སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཕ་ཡུལ།
རྩོམ་པ་པོ། བླ་སྤྱང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-11-4 9:42:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
ཕ་ཡུལ།
བླ་སྤྱང(དངོས་མིང་འཇིགས་མེད། ཤེས་རིག་གླིང་།)
ཉི་གཞོན་གསར་བའི་ལང་ཚོ་རྒྱས་པས་ས་འཛིན་སྒེག་མོས་གོས་གསར་མནབས། །
ཐུལ་དཀར་འབྲི་མོའི་ངུར་སྒྲའི་ཁྲོད་ན་ཨ་ཅེ་འབྲོག་མོ་ལས་ལ་བྲེལ། །
བཞོ་དབྱངས་སྙན་མོའི་འགྱུར་ཁུགས་དབུས་ནས་བྱམས་ལྡན་ཨ་མའི་གཤིས་ཀ་མངོན། །
ལང་ཚོས་ཕྱུག་པའི་གནས་མཆོག་འདི་ནི་རྨི་ལམ་ཁྲོད་ཀྱི་དག་ཞིང་ཉིད། །

 
ལྷ་བསང་དུད་པས་རི་ལུང་གང་ཞིང་རླུང་རྟའི་བ་དན་མཁའ་རུ་རྩེན། །
དཀྲུགས་ཇ་གསར་བའི་ཕུལ་ལྕམ་དྭངས་མོ་མཆོག་གསུམ་ལྷ་ལ་རྟེན་དུ་ཕུལ། །
འགྱུར་མེད་སེམས་ཀྱི་དད་འདུན་བརྟན་པོས་བཅུ་ཕྲག་རིག་པའི་ཉིང་བཅུད་མངོན། །
ཕུན་ཚོགས་བྱེད་པོས་པུར་གྱིས་མ་བྲིས་འགྲན་བྲལ་དགའ་བའི་ཚལ་འདི་རྨད། །

 
གཡུ་སྦྲའི་འདབས་ཀྱི་གཡང་དཀར་ལུག་ཁྱུ་མཁའ་ལ་ལྡིང་བའི་སྤྲིན་དཀར་བཞིན། །
དྲི་ཞིམ་སྣ་བརྒྱའི་མེ་ཏོག་ཀློང་ན་མ་བུའི་བརྩེ་སེམས་རབ་མངོན་ཞིང་། །
ཕྱིང་དཀར་གྱོན་པའི་ལུག་རྫི་བུ་མོས་དགའ་བའི་གླུ་གཞས་ཕྱོགས་ཀུན་བསྒྲགས། །
ཡིད་དབང་གསོ་བའི་གནས་མཆོག་འདི་ནི་རྩེ་གཞུང་སྐྱིད་པའི་སྨན་ལྗོངས་ཡིན། །

 
མཛེས་སྡུག་སྒོམ་པའི་ཕ་ཡུལ་དེ་དང་རྒྱང་ཐག་ཡུད་ཙམ་རིང་ན་ཡང་། །
འཁྲེང་སེམས་ཁྲོད་ཀྱི་ཕྱིར་མིག་དེ་ནི་གང་ཡིན་གང་གིས་མི་ཁོགས་ལ།  །
ཁྱེད་ལ་ཕུལ་བའི་སྙན་ཚིག་འདི་ཡང་གདོང་ལས་འཐོར་བའི་མཆི་མ་བཞིན། །
བཅོས་མིན་སེམས་ཀྱི་དན་རྟགས་དེ་ནི་འདི་མིན་གཞན་ཞིག་ཡོད་མ་ཡིན། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...