སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འབྲོང་སྨུག་པོའི་སྙན་ངག་ཚན་པ་གཉིས།
རྩོམ་པ་པོ། འབྲོང་སྨུག་པོ། རྩོམ་སྒྲིག་པ། Michung དུས་ཚོད། 2017-4-12 11:24:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
ཁྱོད་ཀྱི་ལན་བུར་འཇུས་ཏེ། 

སྤྲིན་པའི་སྲབ་ལ་འཇུས་པའི་སྔ་གཞུག་ནི།།

སེམས་པ་དྲན་པས་ཟོས་པའི་ཉིན་ཞག་ཡིན།།

མེ་འམ་ཅི་ཡིས་བདག་ཉིད་རབ་འབར་ཏེ།།

མིག་ཆུ་འཛར་ཞིང་འོ་དོད་རིམ་པར་བརྩེགས།།

ལ་ཁའི་ཟོམ་དུ་མཛེག་པའི་བསེར་བུ་ཀྱང་།།

ཁྱོད་ཀྱི་གུད་དུ་བཟི་ནས་ལས་མཐའ་འཚོལ།།

ཀྱེ་མ་ལམ་གྱི་འཛོལ་སྟངས་འདི་ལྟར་ཡིས།།

དཀྱུས་མའི་བདག་ཉིད་ཨ་ཐང་ཆད་ན་ཡང་།།

དུངས་ཞེན་ཆར་ཆུའི་རྒྱབ་ཀྱི་ཉི་ཟེར་ནི།།

ཡལ་གས་འཁྱུད་པའི་སྙིང་གི་སྡོང་པོའི་ངོས།།

མཚོ་ནང་ཟླ་གཟུགས་ལྷུང་བ་ཇི་བཞིན་ནོ།།

 

དངན་པ་རི་ལ་བཏབ་པས་རླུང་བུ་གཡོས།།

ས་སྲོད་སྐྱོ་བའི་ཁངས་ལ་ཞེ་མེར་བྲིས།།

གདུང་བའི་སྤེན་མ་བྲང་དུ་སྐྱེས་པའི་མུར།།

ལྡོག་འབབ་རྔུལ་ཆུས་རླན་པའི་ཟླ་འོད་ནི།།

དགོང་ཁའི་འཇིག་རྟེན་ཞིག་ལ་རྟག་ཏུ་འཛུལ།།

སྣང་བ་དང་ནི་ཤེས་པའི་འཛུམ་མདངས་ཀྱང་།།

འཐུ་མེད་རྟ་ཕོའི་ཉམས་ཀྱིས་རིང་དུ་བསྙེག།

ཅི་སྟེ་ལས་འཕྲོའི་ཐང་ཁ་ཆེན་པོ་དེར།།

བློ་ཁ་ངུ་བའི་གཟུགས་བརྙན་ཡང་མོ་ཞིག།

རྟོག་སྣང་འཁྲུལ་བའི་གར་ལ་རྩེན་ཞིང་ཨང་།།

                                2017.3.19

ཚེར་མས་བྲབ་པའི་བར་ཐག

ཆུ་ཆེན་ལུང་པའི་གཤོང་དུ་ལོ་མའི་མེ་ཏོག་འཐོར།།

སྐར་ཚོགས་ཁ་བ་འབབ་ནས་དྲན་པའི་རི་མོ་འབུར།།

ཆ་ཡོད་སྐྱོ་གར་མཚོན་པའི་རླུང་དང་ཆུ་མོ་དག།

ཡིད་ཀྱི་རི་སུལ་ཀུན་ལ་སྡུག་གི་མུན་པ་འཐིབས།།

 

རྡུལ་གྱི་བྱེ་མ་ཉིལ་ཞིང་གྲིབ་མས་ལ་ཐང་དགབ།།

རྟོག་འགྱུའི་སྐྲ་ལོ་སེར་པོ་ཞི་བའི་མཐའ་ལ་གཟད།།

ཕྱིར་མིག་བྲབ་པའི་རི་ལུང་སྔས་མགོའི་མེ་ལོང་འཆར།།

ཀྱེ་མ་སེམས་ཀྱི་རལ་ཁར་སྙིང་གི་ཆུ་མིག་གཞུར།།

 

ཤ་རུས་གཉེར་མའི་དབར་གྱི་ཟླ་མགོའི་རྨི་ལམ་བྱོ།།

ཚེ་གཅིག་མུན་ནག་ནང་ལ་ཞེ་ཡི་གདུང་བ་བྲུག།

ཆར་སིམ་ཁྲོད་ཀྱི་དེ་ཉིད་རེ་བས་མ་བཏང་མོད།།

འཁོས་ཀའི་དོར་བའི་ང་ལ་ཡིད་ཆད་སྡོང་པོས་བརྩེན།།

 

སྙིམ་པའི་ནང་གི་མི་ཞིག་རྟག་ཏུ་མི་རྙིང་པར།།

སྣང་བའི་འདུ་ལོང་ཀུན་ན་ཡིད་ཀྱི་ལྡིང་བསྐོར་རྒྱག།

ཧ་ལམ་འཆི་བ་མཚོན་པའི་ཉག་གའི་རླུང་བུ་ཡིས།།

སེམས་ཀྱི་སྒོ་ཐེན་རེ་ལ་གྲང་བའི་ཕོ་བྲང་བཞེངས།།

                              2017.2.14


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...