སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གུ་དཔལ་ཤིས་ཀྱི་སྙན་ངག་བདམས་བཀོད།
རྩོམ་པ་པོ། གུ་དཔལ་ཤིས། རྩོམ་སྒྲིག་པ། Michung དུས་ཚོད། 2017-5-10 16:06:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 

དེ་ཉིད་ཀྱི་གླུ།
 

འཚོ་འབྲུའི་དར་ལྕེ་ཟད་པོ་ལ།

ཡིག་བྱང་གཉིས་ཀྱི་དུར་ཆད་བཏབ།།

སྣང་བའི་དབྱངས་གསལ་སྒྱུ་འཕྲུལ་གདངས།།

གཡེར་དྲིལ་བརྡ་ཚུལ་ཅི་ཡང་དཀྲོལ།།

འཁྲོལ་བའི་གྲགས་སྟོང་དྲིལ་གཡེར་སྙན།།

དེ་དུས་མག་མོག་རིག་པའི་གར།།

གཞུག་མའི་ཤག་དབྱིངས་བྱབས་ཁྲུས་རོལ།།

2017.4.23

 

དུས་ཀྱི་མཛེས་པ།
 

དུས་ཚོད་འདི་ཡི་སྐར་ཆ་ཇི་སྙེད་ཅིག།

དེ་ཡི་སླད་དུ་དབུགས་རྒྱུན་ལྷེམ་ཙམ་བསྣར།།

སྲང་ལམ་འགྲན་གྱི་ལྗོན་པ་ཁེར་སྐྱེས་དག།

ཁོ་མོ་སྒུག་པའི་ལ་གཞས་སྨུག་པར་འདྲེས།།
 

ཆར་འབྲུ་རེ་ཟུང་མིག་གར་རྩེན་པ་ཡང་།།

གྲིབ་མའི་ནང་གི་དཔྱིད་ཀ་ཧ་ཅང་གྲང་།།

ནམ་ཞིག་ལོ་དེའི་དབྱར་ཁ་ཚེས་གྱུར་ན།།

ཤིང་ལོ་དག་ནི་གཅིག་རེ་གཉིས་འཐོར་གྱི།།
 

གྲིབ་མའི་ས་སྲོད་འཆར་སའི་ངོ་གདོང་ཡང་།།

དུར་བྱའི་ངོགས་སུ་མིང་ཡིག་གཏེག་རན་འདྲ།།

དེ་དུས་ཕྱིར་ལ་འཁོར་བའི་རུ་གྲོང་དག།

དུས་བཞིར་ཡོད་པའི་མཛེས་སྡུག་རབ་ཏུ་སྨྲེངས།།

2017.4.24

 

སྨྲེང་ངག
 

སྣང་བའི་འཁྲིས་ཀྱི་དར་ལྕེ་ངུ་དབྱངས་འཁྲིགས།།

སྤྲིན་པ་དག་ནི་སྔར་གྱི་མཚོན་མདངས་གྱུར།།

བདེན་པའི་བློ་སྒོའི་ནམ་མཁའ་སྔོན་པོ་ཨང་།།

ཆོས་ཉིད་འཆར་བའི་མེ་ལོང་གར་པར་བདོག
 

སྨུག་པ་ཚོམ་ཚོམ་ངག་ན་ལུས་གྱུར་པས།།

དྲིལ་གཡེར་གདངས་ལ་ཆག་སྐད་ལྷུག་ལྷུག་ངུ་།།

ཁྱོད་ལ་ཁྱོད་ཀྱི་རྨི་ལམ་འཆར་འགོད་ལས།།

རི་མོ་བ་ཚོས་བློ་བཀོད་ཇི་ལྟར་འབྲི།།
 

དཀར་དང་ནག་པའི་དུས་མཐའི་གྲིབ་མའི་གཟུགས།།

འདི་རུ་ཟེགས་པའི་ལོ་སྐལ་མེད་གྱུར་ན།།

ཨུ་ཚུགས་ངག་གི་མུ་ཏིག་ཟམ་མ་ཟིམ།

ད་ནི་ཅི་ལྟར་འཐོར་རུང་རེ་སྒྲོམ་ཅི།།
 

ནམ་ཞིག་མིག་ལ་རྣམ་ཤེས་འབྱར་ཙང་གིས།།

གྲིབ་མ་དེ་ཡང་ཧ་ཅང་འཕྱིས་གྱུར་ན།།

མུན་པའི་བྱིངས་ཀྱི་སྐར་འབྲུ་སྙི་མོ་དག།

དུས་ཀྱིས་ལེ་གདའ་མ་གནོངས་སེམས་པ་ཀྱེ།།

2017.5.8


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...