སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འཇིག་རྟེན་ཨ་མ།
རྩོམ་པ་པོ། སྙིང་མོ་སྐྱིད། རྩོམ་སྒྲིག་པ། Michung དུས་ཚོད། 2017-5-10 15:49:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

---འཇིག་རྟེན་གྱི་ཨ་མ་ནི་བུ་ཕྲུག་གི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་མཁན་ཅིག་ཡིན།

        ཨ་མ་ནི་འགྲོ་བ་མིའི་བསྐྱེད་ཡུམ་ཡིན་ཞིང་། ཨ་མ་ཡོད་པས་མིའི་རིགས་བྱུང་བ་ཡིན་ལ། མིའི་རིགས་ཡོད་པས་མིའི་རིགས་ཀྱི་ཤེས་རིག་དར་བ་རེད། འཇིག་རྟེན་སྟེང་གི་གཟི་བརྗིད་སྤོབས་པ་མཐའ་དག་ཨ་མ་ལས་བྱུང་བ་རེད། བདེ་སྐྱིད་ཀྱི་གཞི་མ། སེམས་ཀྱི་རྒྱབ་བརྟེན། རེ་བཅོལ་དང་ཡིད་ཆེས་ལྷན་དུ། ཨ་མའི་སེམས་འཕྲིན་ལ་ཉམས་པ་མེད་ལ། བྱམས་བརྩེ་དང་འཛུམ་མདངས་ལ་དེ་བས་ཀྱང་ཡལ་བ་མེད།
        བུད་མེད་ཞིག་ཡིན་ན་འཇིག་རྟེན་གྱི་ཨ་མ་བྱེད་དགོས་པ་ནི་ལྡོག་མེད་ཀྱི་མི་ཚེའི་བརྒྱུད་རིམ་ཅིག་ཡིན་ཞིང་། མི་ལོ་བཅུ་དགུར་དེང་རབས་སློབ་གསོ་མྱངས་བ་དང་བྱ་བའི་ཉམས་མྱོང་ཁྲོད་ཀྱི་བསམ་བློའི་གོ་རྟོགས་བཅས་ཀྱིས་བདག་ལ་ཡང་དང་བསྐྱར་དུ་གསོལ་བ་ནི་འཚོ་བའི་སྙིང་སྟོབས་ཡིན་པས། ངས་བྱིས་པ་སྐྱེས་ནས་ཨ་མ་ཞིག་བྱེད་རྒྱུ་དེ་རང་གི་མི་ཚེའི་འདིའི་གསེར་ལས་དཀོན་པའི་མྱོང་བ་ཐེངས་གཅིག་རེད་སྙམ་པ་ལས་དེའི་ན་ཟུག་དང་དཀའ་སྡུག་ལ་ནམ་ཡང་སྐྲག་མ་མྱོང་།
        ང་ཡང་བུད་མེད་གཞན་དག་དང་འདྲ་བར་གཉེན་སྒྲིག་བྱས་ནས་ལོ་གཅིག་འགོར་རྗེས་མངལ་སྦྲུམ་བྱུང་། བྱིས་པ་མངལ་དུ་གནས་སྐབས་ཨ་མའི་ཟས་སྐོམ་གྱི་དྭངས་མ་དེ་མ་བུའི་ལྟེ་ཐག་བརྒྱུད་ནས་གང་དགོས་ཀྱི་འཚོ་བཅུད་མཁོ་འདོན་བྱེད་ཀྱིན་ཡོད་ཟེར་བས། ངེད་བཟའ་ཟླ་གཉིས་ཀྱི་ཚེ་འདིར་མཐའ་གཅིག་ཏུ་མཛའ་བའི་བརྩེ་དུང་གི་ལྗོན་པར་བཏགས་པའི་ལེགས་སྨིན་གྱི་འབྲས་བུ་དེ་ཉིད་མངལ་དུ་གཡོ་མེད་ཏིང་ངེ་འཛིན་ལ་སྒོམ་དུས་ངས་རང་གི་ཕྱི་ལུས་ཀྱི་འགྲོ་འདུག་སྤྱོད་གསུམ་ཇེ་དལ་དུ་བཏང་བ་དང་འཚོ་བཅུད་ལྡན་པའི་ཟས་གང་མང་བཟས་ནས་སྙིང་གི་ཐིག་ལེར་གྱུར་བའི་གཅེས་ཕྲུག་དེ་ཉིད་བསླེབས་པར་རེ་སྒུག་བྱས་པ་ཡིན་ལ། གཞན་ཡང་ཡ་ཧུ་དཱའི་སློབ་གསོ་ཆེད་མཁས་པས། སྦྲུམ་མའི་ཡིད་ཀྱི་འགྱུ་བས་ཐད་ཀར་ཕྲུ་གུའི་ནར་སོན་དང་འཚར་སྐྱེས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་འདོད་པས་མངལ་གནས་ཕྲུ་གུ་ཆ་སྙོམས་དོ་འགྲིག་ངང་འཚར་ལོངས་འབྱུང་ཆེད་ངས་རང་གི་ནང་སེམས་ཀྱི་ཡིད་འགྱུ་ལ་སྙོམས་སྒྲིག་ལེགས་པོ་བྱས་ནས་རང་གི་སེམས་པ་ཡར་སྐྱེད་ཀྱི་ཡིད་འགྱུ་ཕྲུ་གུ་ལ་བརྒྱུད་སྤེལ་བྱེད་ཅི་ཐུབ་བྱས་པ་ཡིན།
         དེ་ལྟར་ཟླ་དགུ་ཞག་བཅུ་ཕར་བསྐྱལ་བའི་ཉིན་ཞིག་ལ། རང་ཤ་གྲི་ཡིས་གཏུབ་པ་ལས་ཀྱང་སྡུག་པའི་བཟོད་དཀའི་ན་ཟུག་ཅིག་གིས་ངའི་ལུས་ཡོངས་མནར་དུ་བཅུག་བྱུང་། སྐབས་དེར་ངས་རེ་སྒུག་ཁྲོད་ཀྱི་གཅེས་ཕྲུག་འཇིག་རྟེན་མི་ཡུལ་ལ་བསླེབས་རྒྱུ་ཡིན་པ་ཤེས་ཏེ་ད་ནི་མ་བུ་ལྷན་འཛོམས་བྱུང་ཐུབ་སོང་སྙམ་ནས་དགའ་བ་དཔག་མེད་སྐྱེས་བཞིན་ན་ཟུག་དེ་ཉིད་བསྲན་ཅི་ཐུབ་བྱས་པ་ཡིན། བྱིས་པའི་ངུ་སྐད་ཐོས་པ་དང་ང་ལ་རྒྱབ་ནས་ཁུར་བོ་ཆེན་པོ་ཞིག་ཕོག་པའི་སྣང་བ་བྱུང་ལ། སྙིང་རྗེ་བའི་བྱིས་པའི་ངོ་གདོང་ཆུང་ཆུང་དེ་མཐོང་མ་ཐག་ན་ཟུག་ཡོད་ཚད་གཏིང་བརྗེད་དུ་གྱུར་སོང་། སྐབས་དེར་ངའི་སེམས་སུ། རང་ཉིད་ཀྱིས་བདེ་ཐང་གི་བུ་མོ་སྙིང་རྗེ་བོ་འདི་འདྲ་ཞིག་སྐྱེས་པ་ནི་སྐྱེ་བ་སྔ་མའི་ཚོགས་བསགས་རེད་སྙམ་ལ། གནམ་རྒན་མས་ཆེད་དམིགས་བདག་ལ་ཐུགས་རྗེས་སྤྱན་གྱིས་གཟིགས་ཏེ་བུ་མོ་ཞིག་གནང་ཞིང་། ད་ནས་བཟུང་ངེད་བཟའ་ཟླ་གཉིས་ལའང་ཤ་ཁྲག་ལས་མཆེད་པའི་ཕྲུ་གུ་ཞིག་ཡོད་སོང་བ་རེད་སྙམ་སེམས་པ་དྲོད་སོབ་སོབ་ཏུ་གྱུར།
        གང་སྐྱིད་ཕ་ཡུལ་དང་། སུ་བྱམས་ཕ་མ་རེད་ཟེར་བ་ཅིས་མ་བདེན། ཉིན་དེ་ནས་བཟུང་ངས་བུ་མོའི་ལུས་ཕུང་རང་གི་ཤ་དྲོད་ལ་བརླན་ནས་རང་ཟུངས་ཕངས་མེད་འགྱེད་བཞིན་བྲང་གི་ནུ་ཞོ་བླུད་པ་དང་། བུ་མོ་སྐྱིད་པོ་བྱུང་སོང་ན་ང་རང་གིས་དཀའ་སྡུག་ག་ཚོད་མྱངས་ཡང་འགྱོད་པ་མེད་སྙམ་ནས་རང་ཉིད་ཀྱི་ཟས་གོས་ལོངས་སྤྱོད་རྒྱབ་ཏུ་གཡུགས་ཏེ་སྙིང་ནས་བརྩེ་བའི་བུ་མོར་རང་ཉིད་ཀྱི་ཡོད་ཚད་ཕུལ་ཏེ་ཉིན་གྱིས་མཚན་མཐུད། མཚན་གྱིས་ཉིན་མཐུད་ནས་གཉིད་བཅག་ཟས་བརྗེད་ཀྱིས་གཉོར་སྐྱོང་བྱས་ཤིང་། ཕྱི་ཡི་འབྱུང་བ་བཞིའི་གནོད་འཚེ་སོགས་ཐེབས་སུ་མ་བཅུག་པར་བདེ་ཐང་སྐྱོན་བྲལ་ངང་བསྐྱང་སྟེ་ཟླ་གཅིག་ལོངས་དུས། བུ་མོ་ཤ་ཁ་གང་ནས་བྱ་མོའི་སྒོ་ང་བཞིན་དུ་དཀར་བའི་གདོང་ལ་ལྷ་བཟོ་མཁན་གྱིས་བྲིས་འདྲའི་སྨིན་མ་ཟུང་ཅིག་དང་ཐོ་རེངས་སྐར་ཆེན་ཤར་འདྲའི་སྤྱན་ཟུང་ཅིག་འབུར་དུ་ཐོན་པས། ཁྱིམ་མི་ཚང་མས་ཨ་མའི་མཛེས་ཆོས་ཡོངས་རྫོགས་བུ་མོའི་རྒྱུད་ལ་ཁྲིད་འདུག་ཟེར་དུས། ང་ལ་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ཞིག་ལུས་ཡོངས་སུ་ཁྱབ་བྱུང་།
        བྱིས་པའི་མིག་ནང་ཨ་མ་ནི་མེ་ཏོག་ནང་བཞིན་མཛེས་ཟེར་སྲོལ་ཡོད་དེ། ཨ་མའི་གདོང་མཐོང་ཐེངས་རེར་བུ་མོས་དགའ་བའི་ཉམས་དང་དགོད་པའི་འཛུམ་ཆུང་སྟོན་ཙམ་བྱེད་ཅིང་། བུ་མོའི་འཛུམ་ཆུང་མཐོང་དུས་ངས་འཇིག་རྟེན་གྱི་ཡོད་ཚད་བརྗེད་ཅིང་རྫོགས་སུ་མེད་པའི་རྟོགས་ལྗོངས་རྙེད་ལ། རང་ཉིད་འཇམ་མཉེན་ཡོད་ཚད་གོང་བུར་གྱུར་བའི་བྱམས་ལྡན་ཨ་མ་ཞིག་ཏུ་གྱུར་བའི་ཚོར་བ་ཐོག་མར་བྱུང་། དེ་ལྟར་ང་རང་འཇིག་རྟེན་ཨ་མར་གྱུར་བ་ནས་བཟུང་རང་ཉིད་ཀྱིས་ཟ་མཁས་འཐུང་མཁས་གང་འདྲ་བྱེད་དགོས་རུང་བུ་མོ་འདི་མིའི་དཀྱིལ་ལ་གཉའ་དམའ་བོ་བྱེད་དུ་མི་འཇུག་པའི་ལྟ་ཚུལ་ཁྱེར་ནས་རང་གི་ཟླ་ཕོགས་ཡོད་ཚད་བུ་མོར་བཏང་ནས་ཁོ་མོར་ཟས་གང་བཟང་བླུད་པ་དང་གོས་གང་འཇམ་གཡོགས་ནས་སྦྲང་རྩི་བཞིན་དུ་མངར་བའི་འཚོ་བ་ཞིག་བསྐྲུན་པ་ཡིན་མོད། ཡིད་ཕངས་བ་ཞིག་ལ་ལས་ཀའི་དབང་གིས་ང་རང་བུ་མོ་དང་མཉམ་དུ་ཟླ་ཤས་ལས་འདུག་ཁོམ་མེད།
        ཟླ་བ་ཁ་ཤས་རིང་གི་འགྲོགས་གཤིབས་ལས་ཕབ་ཏུ་བསྐྲུན་པའི་བརྩེ་སེམས་དར་སྐུད་རིང་མོས་ངེད་མ་བུ་གཉིས་ཀྱི་སེམས་པ་ཡུག་གཅིག་ཏུ་སྦྲེལ་ཅིང་། ངའི་སེམས་པའི་གཏིང་རིམ་ན་སྙིང་ནས་གཅེས་པའི་བུ་མོ་ནི་ཨ་མའི་ཡིད་ཀྱི་མཚེའུ་ངོས་སུ་དྲོད་སྣང་དང་མཛེས་སྡུག་སྦྱིན་མཁན་གྱི་ལྷ་བྱ་ཁྲུང་ཁྲུང་དཀར་མོ་དེ་ཡིན། ཉིན་མཚན་དུས་དྲུག་ཏུ་བུ་མོ་དང་འགྲོགས་པའི་འགྲུལ་བཞུད་ཀྱི་ལོ་ཟླ་དང་ལྷན་དུ་ངེད་གཉིས་ཀྱི་སེམས་པའི་བར་ཐག་ཡང་ཇེ་ཉེ་ནས་ཇེ་ཉེ་རུ་ཕྱིན་ཡོད་ལ། མིག་བཙུམ་རུང་བདག་གི་སེམས་པའི་རི་མོ་ངོས་ལས་སུབ་མི་ཐུབ་པ་ནི་བུ་མོའི་དཀར་ཅིང་སྒོར་བའི་ངོ་གདོང་དེ་ཡིན་ཞིང་། ད་དུང་སྐྱིད་སྡུག་འདྲེས་མའི་འཚོ་བའི་གསེང་ན་བུ་མོར་བཅངས་བའི་སེམས་ཚགས་ནི་དེ་བས་ཤོང་ཐབས་བྲལ་བ་ཞིག་རེད།
        ད་ནི་བྱིས་པ་སྐྱེས་པར་གནང་པའི་དགོངས་པ་རྫོགས་པས། བུ་མོ་ཕ་ཡུལ་དུ་བསྐྱུར་ནས་མི་འགྲོ་ཀ་མེད་བྱུང་། ཟླ་ཤས་རིང་ལ་ལུས་སེམས་གཉིས་ཀྱིས་གཉོར་བའི་ཨ་མ་ང་ལ་མཚོན་ན། མ་བུ་ཁ་བྲལ་བྱེད་པའི་དངོས་ཡོད་ཀྱི་གནས་ཚུལ་ནི་ཅི་འདྲའི་གདོང་ལེན་དཀའ་བ་ཞིག་རེད་ཨང་།
        དུས་ད་ལྟ་བུ་མོ་དྲིན་ཕ་མའི་གམ་ན་བདེ་ཐང་གིས་ནར་སོན་བཞིན་ཡོད་ལ། དྲིན་ཕ་མས་ངེད་གཉིས་ཀྱི་ཚབ་བྱས་ནས་ངེད་གཉིས་ལས་ལྷག་པའི་བརྩེ་བ་ཞིག་གིས་བུ་མོ་གཉོར་སྐྱོང་གནང་བཞིན་ཡོད་ཅིང་། ཉིན་རྒྱུན་སྐད་འཕྲིན་གྱི་བརྙན་ལམ་བརྒྱུད་ནས་ངེད་བཟའ་ཟླ་གཉིས་ལ་བུ་མོའི་འདྲ་པར་དང་བརྙན་རིས་བསྐུར་ཡོང་། ཕྱིར་འདང་ཟབ་མོ་རེ་རྒྱབ་ན། དྲིན་ཕ་མར་བརྩེ་བ་ལོས་ཡོད་མོད། རང་གིས་བུ་མོ་ལ་གཅེས་པ་བཞིན་ཁོ་ཚོར་བསྙེན་བཀུར་དང་གཅེས་སྐྱོང་བྱས་པ་ཡིད་ལ་དྲན་རྒྱུ་མི་འདུག་པར་མ་ཟད། ད་རུང་དཀའ་ཁག་ཤིན་ཏུ་ཆེ་བའི་བྱིས་པ་གཉོར་སྐྱོང་གི་ལས་ཀ་ཡང་ཁོང་ཚོར་བཅོལ་ཡོད། འོན་ཀྱང་དྲིན་ཕ་མར་མཚོན་ན། རང་གི་བྱིས་པའི་བྱིས་པ་གཉོར་བ་ལ་དགའ་སྣང་མ་གཏོགས་སྡུག་སྣང་མི་འདུག་མོད། བྱིས་པ་གཉོར་བ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། དྲིན་ཕ་མ་ནི་ནམ་ཡང་རང་གི་བུ་རབས་ཚ་རྒྱུད་ལ་དྲིན་ལན་གཞལ་དཀའ་བའི་བདེ་སྐྱིད་རེ་རེ་བསྐྲུན་ནས་འགྲོ་བཞིན་ཡོད།
        ངས་དེ་རིང་འདི་ལྟར། རང་གི་སྙིང་ནས་གཅེས་པའི་བུ་མོ་དྲན་ཞོར་དུ་ཨ་མའི་དུས་ཆེན་བསུ་བཞིན་ཡོད། ཨ་མ་ཆུང་ཆུང་ཞིག་གི་སེམས་ཁམས་ཀྱིས་འཇིག་རྟེན་ཨ་མའི་སེམས་ཁམས་ཀློག་གིན་ཡོད། རང་གིས་བུ་མོར་གཅེས་པ་དེ་བཞིན་དུ་དྲིན་ཆེན་གྱི་ཨ་མས་དུས་གསུམ་གྱི་འཚོ་བའི་ཁྲོད་དུ་ལུས་སེམས་གཉིས་ཀྱིས་གཉོར་ཞིང་སྐྱོང་བ་ལ་བསམ་ན། ང་ཚོས་དྲིན་ལན་དེ་ཅི་ལྟར་གཞལ་ནུས་ཨང་། 

རྩོམ་པ་པོ་སྙིང་མོ་སྐྱིད་ནི་བོད་ལྗོངས་ལྷུན་གྲུབ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...