སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འབར་མེ་ཡི་སྙན་ངག་ཚན་པ་གཉིས།
རྩོམ་པ་པོ། འབར་མེ། རྩོམ་སྒྲིག་པ། Michung དུས་ཚོད། 2015-10-28 10:42:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
           འཁྲུལ་བའི་མེ་ཏོག
                               ––––འབར་མེ།
ཆམས་ནད་ཀྱིས་ར་རོ་བར་བཏང་བའི་ལུས་པོ
དོ་དགོང་ཟླ་བའི་ཀློང་དུ་ཤྭ་བ་ཁེར་རྐྱང་ཞིག་འཁྱམ་འདུག
རུས་པར་ཟུག་པའི་མདེའུ་དང
ས་ངོས་སུ་བཞད་པའི་ཁྲག་གི་མེ་ཏོག་ནག་པོ
ཟླ་བ་སྒོར་སྒོར་གྱིས་ཤར་འོང་དུས
འཁོར་བ་སྐྱོང་ལུགས་ཀྱི་ཟིན་ཐོ་རྙིང་རོ་ཞིག་ཨམ་ཕྲག་ཏུ་བཅུག་ནས
སྐྱེ་བོ་གཉིས་ཀྱི་རི་ལུང་ཀུན་ཏུ་རྒྱང་ལྟ་བྱས

སྙིང་ནས་རྡོལ་བའི་ཁྲག་དམར་གྱི་མེ་ཏོག་རེ་རེ
ཟླ་འོད་ཀྱི་གྲིས་མས་ཐག་རིང་ལ་ཁུར་སོང་ངམ
གཞོན་ནུ་ཞིག་གིས་བ་སྤུའི་བདུད་པ་ཡང་དུ་བཏང་གིན
སླར་ཡང རྨི་ལམ་གྱི་ཟོ་བ་ཆེན་པོ་ཞིག་འཁུར་ནས
རྡོག་སྒྲ་ཐག་ཐག་གཙང་འགྲན་དུ་ཆས་ཀྱིན་འདུག

ལུས་ཧྲིལ་བོ་འདར་སིག་སིག
རླུང་གི་མེ་ཏོག་རྐང་གཅིག་བྲང་ལ་སྤུར་འོང་དུས
ཆམས་ནད་འདི་ནི་བར་སྣང་གི་ས་རྡུལ་ཉག་གཅིག་སྟེ
གས་མ་རེ་རེ་ལུས་སྟེང་ནས་ཕར་ལ་གཏོང་དགོས

ཟིམ་ཟིམ་དུ་འདར་བའི་སྐར་མའི་ལུས་སེམས་དང
ཁོབས་ཀྱིས་ཞོགས་པའི་རླུང་བུ
དོ་དགོང་ལྟར་ང་གཏན་དུ་འཚོ་བར་ཤོག་ཅིག
ང་ཡིས་མར་མེ་རྐོང་བུ་གང་སྦར་ནས
ཆམས་ནད་འདི་གཏིང་རིམ་ནས་སེལ་བར་རེ་ཡོད།
                                         2014.2.25

         འབྲི་མ་ཐུབ་པའི་སྙན་ངག

ཧྲེང་ངེར་འཚོ་བའི་གྲིབ་མ
ཡུན་རིང་ལ་སྙན་ངག་ཅིག་འབྲི་འདོད་ཀྱང
ངག་གི་ཉེས་པ་མཐུབ་ནས་མཐུག་ཏུ་བྱིན་པས
ང་རང་འོབས་ཏུང་ཆེན་པོ་ཞིག་ན་ལྷུང་སོང
ཐ་སྙད་ཀྱི་ལུས་ངག་ཡིད་གསུམ་པོ་སྟོང་པར་གྱུར་རྗེས
འགྲོ་ལམ་བྲལ་ཅིང་དབིགས་འབེན་བོར

མདང་དགོང་རྨི་ལམ་དུ་གྲིབ་མ་ཞིག་ཐོན་བྱུང
མུན་པའི་ཀློང་ནས་འཕྱོངས་ལྡང་བྱེད་བཞིན
གཅོང་སྐད་ཀྱི་ཀི་ཅོ་རེ་རེ་བཏོན་བྱུང
དེའི་རྗེས་སུ སྨྲ་བ་མེད་པར་ཡིད་སེམས་སྡུག་གི་ཁེངས་ཏེ
ཐ་སྙད་ཀྱི་བརྗོད་དུ་མི་ཐུམ་པའི་དུས་ཚོད་མཐའ་དག་ཐིག་ལེ་རུ་དང་ཟིན

གར་སོང་ཅ་མེད་དུ་གྱུར་བའི་བྱ་དངོས
ལག་པ་མདུན་ལ་སྲེང་ནས་ཅི་ལྟར་སྙབ་ཀྱང
ནམ་གུང་གི་རྨི་ལམ་ཡོད་ཚད་རྡོ་བཞིན་འཁྱག
རྡོ་བ་བྲང་ལ་སྦྱར་ནས་ལྷ་ཚོགས་ལ་ཅེར་དུས
རེག་ཏུ་མེད་པའི་བྱ་དངོས་མང་པོས་གདུང་ཀ་གཞུས་བྱུང
བདག་གིས་འཛིན་ཐབས་བྲལ་ཅིང
གཏོང་ཐབས་མེད་པའི་ཕྱེ་ལེབ་དེ་གང་དུ་འཕུར་གྱིན་ཡོད་དམ
གཤོག་ཟུང་དལ་གྱིས་ང་ཡི་རྨི་ལམ་དཀྲོག་རོགས
གཏོང་ཐབས་བྲལ་ཅིང་འཛིན་ཐབས་བྲལ།
                                        2014.5.31

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...