སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དཔའ་ཚེ་རིང་གི་སྙན་ངག་བདམས་བཀོད། དང་པོ།
རྩོམ་པ་པོ། དཔའ་ཚེ་རིང་། རྩོམ་སྒྲིག་པ། Michung དུས་ཚོད། 2017-4-27 16:21:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

 

          དཔའ་ཚེ་རིང་། དངོས་མིང་ལ་ཚེ་རིང་ཟེར། བགྲང་བྱ་ཉེར་དགུའི་ཡར་སྔོན་ཞིག་གི་སྟོན་གཞུང་ལ་ཚེ་སྲོག་གི་ངུ་ངག་ཐོག་མ་མདོ་སྨད་དཔའ་ལུང་སྟག་ཚང་ཡུལ་ཚོའི་རོང་ཁྱིམ་ཞིག་ནས་གཏོར་ཞིང་།སློབ་གྲྭ་ཆུང་འབྲིང་གི་ཐེམ་སྐས་རིམ་གྱིས་འགྲིམས་ནས2010ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན་ཏེ་ད་ལྟ་ཁམས་ཡུལ་ཤུལ་ནས་སློབ་གསོའི་ལས་དོན་གཉེར་བཞིན་ཡོད། ལས་ཞོར་དུ་སྙན་ངག་དང་ལྷུག་རྩོམ། དཔྱད་རྩོམ་ཐན་ཐུན་རེ་བོད་ཁམས་ཀྱི་དུས་དེབ་གང་མང་དུ་བཀོད་མྱོང་ལ། དེ་དག་ནི་ཁོ་བོའི་ཡིད་སེམས་ཀྱི་གཏིང་དང་ཤ་རུས་ཀྱི་སྤུད་ནས་མཆེད་པའི་བརྩེ་སེམས་རྣལ་མ་ཞིག་གི་རང་མདངས་སུ་འཁུམས་སོ༎ 

ངའི་ཡིད་ཀྱི་སྤང་ཐང་ན་རྩེན་པའི་འབྲོང་ཆུང་དར་མ

                                      ---བུ་ཆུང་རྡོ་རྗེ་དབང་ཆེན་ལ་ཆེད་དུ

འབྲུ་དྲུག་སྙེ་མའི་གསེར་རླབས་འཕྱོ་བའི་སྟོན་གཞུང་ཞིག་ལ
ཁྱོད་ནི་ཡིད་ཀྱི་སྤང་ཐང་ན་སྣུམ་ཤིག་ཤིག་གིས་བཞད་པའི་མེ་ཏོག་ཇི་བཞིན
ངའི་རྨི་ལམ་གྱི་སྔས་སུ་མངོན་སུམ་དུ་བསླེབས་དུས
འདི་ནི་ངས་མི་ལོ་སུམ་ཅུར་ཡིད་ཀྱིས་བསྒོམ་ཞིང་སེམས་ཀྱིས་བསྙེག་པའི་བསོད་ནམས་ཀྱི་བགོ་བསྐལ་ཞིག་ཨེ་ཡིན་བསམ
རེད་དེ   དེ་ནི་ངས་ལྷ་ཆེན་གྱི་ཐུགས་ཀ་ནས་བསུས་པའི
ཚེ་སྲོག་གི་རྒྱུན་ཐག་བསྲིངས་པའི་ཡིད་འོང་གི་ཕོ་ཉ་ཡིན

ལྗང་ནེམ་ནེམ་གྱི་འཇིག་རྟེན་འདི་རུ   སྐད་སེང་སེང་གིས
ཁྱོད་ཀྱིས་ཚེ་སྲོག་གི་ངུ་སྐད་ཐོག་མ་ཐོལ་གྱིས་གཏོར་དུས
ཨ་མའི་ནུ་ཞིམ་མངར་གྱི་ནུ་ཞོ་དྭངས་མོས
ཁྱོད་ལ་མི་ཕོ་ཞིག་གི་རྔུལ་ཆུའི་རྟོགས་བརྗོད་ཐོག་མར་ཚོར་དུ་བཅུག
འདི་དག་ཡོད་ཚད་ཀྱི་ཡོད་ཚད་ནི
ཁྱོད་ཀྱི་མི་ཚེའི་དབུ་ཁྱུད་དང་པོ་ཡིན་ལ
ངའི་ཤ་དང་ཁྲག་ལ་འཐིམས་པའི་བརྩེ་དུང་གི་འགྱུར་དབྱངས་སྙན་མོའང་ཡིན

དུས་དེ་རིང
ངའི་མི་ལོ་སུམ་ཅུར་སེམས་ཀྱི་བསྙལ་བའི་ཐ་སྙད་དེ་དག
པུར་གྱི་སྣེ་མོར་དྲངས་ནས་ཁྱོད་ལ་སྙན་ཚིག་གི་བྱིས་གླུ་རུ་གྱེར་འདོད་མེད་ལ
རྫ་ཕྲེང་དང་བྲག་གཟེར་ན་གཤར་བའི་འབྲོང་ཆུང་བཞིན་དུ
ཡིད་ལ་ཟུག་པའི་ཕ་ས་སྨིག་པོ་འདིའི་གཞི་འཛིན་པ་ཞིག་དང
ངག་ལ་སྙན་པའི་དབྱངས་གསལ་སོ་བཞིའི་བདག་པོར་འགྱུར་ཐུབ་ན

དེ་ནི་ཁྱོད་ཀྱིས་ཨ་ཕར་དྲངས་བའི་རིགས་ཀྱི་གསོལ་ཆང་ཡིན་ལ
དེ་ནི་ཁྱོད་ཀྱིས་ཨ་མའི་ནུ་རིན་འཇལ་བའི་དྲིན་གྱི་བུ་ལོན་ཡང་ཡིན

རྒྱ་ནག་མ་ཎི། དད་སེམས་ཀྱིས་བརྩིགས་པའི་ལོ་རྒྱུས་ཀྱི་དྲན་ཤིང་།
   

རྒྱ་ནག་མ་ཎི། ཁྱོད་ནི་ཨ་ཕའི་རྒས་འཁོགས་ཀྱི་ཡ་ཐོད་ན་འཚེར་བའི་མིག་འབྲས་དྭངས་མོ་ཡིན།
རྒྱ་ནག་མ་ཎི། ཁྱོད་ནི་ཨ་མའི་ངག་ཐོག་ནས་བཟློས་པའི་ཡིག་དྲུག་གི་འགྱུར་དབྱངས་སྙན་མོ་ཡིན།
                                                                                   ------  ཐོག་མའི་གཏམ།
                                
ལོ་ཟླའི་ཆག་སྒོ་ཡི་གདོང་པགས་བཤུས་ཏེ  ཡང་བསྐྱར་ཁྱེད་ཀྱི་འོད་ལམ་ལམ་གྱི་བང་རིམ་མཐོང་དུས
ཡིག་དྲུག་གི་གཟི་བྱིན་མཚར་བོས ང་ལ་རྟག་ཏུ་རྡོ་སྤུངས་འདིའི་ནང་རོལ་ན་སྦས་པའི་ཡབ་མེས་ཀྱི་རྔུལ་ཁྲག་འཚོལ་དུ་བཅུག་བྱུང
རྒྱ་ནག་མ་ཎི    ཁྱོད་ནི་སྤྱིར་བཏང་གི་རྡོ་ཡི་ཕུང་བོ་ཞིག་ག་ལ་ཡིན་ཏེ      ཡིན་མི་སྲིད
ཁྱོད་ནི་དམ་པ་སུ་དང་གང་གི་མཛད་འཕྲིན མི་ཡུལ་དུ་ལུས་པའི་བྱིན་རླབས་ཀྱི་སྤྱི་མཚན་ཞིག
ཁྱོད་ནི་སྟོང་བ་རྟེན་འབྱུང་གི་ཆོས་ཉིད་ཟབ་མོ མཐོ་སྒང་གི་ཡང་རྩེ་ལ་བཀྲལ་བའི་དངོས་གྲུབ་ཀྱི་ལོངས་སྐུ་ཞིག
རྒྱ་ནག་མ་ཎི    རྡོ་ཡི་ཕུང་བོ     ལྷ་ཡི་བྱིན་རླབས མི་ཡི་དད་འདུན
                             
མི་ལོ་སུམ་བརྒྱའི་ལོ་ཟླའི་གྲོག་རིང་བརྒྱུད་དེ     ད་ལྟ་ད་དུངའགྱུར་མེད་ཀྱི་གངས་རི་བཞིན་སྟོབས་ཀྱིས་འགྱིང་བ་འདི
དབུ་མའི་བཙན་ས་ཟིན་པའི་སྐྱེས་ཆེན་གང་གི      འདུས་བྱས་ཀྱི་ཆོས་ཉིད་རྗེན་པར་གཟིགས་པའི་རྣམ་དཔྱོད་ཀྱི་ལུང་རྟོགས་ཡིན
རྒྱ་ནག་མ་ཎི  མི་སེམས་ཀྱི་གཏིང་རིམ་ལ་ཟུག་པའི་བསླུ་མེད་ཀྱི་སྲོག་ཤིང་གསོན་པོ
རྒྱ་ནག་མ་ཎི  མི་རིགས་ཤིག་གི་སྐྱིད་སྡུག་གི་ལས་དབང་རྒྱབ་ལ་ཁུར་བའི་ལོ་རྒྱུས་ཀྱི་མེ་ལོང
                                
ཐེངས་དུ་མར། ང་ཁྱེད་ཀྱི་ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་ནས་ཉིན་མཚན་སྐྱེལ་མྱོང་ལ
ལན་མང་པོར།  ང་ཁྱེད་ཀྱི་དཔངས་མཐོ་བའི་བཟོ་བཀོད་ཀྱི་མདུན་ནས་དད་སེམས་ཀྱི་མིག་ཆུའང་བཞུར་མྱོང
རྒྱ་ནག་མ་ཎི  ལུང་རྟོགས་ཀྱི་ཡོན་ཏན་མིག་ལམ་དུ་བསྐྱལ་བའི་ལྷ་ཡུལ་གྱི་ཕོ་ཉ
རྒྱ་ནག་མ་ཎི  ཡབ་མེས་ཚོས་དད་སེམས་ཀྱིས་བཞེངས་པའི་ལོ་རྒྱུས་ཀྱི་དྲན་ཤིང

ང་དང་ངའི་ལྷ་ས

ལྷ་ས   སྐྱིད་ཆུའི་གཤོང་ན་གླང་ཆེན་རབ་བརྟན་བཞིན་འགྱིང་བའི་མེས་པོའི་གཞིས་ཁྱིམ
ལྷ་ས  སྤྲང་པོ་དང་སྨད་ཚོང་མའི་རྫུ་བག་གིས་འགེབས་པའི་རྔམ་མཐུག་གི་བཙན་རྫོང
           
ཡར་ཀླུང་གི་རྩེད་ཐང་ན་དཔའ་སྤོབས་དང་རྣམ་དཔྱོད་ཀྱི་གཤོག་ཟུང་རྒྱས་པའི་ངའི་མེས་པོ་དེས
རྒྱང་བསྐྱོད་ཀྱི་གླུ་སྐད་མི་སེམས་ཀྱི་གཏིང་རིམ་ནས་འཕྱོ་ཞིང
ཕུགས་བསམ་གྱི་འདུན་མ་རྟ་ཕོའི་རྨིག་སྒྲ་ལས་བསྐྱལ་ཏེ
རི་ཆུ་སྟོང་གིས་བཅད་པའི་ས་སྒང་འདིར་ཁ་ལོ་བསྒྱུར་བས
ར་ས
ཁྱེད་ནི་བཙན་པོ་ཡི་རྨི་ལམ་འོད་ཀྱིས་འཚོས་པའི་མཐོ་སྒང་གི་འཚེར་ཤུལ
ལྷ་ས
ཁྱེད་ནི་ལུགས་གཉིས་ཀྱི་ས་བོན་དྲོད་ཀྱིས་བསྐྱངས་པའི་གསེར་མདོག་གི་ཉི་འོད
             
གདོད་མ་ནས་འཕྱུར་འོང་བསང་དུ་གྱ་གྱུ་དེས
ངའི་དག་གཙང་ལྷ་ལམ་ཡངས་པོར་སྨིག་སྤྲིན་གྱིས་བཏུམས་ཤིང
ངའི་ཕུགས་འདུན་གྱི་རྟ་ཕོར་མི་འདོད་སྲབ་ཀྱིས་བཅུམ་པས
ལྷ་ས
ཐོབ་བལས་ཤོར་བ་མང་བའི་གས་ཆགས་ཀྱི་ཐ་སྙད་ཅིག
              
དུས་ད་ལྟ  པོ་ཏ་ལའི་མདུན་སྐས་སྟེང་མར་མེའི་མཆོད་སྣུམ་གྱིས་ཟིན་དུས
ངས་དེ་ནི་དགོན་པ་ཞིག་ལས་ཕོ་བྲང་ཞིག་ཨེ་ཡིན་བསམ་མྱོང
དུས་ཚོད་བཞུར་གྱིན་འདུག སྐྱིད་ཆུ་བཞུར་གྱིན་འདུག
ནམ་ཡང་བཞུར་བ་མེད་པ་ནི་ང་དང་ང་ལྟ་བུའི་འཁྲེང་སེམས་དམར་པོ་དེ་དང
ཡང་ན་སྐྱིད་ཆུའི་གཞུང་ལ་བཏབ་པའི་མེས་པོའི་ཁ་ཆེམས་ཀྱི་ས་བོ་དཀར་པོ་དེའོ

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...