས་མི་ཉམས་པར་མཛད[38]་ཅེས་བསྔགས་བརྗོད་མཛད་པ་བཞིན་ཞིབ་ཆ་མངོན་པའི་ཡིག་ཆ་གལ་ཆེན་ཞིག་ཏུ་མངོན།
      དེའི་ཕྱིས་སུ་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱི་དངོས་སློབ་དགའ་ལྡན་ཁྲི་ཐོག་བཅོ་ལྔ་བ་པཎ་ཆེན་བསོད་ནམས་གྲགས་པས་སྤྱི་ལོ་1529ལོར་བརྩམས་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ཡིན་ཏེ། འདིའི་ཁུངས་གཙོ་བོ་ཡང་མཁས་གྲུབ་ཐམས་ཅད་མཁྱེན་པས་བརྩམས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པ་དག་ཡིན་ལ། བྱེ་བྲག་ཏུ་བླ་མས་ཆོས་འབྲེལ་གསན་པ་གསུམ།བྱ་བྲལ་ལ་མ་ཐེག་གོང་གི་སྔ་ཚར་བཞི། བྱ་བྲལ་ལ་ཐེགས་དུས་ཀྱི་སྲས་བརྒྱད། སྲས་ཀྱི་ཐུ་བོ་གཉིས། གསང་བདག་གིས་ལུང་བསྟན་པའི་འཁོར་ཁྱད་པར་དུ་འཕགས་པ་གསུམ། ནང་ཐུགས་ཀྱི་སྲས་གཅིག  ཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་ཆེན་བཞི། དབུས་གཙང་གི་བསྟན་པའི་སྣང་བྱེད་སྒྲོན་མེ་བཅུ། གཞན་དོན་ལྷུན་གྱིས་གྲུབ་པའི་སེམས་དཔའ་དྲུག མི་དབང་གཙུག་ན་མཛེས་པའི་ཏི་ཤཱི་གཉིས། རྒྱ་ཆེན་མང་དུ་ཐོས་པའི་དབོན་སྲས་གཉིས། སྦྱངས་པའི་ཡོན་ཏན་འཛིན་པའི་ཅོག་ཆེ་ཆུང་གཉིས། རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས། བསྟན་པ་ཕྱོགས་མཐར་སྐྱོང་བའི་དར་ཆེན་དྲུག སྐད་གཉིས་སྨྲ་བའི་ལོ་ཙཱ་བ་གཉིས། ས་སྐྱོང་མིའི་ཆོས་རྗེ་དྲུག གསུང་རབ་མང་དུ་མཁྱེན་པའི་བསྟན་འཛིན་བརྒྱད། མདོ་རོང་གི་མཁས་པ་བཞི། མཁའ་སྤྱོད་གྲུབ་པའི་གདུང་བརྒྱུད་གཉིས། ཡ་མཚན་ཅན་གྱི་སྐྱེས་བུ་གཉིས། སྐྱེ་དགུའི་གཙུག་རྒྱན་སྤྱན་སྔ་པ་བརྒྱད། ཁྲི་སྟེངས་མཛེས་པའི་བླ་ཆེན་བཞི། ཚོགས་པ་སྐྱོང་བའི་མཁན་པོ་བཞི། སྡེ་དགོན་ཁྲ་མོའི་ཆེན་པོ་ལྔ། དབང་བཞི་བསྐུར་བའི་ཆོས་བསྒོ་བ་གཉིས། ལུང་རིགས་སྨྲ་བའི་དཀའ་བཅུ་བ་བཞི། ཚིག་དོན་འཛིན་པའི་དཀའ་ཆེན་བཅུ། ཇོ་སྟན་བཞི། ཚུལ་ཁྲིམས་རྣམ་པར་དག་པའི་གནས་བརྟན་དྲུག  ཚེ་བློས་བཏང་གི་རྟོགས་ལྡན་ལྔ། གཞན་ཡང་སློབ་མ་མཐའ་ཡས་ཞེས་སློབ་མ་བཅུ་བཞི་ལྷག་དྲངས་པས་བསྡོམས་ན། དངོས་སློབ་བརྒྱ་དང་ཞེ་ལྔ་ལྷག་བཀོད་འདུག  སྔ་མའི་ཆོས་འབྱུང་དང་རྣམ་ཐར་དག་ལས་སློབ་མའི་སྡོམ་ནི་ཞིབ་ཆ་དང་གྲངས་ཇེ་མང་དུ་བསྡུས་སོ།།མཁར་ནག་ལོ་ཙཱ་བས་དུས་རབས་བཅུ་བདུན་པའི་ནང་བརྩམས་པའི་དགའ་ལྡན་དུ། ཁ་ཅིག་གིས་ཆོས་འབྱུང་དེ་ལ་བརྙས་འདོགས་བྱས་ཚུལ་བཀོད་[39]ཡོད་ནའང་། ཞང་ཞུང་བ་བཤེས་གཉེན་དཔལ་འབྱོར་བཟང་བོས་ལས་ཆེན་ཀུན་དགའ་རྒྱལ་མཚན་དང་དེའི་དངོས་སློབ་པཎ་ཆེན་བསོད་ནམས་གྲགས་པ་གཉིས་ཀྱིས་བཀའ་གདམས་གསལ་སྒྲོན་དང་མཁས་པ་མཛེས་རྒྱན་གཉིས་མཛད། མཁས་གྲུབ་འདི་གཉིས་སྤྱིར་ཡང་གསུང་རབ་རབ་འབྱམས་ལ་མཁྱེན་པ་རྒྱས།དགོས་(སྒོས་)བཀའ་གདམས་ཀྱི་ཆོས་རྒྱུས་ཤིན་ཏུ་ཆེ་བ་ཡིན་ནོ་ཞེས་གསུངས་[40]པ་ཇི་བཞིན་བརྗོད་པའི་གསུང་དུ་སྣང་ངོ་།།
      དུས་རབས་བཅུ་བདུན་པའི་ནང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས(1652-1703)་སྤྱི་ལོ་1698ལོར་བརྩམས་པའི་དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་བོར། རྗེ་ཙོང་ཁ་བའི་སྐྱེས་རབས་དང་ལུང་བསྟན། ཐོས་བསམ་སྒོམ་སྒྲུབ། འཆད་རྩོད་རྩོམ་གསུམ་དང་བསྟན་པ་སྤེལ་ཚུལ།བུ་སློབ་བསྡོམས་པས་བརྒྱ་དང་ཞེ་གཅིག་ཙམ་བཀོད་འདུག་པས། ཆོས་འབྱུང་སྔ་མ་དང་བསྡུར་ན་ཡན་ལག་ཤིན་ཏུ་རྒྱས་པའི་རྣམ་ཐར་དུ་སྣང་ངོ་།།
གསུམ་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་ཕྱིན་པའི་རྣམ་ཐར་ཕྱི་དར་སྐོར། 
གཅིག  དགག་སྒྲུབ་ཀྱིས་བརྩམས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་ཐར།
      རྒྱལ་དབང་ལྔ་བ་ཆེན་མོའི་(1617-1682)དུས་སྐབས་ནས་བཟུང་རྗེ་ཙོང་ཁ་བའི་རྣམ་ཐར་ཆེས་ཆེར་དར་ཞིང་། ལྔ་བ་ཆེན་མོའི་སྐུ་མཆེད་དུ་གྲགས་པ་བྲག་སྒོ་རབ་འབྱམས་པ་ཕུན་ཚོགས་རྒྱལ་མཚན་གྱིས་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་རྣམ་ཐར་ངོ་མཚར་ལུང་བསྟན་གྱི་རོལ་མོ་ཞེས་བྱ་བ་ལོག་རྟོག་ཞར་ཁེགས་ཏེ། འདི་ནས་བཟུང་རྗེ་ཙོང་ཁ་བ་ལ་ལུང་བསྟན་པའི་ཡིག་ཆ་རྣམ་ཐར་དུ་ཆེས་ཆེར་བཀོད་པ་བྱུང་།  དེ་ལས་པདྨ་ཐང་ཡིག་སོགས་འགའ་ཞིག་ལ་བཅོས་མ་བྱུང་ཚུལ་[41]དང་། བླ་མའི་ལས་བྱང་ལས། རིག་འཛིན་གྲུབ་པའི་དབང་ཕྱུག་པདྨ་འབྱུང་།།ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་མར་མེ་མཛད།།རྡོ་རྗེ་འཆང་དབང་བློ་བཟང་གྲགས་པའི་དཔལ།།སྣ་ཚོགས་སྤྲུལ་བའི་གར་མཛད་དེ་ལ་འདུད།།ཅེས་པ་དེ་གསུམ་ངོ་བོ་དབྱེར་མེད་དུ་བྱས་ནས་འདུད་པ་ནི་རིགས་པས་རྒྱུ་མཚན་དེ་ཙམ་གྱིས་དེ་རྣམས་རྒྱུད་གཅིག་པར་བསྒྲུབ་མི་ནུས་མོད། འོན་ཀྱང་སངས་རྒྱས་བྱང་སེམས་གང་གང་གི་སྤྲུལ་བ་ཡིན་པ་དང་གང་དང་རྒྱུད་གཅིག་པ་ནི་ཡིད་ཆེས་ཀྱི་ལུང་ཞིག་ལ་བརྟེན་དགོས་ཞེས་བཞེད་ཚུལ་གསར་བ་བཀོད་[42]པ་དང་། དེ་དུས་བོད་ན་སངས་རྒྱས་ཀྱི་བསྟན་པ་རྣལ་མ་མེད་པ་ནི། རྗེ་བཙུན་རེད་མདའ་བས། གང་དག་བོད་ན་སངས་རྒྱས་ཀྱི་བསྟན་པ་རྣལ་མ་ཡོད་པར་འདོད་པ་དེ་དག་ནི་འཆིང་བུའི་གླིང་དུ་སླེབས་ནས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གླིང་དུ་སླེབ་སྙམ་པ་དང་ཁྱད་པར་མེད་གསུངས་པ་དྲངས་[43]པ་དང་། རྗེ་ཙོང་ཁ་བ་དེ་སྔོན་ཕྱག་ཆེན་སྔ་རབས་པ་དང་མཐུན་པར་གསུངས་པ་ཟང་ཟང་ནེའུ་རིང་བའི་དྲིས་ལན་ལས་ལུང་དྲངས་པ་དང་། ཕྱིས་སུ་ལྟ་བ་རྙེད་པ་བསྟོད་པ་ལེགས་བཤད་སྙིང་བོར་བརྩམས་ཚུལ་དང་། ཟང་ཟང་ནེའུ་རིང་བའི་དྲིས་ལན་དུ་བཀོད་པ་རྣམས་ཐར་ཆགས་སུ་ལུང་དྲངས་ཏེ། རང་ལུགས་སྒྲུབ་ཅིང་གཞན་ལུགས་ཁ་ཤས་ལ་དགག་བཞག་གི་སྒོ་ནས་བརྩམས་པ་མང་། ཁྱད་པར་དུ་རྣམ་ཐར་འདིའི་ནང་དུ། དངོས་སློབ་དག་གི་ཕྱོགས་བསྡོམས་ཀྱང་སྔར་དང་བསྡུར་ན། ཁྱད་ཆོས་འབུར་དུ་ཐོན་ཏེ། སྐྱོ་མ་སྔ་བཙན་གྱི་གྲུབ་མཐའ་རིས་མི་མཐུན་པ་དོར་ནས་རྗེ་རིན་པོ་ཆེའི་བསྟན་པ་བཟུང་བ་འབྲི་ཁུང་ཆོས་རྗེའི་ཞལ་སློབ་འདུལ་འཛིན་གྲགས་པ་རྒྱལ་མཚན། རྒྱ་མ་ནས་སྤྱན་སྔ་བློ་གྲོས་རྒྱལ་མཚན་སོགས་བུ་སློབ་སོ་དགུ་དྲངས་ཡོད་ལ། གྲུབ་མཐའ་གཉིས་པ་འཛིན་པའི་སྲས་ཐུན་མོང་བ་ལ། འབྲི་ཁུང་གུ་ཤྲི་རིན་ཆེན་དོན་གྲུབ་རྒྱལ་བོ། ཆོས་སྒོ་བ་བཀྲ་ཤིས་རིན་ཆེན་སོགས་བུ་སློབ་སོ་དྲུག་བཀོད་ཡོད་པ་དང་། གྲུབ་མཐའ་གཞན་གྱི་དམན་ལམ་དུ་མ་སོང་བའི་སྲས་ཚར་ཡང་བྱང་སེམས་བདེ་མོ་ཐང་བ་བློ་གྲོས་རྒྱལ་མཚན། ཚ་གོ་རྒྱལ་བོའི་རིས་སུ་འཁྲུངས་པ་ངག་དབང་གྲགས་པ་སོགས་དངོས་སློབ་སུམ་ཅུ་དྲངས་འདུག  ད་དུང་ཆོས་འབྲེལ་ཙམ་ཐོགས་པའང་། སྟག་ལུང་རིན་པོ་ཆེ་བཀྲ་ཤིས་དཔལ་དང། འོད་སྐྱེས་མཆོག་སྨོན་ལམ་མཐའ་ཡས་སོགས་བུ་སློབ་བདུན་ཙམ་བཀོད་འདུག ཞབས་དངོས་སུ་མ་ཟིན་པ་དག་གིས་བསྟོད་པའི་འཕྲེང་བས་བསྔགས་ཚུལ་དང་། སྐབས་ཤིག་ཏུ་རྗེ་ཙོང་ཁ་བ་ལ་ལུང་བསྟན་རྫུན་མའམ་ངན་པ་བྱེད་པའི་རྒྱུ་མཚན་དང་བཅས་པ་ཞིབ་ཏུ་བཀོད་པས། ལུང་བསྟན་རྫུན་མ་ཁ་ཤས་འབྱུང་བའི་རྒྱུ་རྐྱེན་གསལ་བོར་གོ་བར་ནུས་སོ།།དུས་སྐབས་འདིར་བྱུང་བའི་རྣམ་ཐར་དག་ནི་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་སོང་བའི་དུས་རིམ་ཞིག་དང་། བླ་ལྷག་ཏུ་དགག་སྒྲུབ་ཀྱི་ལམ་ནས་བརྩམས་པའི་རྣམ་ཐར་གྱི་འཕེལ་རིམ་གསལ་བའི་དུས་སྐབས་ཤིག་གོ།
      དེའི་མཇུག་ཙམ་དུ་རྗེ་བཙུན་ཙོང་ཁ་བ་ཆེན་པོའི་རྣམ་ཐར་རས་བྲིས་སུ་བྱས་པའི་རྣམ་བཤད་ཅེས་པ་སྟེ། འདིའི་མཛད་པ་པོ་མི་གསལ་ནའང་། བརྗོད་དོན་གང་ལ་གཞིགས་ཚེ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྔོན་ཙམ་དུ་བྱུང་བར་སེམས། རྣམ་ཐར་རས་བྲིས་རྣམ་བཤད་རྩོམ་པའི་གནས་ནི་ལྷོ་བྲག་གི་སའི་ཆ་དགོན་སེར་དགེ་འཕེལ་དུ་བརྩམས་པ་མཇུག་བྱང་དུ་གསལ[44]་ལ། དེར་རྗེ་བཙུན་འདིའི་སྐྱེས་པ་རབས་ཀྱི་རྣམ་པར་ཐར་བ་དད་པའི་འཇུག་ངོགས་ཞེས་པ་དང་། རིན་པོ་ཆེའི་སྙེ་མ་ལ་སོགས་ལས་ཇི་ལྟར་བྱུང་བ་རྣམས་རས་བྲིས་སུ་བཀོད་པ་དུ་མ་མཐོང་བ་ལ་བརྟེན་ནས། རང་བཟོ་དང་བླུན་བཅོས་སོགས་སྒྲོ་སྐུར་དང་མ་འདྲེས་པར་སོ་སོར་ངོ་སྤྲོད་བརྗོད་པ[45]་ཞེས་གསལ་བས། དེ་དུས་རྗེ་ཙོང་ཁ་བའི་སྐྱེས་རབས་དང་བཅས་པ་བཀོད་པའི་རས་བྲིས་ཀྱི་ཚུལ་བཞུགས་པ་མཐོང་ཐུབ། རྣམ་ཐར་དེ་ཉིད་དུ་ས་བཅད་ལྟ་བུ་རྣམ་ཐར་གྱི་འགངས་དྲུག་ཅུར་བསྡུས་ཡོད།  དེ་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པས་(1648-1721)བརྩམས་པའི་རྗེ་བཙུན་ཙོང་ཁ་བ་ཆེན་པོའི་རྣམ་ཐར་རས་བྲིས་ཀྱི་ཚུལ་བརྒྱ་དང་ང་གསུམ་པ་ཙིནྟ་མ་ཎིའི་ཕྲེང་བ་ཐུབ་བསྟན་རྒྱས་བྱེད་ཕན་བདེའི་རོལ་མཚོ་ཞེས་བྱ་བ་སྟེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་ཐར་གྱི་འགངས་བརྒྱ་དང་ང་གསུམ་དུ་བསྡུས་ནས་བསྟན་ཅིང་། དེ་ཡང་དང་པོ་རྒྱལ་བ་དབང་བོའི་ཏོག་གི་སྤྱན་སྔར་མ་དག་པའི་ཞིང་དུ་རྡོ་རྗེ་ཐེག་པའི་བསྟན་པ་དང་འབྲེལ་བའི་ལྟ་བ་སྤེལ་བ་ལ་བསྔགས་བརྗོད་དང་།བྱིན་གྱིས་བརླབས་ཚུལ་ནས་དབུ་ཚུགས་ཏེ། ཐ་མར་བར་དོར་ལོངས་སྐུ་ལས་རྨད་བྱུང་བཀོད་པ་སོགས་སུ་སྤྲུལ་སྐུའི་མཛད་པ་སྟོན་ཚུལ་རྣམས་ས་བཅད་རིམ་ཅར་གྱིས་བསྟན་ནས་རས་བྲིས་ཀྱི་ཚུལ་དུ་བསྟན་པའོ།།
      དེ་ནས་བྲག་གཡབ་བློ་བཟང་བསྟན་པའམ་ངག་དབང་དགེ་ལེགས་དཔལ་བཟང་(1683-1739)གིས་བརྩམས་པའི་རྗེ་ཙོང་ཁ་བའི་རྣམ་ཐར་ལེགས་བཤད་ཉིན་མོར་བྱེད་པ་སྟེ། དེར་ཡང་རང་ལུགས་བཞག་ཅིང་གཞན་ལུགས་དགག་པའི་སྒོ་ནས་བརྩམས་པ་ཤས་ཆེ་ལ། དེ་ཉིད་ལས། རྗེ་བཙུན་བྱམས་པས་མདོ་སྡེ་རྒྱན་གྱི་ལེའུ་བཅུ་གསུམ་པ་དང་དཔལ་ལྡན་ཟླ་བ་གྲགས་པའི་འཇུག་པ་ལས་རྗེ་ཙོང་ཁ་བ་ལུང་བསྟན་དུ་བྱེད་པ་མི་འཐད་དེ། དབྱིག་གཉེན་གྱིས་མཛད་པའི་མདོ་སྡེ་རྒྱན་གྱི་འགྲེལ་བ་དང་། འཇུག་པའི་རང་འགྲེལ་དུ་དེ་ལྟ་བུའི་གསལ་ཁ་མེད་པར་མ་ཟད། དོན་གཞན་དུ་བཤད་པའི་ཕྱིར་ཞེ་ན་སྐྱོན་མེད་དེ་ཞེས་བཀོད་ཡོད་[46]ལ། བོད་ཀྱི་མཁས་པ་བཅོམ་ལྡན་རིག་པའི་རལ་གྲིས་མཛད་པའི་བསླབ་གསུམ་རྒྱན་གྱི་མེ་ཏོག་ལས། གཏེར་ཡིག་གིས་གང་ཟག་ལུང་བསྟན་པའང་རྫུན་ཡིན་ཏེ། དེ་ནི་སངས་རྒྱས་སྤྲུལ་སྐུའི་ཁོ་ནའི་མཛད་པ་ཡིན་གྱི་བྱམས་པ་དང་འཇམ་དཔལ་ལ་སོགས་པས་ཀྱང་ལུང་བསྟན་པ་མེད་པའི་ཕྱིར།ཞེས་གསུངས་ནའང་རྟགས་འགྲུབ་པར་མི་ནུས་སོ་[47]ཞེས་པ་སོགས་བསྒྲུབས་ཡོད་པས་མཚོན་གཞན་ལུགས་ཁག་ཅིག་བཀག་ནས་རང་ལུགས་འཐད་ལྡན་སྒྲུབ་པའི་ཕྱིར་རོ།།དེ་དང་མཐུན་པར་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་སྤྱི་ལོ་1748ལོར་བརྩམས་པའི་ཆོས་འབྱུང་དཔག་བསམ་ལྗོན་པར་ཡང་གོང་དང་འདྲ་བར་དགག་སྒྲུབ་ཀྱིས་གནད་མང་བོ་ཞིག་གཏན་ལ་ཕབ།
      དེ་ནས་བཞད་པའི་རྡོ་རྗེ་བློ་བཟང་འཕྲིན་ལས་(1697--?)ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་བློ་བཟང་གྲགས་པའི་དཔལ་གྱི་རྣམ་ཐར་སྲིད་གསུམ་དཔལ་འབར་དུའང་། ལུང་བསྟན་སོགས་ཀྱི་ལུང་དོན་བཞག་ཅིང་། ཐུན་མོང་མིན་པའི་དབང་དུ་བྱས་ན་རྗེ་ཙོང་ཁ་བ་ནི་བླ་མ་ཀུན་འདུས་དང་ཡི་དམ་ཀུན་འདུས། ཆོས་སྐྱོང་ཀུན་འདུས་སུ་འཐད་པ་བསྒྲུབས་པའོ།།དེའི་ཕྱིས་སུ་ཆ་ཧར་བློ་བཟང་ཚུལ་ཁྲིམས་ཀྱིས་སྤྱི་ལོ་༡༨༠༠ལོར་བརྩམས་པའི་རྗེ་ཙོང་ཁ་བ་ཆེན་མོའི་རྣམ་ཐར་གོ་སླ་བར་བརྗོད་པ་བདེ་ལེགས་ཀུན་གྱི་འབྱུང་གནས་ཏེ།  དེ་ནི་ད་ལྟ་ལ་ཐུག་གི་བར་དུ་རྗེ་ཙོང་ཁ་བའི་རྣམ་ཐར་ཀུན་གྱི་ནང་ནས་ལོ་ཚིགས་ཀྱི་ཐད་ལ་ཆེས་ཆེར་དོ་སྣང་བྱེད་པའི་རྣམ་ཐར་གཅིག་པུའོ།།ལོ་ཚིགས་ཀྱི་ཐད་ནོར་འཁྲུལ་རེ་འགའ་མཆིས་ནའང་བློ་བསྐྱེད་རྒྱ་ཆེར་སྟེར། ད་དུང་འདི་ལ་ཁྱད་ཆོས་གཞན་ཞིག་ཡོད་པ་ནི། མཁས་གྲུབ་དགེ་ལེགས་དཔལ་བཟང་བོས་དད་པའི་འཇུག་ངོགས་སུ་ལེའུ་དྲུག་བསྟན་ཀྱང་། འདིར་ལེའུ་དགུའི་བདག་ཉིད་དེ། སྐྱེས་རབས་དང་ལུང་བསྟན་ལེའུ་གཅིག་དང་། ལེའུ་བདུན་པར་བྱམས་ཆེན་ཆོས་རྗེ་དང་ཤེས་རབ་སེང་གེས་སེ་ར་དང་རྒྱུད་པ་གྲྭ་ཚང་ཚུགས་ཚུལ་སོགས་དང་། ལེའུ་བརྒྱད་པར་རྒྱལ་ཚབ་དང་མཁས་གྲུབ་ཀྱི་རྣམ་ཐར་ལེའུ། ལེའུ་དགུ་བར་གདན་ས་གསུམ་གྱི་འདེབས་པ་པོ་སོགས་ཁ་བསྣན་ནས་སྔར་ལས་ཀྱང་རྒྱས་པར་བསྟན་པའོ།།ཡིན་ནའང་། ཤཱཀྱའི་དགེ་སློང་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱིས་སྤྱི་ལོ་1843ལོར་བརྩམས་པའི་རྗེ་ཙོང་ཁ་བའི་རྣམ་ཐར་དུ། ཆ་ཧར་དགེ་བཤེས་ཚུལ་ཁྲིམས་ཀྱིས་མཛད་པའི་རྣམ་ཐར་ཀྱང་ཐུན་མོང་གི་བར་མཚམས་སུ་ཐུན་མོང་མིན་པ་དང་སྤྲིངས་ཡིག་བསླབ་བྱ་རྣམས་བཅུག་པ་ལས་ཡ་མཚན་པོ་གཞན་མི་སྣང་[48]ཞེས་གསུངས་ཀྱང་ད་དུང་བརྟག་པར་རིགས་སོ།།
      དུས་རབས་བཅུ་དགུ་བའི་སྟོད་ཀྱི་ཆར་གུང་ཐང་བསྟན་པའི་སྒྲོན་མེས་སྤྱི་ལོ་1811ལོར་བརྩམས་པའི་རྗེ་ཙོང་ཁ་བའི་བསྟོད་པ་དོན་ལྡན་མའི་འགྲེལ་བ་བསྟན་པའི་སྣང་བ་ནི་རྣམ་ཐར་གཞན་དག་དང་མི་འདྲ་བར་བསྟོད་པ་ལེགས་བཤད་སྙིང་བོའམ་རྟེན་འབྲེལ་བསྟོད་པའི་རྩོམ་སྟངས་ལ་རྗེས་ཟློས་ཀྱིས་བརྩམས་ཤིང་། རྩ་བ་དང་རང་འགྲེལ་གཉིས་སྦྲགས་ཀྱིས་རྗེ་ཙོང་ཁ་བའི་ལྟ་སྒོམ་སྤྱོད་གསུམ་ཕུལ་དུ་བྱུང་བ་མངའ་ཚུལ་ལུང་རིགས་ཀྱིས་སྒྲུབ་པའི་བསྟན་བཅོས་རྨད་དུ་བྱུང་བ་ཞིག་གོ།
      དེ་ནས་ཤཱཀྱའི་དགེ་སློང་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱིས་སྤྱི་ལོ་1843ལོར་བརྩམས་པའི་རྗེ་ཙོང་ཁ་བ་ཆེན་པོའི་ངོ་མཚར་རྨད་བྱུང་རྣམ་ཐར་དད་པ་རྒྱ་མཚོར་རོལ་བའི་འཇུག་ངོགས་ཏེ། མཁས་གྲུབ་རྗེ་སོགས་རྗེ་ཙོང་ཁ་བའི་དངོས་སློབ་དག་གིས་བརྩམས་པའི་རྣམ་ཐར་དང་གསོལ་འདེབས་ནས་དུས་རབས་བཅོ་བརྒྱད་པའི་དུས་སྨད་ཙམ་གྱི་བར་དུ་བྱུང་བའི་རྣམ་ཐར་མཐའ་དག་གི་སྡོམ་དུ་སྣང་། རྣམ་ཐར་དེ་ཉིད་དུ། རྗེ་ཉིད་ཀྱི་རྣམ་ཐར་རྒྱས་བསྡུས་མི་ཉུང་བ་ཞིག་བརྩམས་པ་ཡང་རྣམ་ཐར་དད་ངོགས་འབའ་ཞིག་ཡང་དང་ཡང་དུ་བཟློས་པ་ཁོ་ནར་ཟད་[49]ཅེས་རྣམ་ཐར་ཕལ་ཆེ་བར་ཡིད་མི་མགུ་བ་དངོས་སུ་གསུངས་ཤིང་། ཁོང་གིས་བརྩམས་པའི་རྣམ་ཐར་འདི་ཉིད་ནི་གཞན་དང་མི་འདྲ་བའི་ཁྱད་ཆོས་སུ་ངོམ།   དེ་ནས་མངའ་རིས་པ་ངག་དབང་འཇམ་དབྱངས་ཉི་མ་བསྟན་པའི་རྒྱལ་མཚན་དཔལ་བཟང་བོས་བརྩམས་པའི་རྒྱལ་བ་ཙོང་ཁ་བ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་རྣམ་ཐར་སྐལ་ལྡན་དད་པའི་པད་ཚལ་རྒྱས་པའི་འོད་སྟོང་སྟེ།དེར་ལུང་བསྟན་དང་། ལུང་བསྟན་ཁ་ཤས་ཤིག་འབྲུ་གཉེར་ཏེ་དོན་འགྲེལ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་ཐར་འགའ་ཞིག་བརྗོད་དོ།།
      དེ་ནས་འབྲུག་རྒྱལ་དབང་ཆོས་རྗེས་སྤྱི་ལོ་1843ནས་1845བར་བརྩམས་པའི་རྗེ་ཙོང་ཁ་བའི་རྣམ་ཐར་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་འཕྲེང་བ་སྟེ། འདི་ནི་རྗེ་ཙོང་ཁ་བའི་རྣམ་ཐར་ཀུན་གྱི་ནང་ནས་ཆེས་རྒྱས་ཤོས་གཅིག་པུར་འཁུམས། རྩ་བའི་ས་བཅད་གསུམ་དང་། དེ་ལས་ས་བཅད་ཕྱི་མ་ལ་ནང་གསེས་ཀྱིས་བདུན་དུ་སྤྲོས་ཏེ་བསྟན་ཏོ།།ས་བཅད་བདུན་པ་གསུང་སྐྱེས་ཀྱི་སློབ་མའི་ཚོགས་ཇི་ལྟར་བྱོན་ཚུལ་ནི། རྣམ་ཐར་ངོ་མཚར་གྱི་གཏམ་བརྒྱ་རྩ་བརྒྱད་པ་དང་། དགའ་ལྡན་ཆོས་འབྱུང་གཞིར་བཅས་ནས་བཀོད་སྟངས་གཅིག་དང་། ནེ་རིང་བ་འཆི་མེད་རབ་རྒྱས་ཀྱིས་བརྩམས་པའི་རྣམ་ཐར་གསེར་གྱི་མཆོད་སྡོང་ལྟར་བཀོད་སྟངས་གཅིག་བཅས་སྤྱི་སྡོམ་གཉིས་ཀ་ཐར་ཆགས་སུ་བཀོད་འདུག  ལོ་ཚིགས་སྐོར་ནི་རྣམ་ཐར་ཆེན་མོ་འདིར་གསལ་བོར་མི་སྣང་ནའང་། ཡིག་ཆ་ཁུངས་དྲངས་པ་ཤིན་ཏུ་མང་བས། དོགས་དཔྱོད་དང་བཅས་པའི་རྣམ་ཐར་གྱི་མཐའ་སྡོམ་ཞིག་གོ།
གཉིས། ལུང་བསྟན་གྱི་ཡིག་ཆ་ཤིན་ཏུ་རྒྱས་པའི་རྣམ་ཐར།
      སྤྱིར་བཏང་ལུང་བསྟན་གྱི་ཡིག་ཆ་རྣམ་ཐར་དུ་བཀོད་པ་ནི་མཁས་གྲུབ་དགེ་ལེགས་དཔལ་བཟང་བོས་བརྩམས་པའི་རྗེ་ཙོང་ཁ་བའི་རྣམ་ཐར་དད་པའི་འཇུག་ངོགས་སུ་བཀའ་ཆེམས་ལས་ལུང་བསྟན་ཚུལ་ཐོག་མར་བཀོད་ཡོད་ནའང་། ལྔ་བ་ཆེན་མོའི་དུས་ནས་བཀའ་ཆེམས་ཙམ་མ་ཟད། མ་ཅིག་ལབ་སྒྲོན་གྱི་ལུང་བསྟན་དེ་དག་རྗེ་ཙོང་ཁ་བའི་རྣམ་ཐར་དུ་བཀོད་པ་འབྱུང་། དཔེར་ན། བ་སོ་སྤྲུལ་སྐུ་ངག་དབང་ཆོས་ཀྱི་དབང་ཕྱུག་(1606-1652)གིས་བརྩམས་པའི་རྗེ་བཙུན་བློ་བཟང་གྲགས་པའི་རྣམ་ཐར་ཉུང་ངུར་བསྡུས་པ་ངོ་མཚར་གཏམ་བརྒྱ་རྩ་བརྒྱད་མོས་གུས་ཀྱི་གཏེར་ཞེས་པ་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་ཐར་གྱི་འགངས་བསྡུས་ཏེ། ཕྱོགས་སྡོམ་རང་བཞིན་གྱི་མཛད་པ་བརྒྱ་དང་བརྒྱད་དུ་བསྟན་ཞིང་། དེ་ལས་རྨད་དུ་བྱུང་བའི་གཏམ་དང་པོར་སློབ་དཔོན་པདྨས་ལུང་བསྟན་ཚུལ་དང་། ངོ་མཚར་བའི་གཏམ་གཉིས་པར་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དེ་ཉིད་མི་མོའི་གཟུགས་ཀྱི་རྣམ་ཐར་ཤར་བས་ལུང་བསྟན་ཚུལ། ངོ་མཚར་བའི་གཏམ་གསུམ་པར་ཆོས་རྒྱལ་སྲོང་བཙན་གྱིས་བརྩམས་པའི་བཀའ་ཆེམས་ཀ་ཁོལ་མ་ལས་ལུང་བསྟན་ཚུལ་བཅས་རིམ་པར་བཀོད་དེ། རྗེ་བཙུན་ཙོང་ཁ་བ་ནི་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་སྒོམ་གསུམ་གནང་བ་ཙམ་མ་ཡིན་པར་རྒྱལ་བ་སྲས་དང་བཅས་པས་ལུང་བསྟན་གནང་ཡོད་ཚུལ་བཀོད་འདུག་པའོ།།
      དེའི་སྔ་གཞུག་ཙམ་དུ། ད་དུང་ལྔ་བ་ཆེན་མོའི་དངོས་སློབ་མཁར་ནག་ལོ་ཙཱ་བས་བརྩམས་པའི་ཆོས་འབྱུང་དཔག་བསམ་སྡོང་བོ་མཁས་པ་དགྱེས་བྱེད་དུ། མདོ་སྡེ་གདམས་ངག་འབོག་པའི་བསྟན་པ་དྭངས་སྙིགས་འབྱེད་པའི་ལེའུ། ལངྐར་གཤེགས་པའི་མདོ་རྒྱ་ནག་འགྱུར། འཇམ་དཔལ་རྩ་རྒྱུད། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ཆེམས་ཀ་ཁོལ་མ། ཨོ་རྒྱན་རིན་པོ་ཆེས་མཛད་པའི་བསྐུལ་བྱང་། མཁར་ཆུའི་གནས་བཤད་གཏེར་ཡིག རཏྣ་གླིང་བའི་གཏེར་ཡིག རྡོ་རྗེ་གླིང་བའི་གཏེར་ཡིག  ཆོས་རྗེ་མགོན་རིན་གྱི་གཏེར་ཡིག མ་ཅིག་ལབ་སྒྲོན་གྱི་ལུང་བསྟན། བཀའ་གདམས་གླེགས་བམ་སོགས་ལུང་བསྟན་དྲངས་ནས། རྗེའི་རྣམ་ཐར་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་པ་དུ་མ་ཞིག་བཀོད་ཡོད། ཆོས་འབྱུང་འདིའི་ཁུངས་གཙོ་བོ་ནི། མཁས་གྲུབ་རྗེས་བསྒྲིགས་པའི་རྣམ་ཐར་དད་པའི་འཇུག་ངོགས་དང་། གསང་བའི་རྣམ་ཐར། རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་བསྒྲིགས་པའི་རྣམ་ཐར་དང་། རྣམ་ཐར་རས་བྲིས་མ་དང་། བཙོང་ཁ་བརྒྱད་ཅུ་དང་། དགའ་ལྡན་ཆོས་འབྱུང་སོགས་ཡིན་[50]པ་གསལ་བོར་བཀོད་ཡོད།  དེ་ནས་དེ་མོ་ངག་དབང་དགེ་ལེགས་རྒྱལ་མཚན་ནམ་ལྷ་དབང་བསྟན་པའི་རྒྱལ་མཚན་(1631-1668)གྱིས་སྤྱི་ལོ་1741ལོར་བརྩམས་པའི་རྗེ་བཙུན་བློ་བཟང་གྲགས་པའི་ལུང་བསྟན་ལས་བརྩམས་པའི་འབེལ་གཏམ་ལོག་རྟོག་འཇོམས་པའི་གནམ་ལྕགས་འཁོར་ལོ་ཞེས་པ་སྟེ། མཚན་བྱང་ལ་བལྟས་པས་ཀྱང་དོན་ཧ་ལམ་ངོ་འཕྲོད་པར་འགྱུར་ལ། དེ་ཉིད་དུ། དེང་དུས་གངས་ཅན་གྱི་ལྗོངས་འདིར་རང་གཞན་གྱི་གྲུབ་མཐའི་ཆགས་སྡང་ངན་པ་ཕུག་ཏུ་བཅུག་པས་རང་སྐྱོན་སྦ་ཞིང་ཡོན་ཏན་མཛུབ་མོར་བཏེགས། གཞན་རྒྱུ་མཚན་གང་ཡང་མེད་པར་སྐྱེས་ཆེན་རྣམས་ལ་སྒྲོ་བསྐུར་གྱི་ཚིག་སྣ་ཚོགས་ཀྱིས་རང་ཉིད་དམྱལ་བར་ལྷུང་བར་རྒྱུ་བསགས་པ་མ་ཟད་གཞན་དབང་བརྟུལ་(རྟུལ་)ཐོས་རྒྱ་ཆུང་བ་ཅོལ་ཆུང་མང་བོ་ངན་སོང་དུ་ཁྲིད་པར་བྱེད་པའི་རྫུན་མཁན་གྱིས་ས་སྟེང་ཀུན་ཏུ་ཁྱབ་པར་སྣང་ཞེས་གསལ་བོར་གསུངས་ཤིང་། འཇམ་དཔལ་རྩ་རྒྱུད་དང་། གླེགས་བམ་གྱི་འཆི་མེད་རྡོ་རྗེའི་གླུའི་ལེའུ། མ་ཅིག་ལབ་སྒྲོན་གྱི་ལུང་བསྟན། ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱིས་གསང་བདག་ལ་ལས་ཅན་གྱི་སློབ་མ་ལུང་བསྟན་ཞུས་པ། དཔལ་ལྡན་ཟླ་བ་གྲགས་པའི་གསུང་རྣམས་དྲངས་ནས་རྗེ་ཙོང་ཁ་བ་ལུང་དུ་བསྟན་ཚུལ་བརྗོད་ཡོད་ལ། ཁྱད་པར་དུ་ལུང་བསྟན་རྫུན་མ་ཁ་ཤས་ནི། དགོངས་འདུས་ཀྱི་ལུང་བསྟན་ཆིང་(ཆིངས་)ལྔ་བར། ལས་ཀྱི་དབང་གིས་དགོངས་འདུས་དར་བའི་ཚེ།།པེ་ཧར་སྙིང་ཞུགས་འདྲ་མིན་གཏེར་ཆོས་བརྩོམ(རྩོམ)།།ཞེས་པའི་ལུང་བསྟན་དེ་ཉིད་ཡིན་ཚུལ་སྦྱར་འདུག
      དེ་ནས་བློ་བཟང་སྒོམ་ཆུང་ངམ་མཁར་རྡོ་བཟོད་པས(1672--?)་བརྩམས་པའི་རྒྱལ་བ་ཙོང་ཁ་བ་ཆེན་པོའི་རྣམ་ཐར་ཟུར་རྒྱན་ལུང་བསྟན་རིན་ཆེན་ཕྲེང་བ་སྟེ། འདིའི་ནང་སྔར་ལུང་བསྟན་བཀོད་པ་དག་གི་ཟུར་རྒྱན་དུ་ངེས་ཤིང་། དེ་ཉིད་ལས། ས་སྟེང་གནམ་གྱིས་བཀབ་པ་བཞིན་རྒྱལ་བསྟན་ཉི་མའི་སྣང་བས་ཕྱོགས་ཀུན་གསལ་བར་ཁྱབ་པའི་བཀའ་དྲིན་གཞལ་མེད་འདི་ལས་ཆེས་ཁྱད་པར་དུ་གྱུར་བ་འགའ་ཙམ་ཡང་མེད་མོད། འོན་ཀྱང་དེ་ལྟར་དུ་འགྱུར་བར་ལུང་གིས་ཀྱང་བསྟན་ནོ་ཞེས་པའི་ཚུལ་བརྗོད་པ་[51]ཞེས་གསུངས་ཏེ། ལུང་བསྟན་འགའ་ཞིག་ཟུར་རྒྱན་དུ་བཀོད་ཡོད་པར་མ་ཟད། ད་དུང་རྗེ་ཙོང་ཁ་བའི་གསུང་འབུམ་དཀར་ཆག་ཤོག་ངོས་དང་བཅས་པ་བཀོད་ཡོད་དོ།།
མཇུག་བསྡུ།
      མདོར་ན། རྗེ་ཙོང་ཁ་བའི་རྣམ་ཐར་ལས་རང་རྣམ་དང་གསང་རྣམ་ནི་བོད་ཀྱི་ཡིག་ཆའི་བྱུང་རིམ་ཁྲོད། ཆེས་ཐོག་མའི་མྱུ་གུ་ལྟ་བུར་འཁུམས་ཤིང་། དེ་ནས་རིམ་བཞིན་འབུས་ཏེ་ལོ་རྒྱུས་ཡིག་ཆ་དག་གི་ཞིབ་ཆའམ་བརྟེན་སའི་གཞུང་རྟ་ལྟ་བུར་གྱུར་ཡོད། རྣམ་ཐར་དེ་དག་དུས་ཀྱི་ཆ་ནས་དབྱེ་ན། གསར་དུ་འབུས་པའི་རྣམ་ཐར་སྔ་གྲས་དང་ཡན་ལག་རྒྱས་པའི་རྣམ་ཐར་བར་དར། ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་ཕྱིན་པའི་རྣམ་ཐར་ཕྱི་དར་བཅས་རིགས་གསུམ་དུ་ཕྱེ་ཆོག་ལ། རྣམ་པའི་ཆ་ནས་རང་རྣམ་དང་བུ་སློབ་ཀྱིས་བརྩམས་པའི་རྣམ་ཐར། སྒྲིག་གཞིའི་ཆ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་ཐར་བསྲེས་པ། ཆོས་འབྱུང་དུ་ཐོག་མར་བཀོད་པའི་རྣམ་ཐར་ཐར་ཐོར། རྩོམ་སྟངས་ཀྱི་ཆ་ནས་དགག་སྒྲུབ་ཀྱིས་བརྩམས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་ཐར་དང་། ལུང་བསྟན་ཡིག་ཆ་ཤིན་ཏུ་རྒྱས་པའི་རྣམ་ཐར་བཅས་རིགས་དུ་མར་དབྱེ་ཆོག་པ་རྣམས་དུས་ཀྱི་འཕེལ་རིམ་དང་འབྲེལ་ཏེ་རང་ནུས་བབ་ཚོད་ཀྱིས་དཔྱད་པ་བྱས་ཡོད་པས། ནོར་འཁྲུལ་གང་མཆིས་གཟུར་གནས་མཁས་པ་དག་གིས་ཡོ་བསྲང་གནང་བར་ཞུ།
[1]འདི་བ་དབུས་ཕྱོགས་སུ་འཕྲིན་་ལས་ཆེ་ཞིང་། རི་རྩེ་ཞིག་ཏུ་སྒྲུབ་གནས་བཏབ་ནས་བཞུགས་པའི་ཚེ།གཞན་གྱིས་གནས་འདི་ལ་མཚན་ཇི་སྐད་ཟེར་ལགས་ཞུས་པས། ས་འདིར་བསྡད་ཅིང་སྒོམ་པ་སྐལ་བ་བཟང་བས་སྐལ་བཟང་རྩེ་རུ་ཐོགས་ཞེས་དང་། ཡང་། ཡིད་ལ་བསམ་པ་བཞིན་རི་རྩེ་འདིར་སྡོད་གནས་བཟང་བ་ཞིག་བྱུང་བས་ཡིད་བཟང་རྩེ་རུ་ཐོགས་ཞེས་གསུངས་པ་ལས། མཚན་ཆོས་རྗེ་སྐལ་བཟང་རྩེ་པའམ།ཡིད་བཟང་རྩེ་བར་གྲགས་པ་ཡིན་ཀྱང་། དུས་ཕྱིས་དཔེ་ལ་ལར་ཡེ་བཟང་རྩེ་པ་ཞེས་བཀོད་པ་ནི་བརྡ་སྐད་ནོར་བར་མངོན། ཡང་ཕྱོགས་གཅིག་ནས་གདུང་འགོས་ཡིན་པ་དང་། ལོ་ཙཱ་བར་མཁས་པར་མཁྱེན་པས་འགོས་ལོ་ཙཱ་བར་གྲགས། གཞན་ཡང་ཆོས་རྗེ་གཞོན་དཔལ་བ་དང་། ཆོས་རྗེ་འཇམ་དབྱངས་རིན་ཆེན། རྣལ་འབྱོར་འཇམ་དབྱངས་རིན་ཆེན། ཞལ་རས་སྤོབ་ཧྲིལ་ལེ་བ་ཡོད་པ་དང་། ཞབས་བརྡར་བ་ལ་བརྟེན་ནས་མཁན་ཆེན་སྤོབ་བརྡར་བ་ཡང་ཟེར། 
[2]ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་བརྩམས་པའི་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེར་དྲངས་འདུག 2003བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། p.709
[3]ཐུའུ་བཀྭན་ཆོས་ཀྱི་ཉི་མས་བརྩམས། གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་།1984 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།p.374
[4]མཚན་བྱང་དངོས་ནི་འདི་མིན་པར་བསམ་སྟེ། རྟོགས་བརྗོད་དེའི་སྦྱར་བྱང་དུ་རང་གི་རྟོགས་པ་བརྗོད་པ་མདོ་ཙམ་བཤད་པ་འདི་ནི་ཞེས་འབྱུང་བས་ཀྱང་ཤེས་ནུས་སོ།།
[5]དགེ་སློང་བརྩོན་འགྲུས་བཟང་བོས་བརྩམས། མཚུངས་མེད་ཆོས་རྗེ་རྒྱལ་མཚན་དཔལ་བཟང་བོའི་རྣམ་ཐར་མདོར་བསྡུས་དད་པའི་རོལ་མཚོ། དབུ་མེད་བྲིས་མ། སྣ་རིང་། p.4a-5b
[6]རྗེ་ཙོང་ཁ་བས་བརྩམས། རྟོགས་བརྗོད་འདུན་ལེགས་མ། རྗེ་ཙོང་ཁ་བ་ཆེན་པོའི་བཀའ་འབུམ་ཐོར་བུ་བཞུགས་སོ།།1987མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། p.102
[7][7]ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་བརྩམས། རྟོགས་བརྗོད་འདུན་ལེགས་མའི་འགྲེལ་བ། གསུང་འབུམ་པོད་ཉ་བར་བཞུགས། 2010 ཐེ་ཝན་ལྕགས་པར་མ།  P.333
[8]གཞན་ཞིག་ནི་ལམ་རིམ་ཆེན་མོའི་ལྷག་མཐོང་གི་ཐད་དུ། ཅིར་ཡང་མི་རྟོག་འཇོག་པའི་ཞི་གནས་ལམ།།དང་པོར་སྒྲུབ་པའི་ཚུལ་དང་གྲུབ་པའི་ཚད།།ལེགས་པར་དམིགས་ཕྱེད་གོ་བ་མ་རྙེད་ཀྱང་། །སྙིང་རུས་ཙམ་ལ་རེ་བའི་བསམ་གཏན་པ།།དེ་དག་གིས་ཀྱང་ད་དུང་མཁས་པ་ལ།།བརྟེན་ནས་སྐྱོང་ཚུལ་ཇི་བཞིན་ཤེས་པར་མཛོད།།དེ་ལྟ་མིན་ན་རྒྱལ་བའི་བསྟན་པ་ལ།།རེ་ཞིག་ངལ་འཚོ་བྱས་ན་གནོད་པ་ཆུང་།།ཞེས་གསུངས་པ་འདི་ཉིད་དོ།།1985 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། p.361
[9]དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། ནང་བསྟན་ཤེས་རིག་སྐོར་གྱི་དྲི་བ་དྲིས་ལན། གསུང་འབུམ་པོད་ཅ་བ། དཔྱད་རྩོམ་སྐོར། 2004མི་རིགས་དཔེ་སྐྲུན་ཁང་།p.332
[10] དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། ནང་བསྟན་ཤེས་རིག་སྐོར་གྱི་དྲི་བ་དྲིས་ལན། གསུང་འབུམ་པོད་ཅ་བ། དཔྱད་རྩོམ་སྐོར།2004མི་རིགས་དཔེ་སྐྲུན་ཁང་།p.308
[11]དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། ནང་བསྟན་ཤེས་རིག་སྐོར་གྱི་དྲི་བ་དྲིས་ལན། གསུང་འབུམ་པོད་ཅ་བ། དཔྱད་རྩོམ་སྐོར། 2004མི་རིགས་དཔེ་སྐྲུན་ཁང་།p.308
[12]མཚོ་སྔོན་མི་རིགས་སློབ་ཆེན་རྗེ་ཙོང་ཁ་བ་ཞིབ་འཇུག་གླིང་གིས་ཕྱོགས་བསྒྲིགས་གནང་སྟེ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་རྗེ་ཙོང་ཁ་བའི་རྣམ་ཐར་ཕྱོགས་བསྒྲིགས་དེབ་གསུམ་པར་གསང་རྣམ་འདི་བསྐྱར་ཟློས་ཀྱིས་ཐེངས་གཉིས་བཀོད་འདུག
[13]ཀུན་དགའ་དབང་ཕྱུག་གིས་བརྩམས། རྗེ་ཙོང་ཁ་བའི་རྣམ་ཐར་ཡིག་ཆའི་བྱུང་ཚུལ་དང་དེའི་ཐད་ཀྱི་དོགས་གནད་འགའ་ལ་གསར་དུ་དཔྱད་པ། ཀྲུང་གོའི་བོད་རིག་པ། 2016/3 p.121-136
[14]མཚོ་སྔོན་མི་རིགས་སློབ་ཆེན་རྗེ་ཙོང་ཁ་བ་ཞིབ་འཇུག་གླིང་གིས་བསྒྲིགས་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ་པའི་རྗེ་ཙོང་ཁ་བའི་རྣམ་ཐར་ཕྱོགས་བསྒྲིགས་དེབ་གསུམ་པའི་ནང་། པཎ་ཆེན་བློ་གྲོས་ལེགས་བཟང་ཞེས་བཀོད་ཀྱང་། གཞུང་དངོས་ཀྱི་སྦྱར་བྱང་དུ་སྤོང་པ་བ་ལེགས་པ་བཟང་བོ་ཞེས་སྣང་བས་ནོར་བར་མངོན།  ཤཱཀྱའི་དགེ་སློང་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པའི་རྗེ་ཙོང་ཁ་བའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་ཐར་རྣམ་དཀར་དད་པ་རྒྱ་མཚོར་རོལ་བའི་འཇུག་ངོགས་སུ། གསང་བའི་རྣམ་ཐར་འདི་ལ། ཀློང་རྡོལ་བླ་མས་གསུང་འབུམ་མང་བོའི་དཀར་ཆག་ཏུ། པཎ་ཆེན་བློ་གྲོས་ལེགས་བཟང་གིས་མཛད་པར་གསུངས་ཀྱང་ཆེས་མི་འགྲིག་སྟེ། པཎ་ཆེན་བློ་གྲོས་ལེགས་བཟང་ཟེར་བ་འདུལ་ཊིཀ་བརྩམས་པ་པོ་དེ་ཡིན་ན་བཀྲས་ལྷུན་ཤར་རྩེ་པ་ཡིན་ཞིང་། རྗེའི་ཞབས་ཤིན་ཏུ་ནས་ཀྱང་མ་ཟིན་ལ། རྗེའི་དངོས་སློབ་ཏུ་པཎ་ཆེན་བློ་གྲོས་ལེགས་བཟང་ཟེར་བ་གཏན་ནས་མེད་དོ།།གསང་རྣམ་བྲིས་མ་རྙིང་མ་ཞིག་ཏུ་ལེགས་པ་བཟང་བོ་ཞེས་པ་མ་གཏོགས་བློ་གྲོས་ཟེར་བ་མི་སྣང་ཞིང་། འཇིགས་བྱེད་ཆོས་འབྱུང་དུ་རྗེ་ལེགས་པ་བཟང་བོའི་གསང་བའི་རྣམ་ཐར་ཞེས་དྲངས་འདུག་པས། རྗེའི་ཞལ་ནས་དངོས་སུ་ཐོས་པ་མདོ་སྟོད་པ་ལེགས་བཟང་ཡིན་ནོ།།ཞེས་གསལ་བོར་བཀོད་འདུག་པས། ལེགས་བཟང་བ་ནི་རྗེའི་བསྙུང་གཡོག་བུ་ཆེན་བདུན་གྱི་ཡ་གྱལ་དུ་བགྲངས་པ་དེའོ།།འབྲུག་རྒྱལ་དབང་ཆོས་རྗེས་བརྩམས་པའི་རྗེ་ཙོང་ཁ་བའི་རྣམ་ཐར་ཆེན་མོར་ཡང་། ཆོས་ཀྱི་རྗེ་བློ་གྲོས་ལེགས་བཟང་གིས་མཛད་པའི་རྗེའི་རྣམ་ཐར་ཞེས་འབྱུང་བས། འདི་དག་གི་ཁུངས་ད་དུང་བརྟག་པར་རིགས་སོ།།
[15]མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་བ་ཞིབ་འཇུག་གླིང་གིས་བསྒྲིགས་ཏེ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ་པའི་དེབ་གསུམ་པར། རྗེ་རིན་པོ་ཆེའི་རྣམ་ཐར་རབ་གསང་རྨད་བྱུང་གཏམ་གྱི་དགའ་སྟོན་བྱིན་རློབས་ཀྱི་ཆར་རྒྱུན་དངོས་གྲུབ་ཀྱི་གཏེར་འབྱེད་རིན་པོ་ཆེའི་འཕྲེང་བ་དང་། དེབ་དང་པོར་རྗེ་བློ་གྲོས་ལེགས་བཟང་པས་མཛད་པའི་རྗེ་བཙུན་ཙོང་ཁ་བ་ཆེན་པོའི་རྣམ་ཐར་ངོ་མཚར་ཅན་གཉིས་སོ་སོར་བགྲངས་ཀྱང་། བརྗོད་བྱ་རྗོད་བྱེད་གཅིག་ཏུ་འདུག་པས། སོ་སོར་ཕྱེ་བ་ནོར་འདུག  
[16]ལེགས་པ་བཟང་བོས་བརྩམས། རྗེ་བཙུན་བཙོང་ཁ་བ་ཆེན་པོའི་རྣམ་ཐར་ངོ་མཚར་ཅན་བཞུགས་སོ།།དབུ་མེད་བྲིས་མ། སྣ་རིང་། p.19a
[17]མཁས་གྲུབ་རྗེས་བརྩམས། རྗེ་རིན་པོ་ཆེའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་ཆ་ཤས་ཉུང་ངུ་ཞིག་ཡོང་སུས་བརྗོད་པའི་གཏམ་རིན་པོ་ཆེའི་སྙེ་མ། དབུ་ཅན་བྲིས་མ། སྣ་རིང་། p.22b-23a
[18]འདི་བ་འབྲས་སྤུངས་ཀྱི་གདན་སར་ལོ་སུམ་ཅུར་ཉེ་བར་བཞུགས་ཏེ་མཁས་པའི་བྱ་བ་གསུམ་གྱིས་དུས་འདའ་བར་མཛད། པོ་ཏི་ཅི་འཆད་ཀྱང་ཐུགས་ནས་ཐོགས་པ་མེད་པར་འཆད་པས་འཇམ་དབྱངས་ཆོས་རྗེ་ཞེས་ཀྱང་གྲགས། རྗེ་བཙུན་བཙོང་ཁ་བའི་ཆོས་བཤད་ཀྱི་བཀའ་དེ་ཁོང་ལ་བབས་པ་ཡིན་གསུངས། ཡིད་བཟང་རྩེ་བའི་ཞལ་ནས་ཀྱང་། ཕྱིས་སྐོར་གྱི་དགེ་བའི་བཤེས་གཉེན་ལ་འབྲས་སྤུངས་ཆོས་རྗེ་དེ་ལས་མཁྱེན་རབ་རྒྱ་ཆེ་བ་མ་བྱུང་འདུག་གསུངས་ཞེས་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེར་གསལ།2003བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  p.744
[19]མཁས་གྲུབ་དགེ་ལེགས་དཔལ་བཟང་ལ་གོ།
[20]འདི་བ་འཁོར་དག་པ་རྣམ་བརྒྱད་ལས་དབུས་པ་བཞིའི་གྲས་ཀྱི་རིན་རྒྱལ་བའོ།།ཤར་བ་རིན་ཆེན་རྒྱལ་མཚན་ཞེས་ཀྱང་ཞུ།
[21]པཎ་ཆེན་བསོད་ནམས་གྲགས་པས་བརྩམས་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་དུ། ཆོས་སྒོ་བ་འཇམ་དབྱངས་ཁ་ཆེ་ནི་བསྒོམས་པའི་ཉམས་མྱོང་དང་། གསུང་རབ་ལ་གསན་རྒྱ་མཛད་པའི་མཁས་པ་ཡིན་སྣང་ལ། རྗེ་རིན་པོ་ཆེར་སྔོན་དུ་མི་གུས་པ་ཞིག་ཡིན་འདུག་ཀྱང་། ཕྱིས་ཞབས་ཀྱི་པདྨོར་བཏུད་དེ་གསུང་རབ་མང་དུ་གསན་པས་ཤེས་ནས་ཐུགས་དད་ཆེན་པོ་ཐོབ་པར་གྱུར་བ་སྟེ་འབྲས་རྟགས་སུ་ཙོང་ཁ་བརྒྱད་ཅུ་དང་ཀ་ལ་པ་སོགས་བསྟོད་པའི་ཕྲེང་བ་བརྩམས་པའི་ཤེས་པར་བྱེད་པ་ལས་སོ།།ཞེས་འབྱུང་། p.189-190 2001བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
[22]མཁན་ཆེན་དགེ་འདུན་རྒྱ་མཚོའི་རྣམ་ཐར་དཔག་བསམ་ལྗོན་ཤིང་།                
[23]མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རྗེ་ཙོང་ཁ་བ་ཞིབ་འཇུག་གླིང་གིས་ཕྱོགས་བསྒྲིགས་གནང་ནས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ་པའི་རྗེ་ཙོང་ཁ་བའི་རྣམ་ཐར་ཕྱོགས་བསྒྲིགས་དེབ་དང་པོའི་ནང་། བསྟོད་པ་ཙོང་ཁ་བརྒྱད་ཅུ་དང་ཀ་ལཱ་པ་གཉིས་ལ་མཚན་བྱང་རྗེ་བཙུན་ཙོང་ཁ་བ་ཆེན་པོའི་རྣམ་ཐར་བསྟོད་པ་ཙོང་ཁ་བརྒྱད་ཅུ་མར་གྲགས་པ་ཞེས་བཀོད་ཡོད་ནའང་། དེ་གཉིས་སོ་སོ་ཡིན་པ་ནི། ཤཱཀྱ་དགེ་སློང་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པའི་རྗེ་བཙུན་བླ་མ་ཙོང་ཁ་བ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་ཐར་རྣམ་དཀར་དད་པ་རྒྱ་མཚོར་རོལ་བའི་འཇུག་ངོགས་སུ། ཡིད་རྒྱན་ལས་ཐུགས་དད་ཆེན་པོ་ཐོབ་པར་གྱུར་བ་སྟེ། འབྲས་རྟགས་སུ་ཙོང་ཁ་བརྒྱད་ཅུ་དང་ཀ་ལཱ་པ་སོགས་བསྟོད་པའི་ཕྲེང་བ་བརྩམས་པའི་ཤེས་བྱེད་ལ་སོགས་གསུངས་ཞེས་བཀོད་འདུག ཤིང་པར་གྱི་པར་མ་གང་ཡིན་མི་ཤེས་ཀྱང་། ཤོག་གྲངས་བརྒྱད་ཅན་གྱི་པར་མ་ཞིག་ཏུ་ཙོང་ཁ་བརྒྱད་ཅུ་དང་ཀ་ལཱ་པ་གཉིས་གཅིག་ཏུ་མུ་འབྲེལ་དུ་བཀོད་ནས་མཚན་བྱང་ལ་རྗེ་བཙུན་ཙོང་ཁ་བ་ཆེན་པོའི་རྣམ་ཐར་བསྟོད་པ་ཙོང་ཁ་བརྒྱད་ཅུ་མར་གྲགས་པ་བཞུགས་ཞེས་ཀྱང་གསལ་བས། ད་དུང་བརྟག་པར་འོས་སོ།།
[24]ཀུན་དགའ་དབང་ཕྱུག་གིས་བརྩམས། རྗེ་ཙོང་ཁ་བའི་རྣམ་ཐར་ཡིག་ཆ་ལས་གུང་རུ་རྒྱལ་མཚན་བཟང་བོས་མཛད་པའི་རྗེའི་རྣམ་ཐར་ལ་གསར་དུ་དཔྱད་པ། རྗེ་ཙོང་ཁ་བ་ཞིབ་འཇུག་གླིང་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབསམ་གསུམ་པའི་དཔྱད་རྩོམ་ཕྱོགས་བསྒྲིགས།
[25]གཞུང་འདིའི་བྱེད་པོས་སྤྱི་ལོ་2018ལོའི་ཟླ་ལྔ་བར་ཕྱི་སོག་རྒྱལ་ཁབ་ཀྱི་ཁུ་པུའུ་ཏོ་སློབ་ཆེན་ནས་བྲིས་མ་ཞིག་རྙེད་པ་དེ་ཡང་འདི་དང་སྤྱིའི་ཆ་ནས་འདྲ་ཡང་། སྐབས་སྐབས་སུ་ཚིག་རིས་མི་འདྲ་བ་འབྱུང་བས། བསྟོད་པ་ཀ་ལཱ་པ་འདི་ཉིད་ལ་ད་དུང་བརྟག་པར་འོས། 
[26]འཇམ་དབྱངས་ཁ་ཆེས་བརྩམས། རྗེ་བཙུན་ཙོང་ཁ་བ་ཆེན་པོའི་རྣམ་ཐར་བསྟོད་པ་ཙོང་ཁ་བརྒྱད་ཅུ་མར་གྲགས་པ་བཞུགས། ཤིང་པར་མ། སྣ་རིང་། p.7b-8a
[27]ཟང་ཟིང་ནེའུ་རིང་བས་བརྩམས་པའི་རྗེ་ཙོང་ཁ་བ་ཆེན་པོ་ལ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་ཚུལ་གྱི་རྣམ་ཐར་དུ་རྗེ་རང་གི་བསྟོད་པ་ཙོང་ཁ་རིང་མོ་ཞེས་པ་ཡིག་ཆ་དག་ལས་ཙོང་ཁ་རིང་མོ་ཞེས་པའི་ཐ་སྙད་ཐོག་མ་ཡིན་པར་སེམས།
[28]བྲག་སྒོ་རབ་འབྱམས་པས་བརྩམས་པའི་རྗེའི་རྣམ་ཐར་ལས། ཀུ་ཅོར་རྟོགས་ལྡན་པ་ཡང་རྗེ་རིན་པོ་ཆེ་བའི་སློབ་མར་གྱུར་ཅིང་། ལྷུང་བཟེད་ཅིག་དང་ཆོས་གོས་ཤིག་གནང་བས་ཕྱིས་སྲས་ཤིག་བྱུང་བ། རབ་ཏུ་བྱུང་བའི་ལུང་བསྟན་དུ་དགོངས་ཏེ་རབ་ཏུ་བྱུང་བ་འཕགས་པ་ལྷའོ།།ཞེས་འབྱུང་། 
[29]ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་བརྩམས། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། 2003བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།p.708
[30]པཎ་ཆེན་བསོད་ནམས་གྲགས་པས་བརྩམས། བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། 2001བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། p.58
[31]བཀའ་གདམས་ཆོས་འབྱུང་གསར་རྙིང་ལས། གནས་བརྟན་ཆོས་བཟང་ནི་རྗེའི་རྩ་བའི་འཁོར་ཡིན། ལྷོ་བྲག་གྲུབ་ཆེན་དྲུང་དུ་དཔོན་སློབ་བཅུ་གཉིས་མཉམ་པོར་ཐེགས་པའི་གཅིག་འདི་ཞེས་གསུངས།
[32]ཞྭ་དམར་ཆོས་གྲགས་ཀྱིས་ཟང་ཟིང་ནེའུ་རིང་བའི་དྲིས་ལན་དུ་ཞེས་ཤཱཀྱའི་དགེ་སློང་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པའི་ རྗེ་ཙོང་ཁ་བ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་ཐར་རྣམ་དཀར་དད་པ་རྒྱ་མཚོར་རོལ་བའི་འཇུག་ངོགས།  ཤིང་པར་མ། སྣ་རིང་། p.235a
[33]ཤཱཀྱའི་དགེ་སློང་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱིས་བརྩམས། རྗེ་ཙོང་ཁ་བ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་ཐར་རྣམ་དཀར་དད་པ་རྒྱ་མཚོར་རོལ་བའི་འཇུག་ངོགས། ཤིང་པར་མ། སྣ་རིང་། p.232b
[34]འབྲུག་རྒྱལ་དབང་ཆོས་རྗེས་བརྩམས་པའི་རྗེ་ཙོང་ཁ་བའི་རྣམ་ཐར་ཆེན་མོར་ཟང་ཟང་ནེ་རིང་བས་ཀྱང་རྗེ་རིན་པོ་ཆེས་གྲུབ་རྟགས་བསྟན་ཚུལ་གྱི་རྣམ་ཐར་ང་རང་གིས་བརྩམས་པ་ཞིག་ཡོད་ཅེས་གསུངས་པ་རྣམས་དཔེ་རྒྱུན་དཀོན་པས་སྔོན་ཆད་མིག་ལམ་དུ་སོན་པ་མ་བྱུང་བས་བློ་ལྡན་རྣམས་ཀྱིས་དོན་གཉེར་ཆེན་པོས་རྩད་གཅོད་བྱ་བར་རིགས་ཞེས་གསུངས། 1981p.563
[35]བོད་རང་སྐྱོང་ལྗོངས་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་གི་པོ་་ཏ་ལ་རིག་དངོས་སྲུང་སྐྱོབ་དོ་དམ་སོའི་ཡིས་བསྒྲིགས་པའི་གསུང་འབུམ་དཀར་ཆག་ཏུ། སྤྱི་ལོ་1505ལོར་ཆོས་འབྱུང་བརྩམས་པར་མཛད་ཅེས་གསལ་ཡང་། འདིའི་ཁུངས་གང་ལ་བཅོལ་བ་བརྟག 1990 p.173
[36]འདི་དག་ཡིག་ཆུང་དུ་བཀོད་འདུག ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་བརྩམས། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། 2003 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། p.674
[37] ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་བརྩམས། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། 2003བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། p.674 
[38]ཞང་ཞུང་བ་བཤེས་གཉེན་དཔལ་འབྱོར་བཟང་བོས་བརྩམས། ཆོས་འབྱུང་མཁས་པའི་ཡིད་འཕྲོག2015   བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། P.109
[39]མཁར་ནག་ལོ་ཙཱ་བས་བརྩམས། དགའ་ལྡན་ཆོས་འབྱུང་དཔག་བསམ་སྡོང་པོ་མཁས་པ་དགྱེས་བྱེད། ལྕགས་པར་མ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། p.36
[40]ཞང་ཞུང་བ་བཤེས་གཉེན་དཔལ་འབྱོར་བཟང་བོས་བརྩམས། ཆོས་འབྱུང་མཁས་པའི་ཡིད་འཕྲོག2015   བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། P.40
[41]བྲག་སྒོ་རབ་འབྱམས་པས་བརྩམས། ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་རྣམ་ཐར་ངོ་མཚར་ལུང་བསྟན་གྱི་རོལ་མོ་ཞེས་བྱ་བ་ལོག་རྟོག་ཞར་ཁེགས་དང་བཅས་པ། དབུ་མེད་བྲིས་མ། སྣ་རིང་། P.5a
[42]བྲག་སྒོ་རབ་འབྱམས་པས་བརྩམས། ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་རྣམ་ཐར་ངོ་མཚར་ལུང་བསྟན་གྱི་རོལ་མོ་ཞེས་བྱ་བ་ལོག་རྟོག་ཞར་ཁེགས་དང་བཅས་པ། དབུ་མེད་བྲིས་མ། སྣ་རིང་། P.6b     
[43]བྲག་སྒོ་རབ་འབྱམས་པས་བརྩམས། ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་རྣམ་ཐར་ངོ་མཚར་ལུང་བསྟན་གྱི་རོལ་མོ་ཞེས་བྱ་བ་ལོག་རྟོག་ཞར་ཁེགས་དང་བཅས་པ། དབུ་མེད་བྲིས་མ། སྣ་རིང་། P.8a
[44]མཛད་པ་པོ་མི་གསལ། རྗེ་བཙུན་བཙོང་ཁ་བ་ཆེན་པོའི་རྣམ་ཐར་རས་བྲིས་སུ་བྱས་པའི་རྣམ་བཤད། ཤིང་པར། སྣ་རིང་། P.29
[45]མཛད་པ་པོ་མི་གསལ། རྗེ་བཙུན་ཙོང་ཁ་བ་ཆེན་པོའི་རྣམ་ཐར་རས་བྲིས་སུ་བྱས་པའི་རྣམ་བཤད། དབུ་མེད་བྲིས་མ།སྣ་རིང་།  p.3a-3b
[46]བྲག་གཡབ་བློ་བཟང་བསྟན་པས་བརྩམས། རྗེ་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱི་རྣམ་པར་ཐར་བ་ལེགས་བཤད་ཉིན་མོར་བྱེད་པ། དབུ་མེད་བྲིས་མ། སྣ་རིང་། P.16b
[47]བྲག་གཡབ་བློ་བཟང་བསྟན་པས་བརྩམས། རྗེ་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱི་རྣམ་པར་ཐར་བ་ལེགས་བཤད་ཉིན་མོར་བྱེད་པ། དབུ་མེད་བྲིས་མ། སྣ་རིང་།P.27
[48]ཤཱཀྱའི་དགེ་སློང་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱིས་བརྩམས། རྗེ་ཙོང་ཁ་བ་ཆེན་པོའི་ངོ་མཚར་རྨད་བྱུང་རྣམ་ཐར་དད་པ་རྒྱ་མཚོར་རོལ་བའི་འཇུག་ངོགས། ཤིང་པར་མ། སྣ་རིང་། p.247b
[49]ཤཱཀྱའི་དགེ་སློང་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱིས་བརྩམས། རྗེ་ཙོང་ཁ་བ་ཆེན་པོའི་ངོ་མཚར་རྨད་བྱུང་རྣམ་ཐར་དད་པ་རྒྱ་མཚོར་རོལ་བའི་འཇུག་ངོགས། ཤིང་པར་མ། སྣ་རིང་། p.247b
[50]མཁར་ནག་ལོ་ཙཱ་བས་བརྩམས། དགའ་ལྡན་ཆོས་འབྱུང་དཔག་བསམ་སྡོང་པོ་མཁས་པ་དགའ་བསྐྱེད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་སྡུད་ཕྱོགས་སྒྲིག་ཁང་ནས་བསྒྲིགས། ལྕགས་པར་མ། p.21
[51]བློ་བཟང་སྒོམ་ཆུང་གིས་བརྩམས། རྒྱལ་བ་ཙོང་ཁ་བ་ཆེན་པོའི་རྣམ་ཐར་ཟུར་རྒྱན་ལུང་བསྟན་རིན་ཆེན་ཕྲེང་བ།དབུ་ཅན་བྲིས་མ། སྣ་རིང་། p.2a-2b

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...