སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁྱེད་ལ་འཁྲེང་བའི་སེམས།
རྩོམ་པ་པོ། རྣོ་ཟིལ། རྩོམ་སྒྲིག་པ། Michung དུས་ཚོད། 2017-5-24 10:55:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
རྣོ་ཟིལ།
      དོ་ནུབ། ངས་ཨ་མའི་ཞལ་རས་ཡིད་ལ་བསྒོམ་བཞིན། ཨ་མ་དང་མཚུངས་བའི་བུ་མོ་ཞིག་དྲན་བྱུང་། དེ་ནི་ཁྱོད་ཡིན། ཁྱེད་ནི་རི་རྩེར་འཁྲུངས་བའི་སྤྲིན་པ་ལེབ་མོ་ཞིག་དང་འདྲ་བར་བདག་གི་ནམ་མཁའི་མཐོང་ཚད་ཟིན་ཡོད་ལ། མཛེས་སྡུག་གིས་བརྒྱན་པའི་མེ་ཏོག་སེར་ཆེན་ཞིག་དང་མཚུངས་བར་བདག་གི་སེམས་པའི་གཏིང་རིམ་ན་བཞད་ཡོད། མདོར་ན། ངའི་འཇིག་རྟེན་གྱི་ནགས་ཚལ་དང་ཆུ། རྩྭ་ལྗང་། ནེམ་ལོ་སོགས་ཡོད་ཚད་ཀྱི་ཡོད་ཚད་ཀྱང་ཁྱེད་ཀྱིས་གྲུབ་ཡོད་། ངོས་གཞན་ཞིག་ནས་བཤད་ན། ད་ལྟ་ཁྱེད་ནི་ངས་ངོ་མི་ཤེས་པའི་སྐྱེས་པ་ཞིག་གི་མལ་ཁྲིའི་སྟེང་གི་རྨི་ལམ་ཡིན་ཞིང་། སེམས་ཀྱི་བརྩེ་བ་དང་བརྩེ་བའི་དྭངས་མ། དགའ་བའི་མེ་ཏོག་དང་སྐྱོ་བའི་སྙན་ངག་འབུལ་ས་རུ་གྱུར་ཡོད་ལ།ཁྱོད་ཀྱིས་ཀྱང་འཛུམ་གོང་གི་མེ་ཏོག་དེ་གཉིས་ངས་ངོ་མི་ཤེས་པའི་སྐྱེས་པ་དེ་ཡི་མིག་ཟུང་ལ་གཏད་ཡོད་དོ།། དངོས་གནས། འཁོར་བ་ནི་གཏུམ་དྲག་དང་གདུག་རྩུབ་ཀྱིས་ཁེངས་པའི་དུག་སྦྲུལ་ཞིག་གི་ལྕེ་དང་མཚུངས་ཤིང་།འུ་གཉིས་ནི་སོ་སོར་གྱེས་པའི་ལྕེ་སྣེ་རེད། ལྕེ་རྩ་གཅིག་ཀྱང་ཁ་ཁར་གྱེས་དགོས་པ་དེ་ཡང་ལས་ཀྱི་བརྐོས་ཐང་ཤིག་རེད་ལ། ངས་དེར་འཁང་ར་བྱེད་མི་སྲིད།
      དོ་ནུབ། ལྷིང་འཇགས་ཀྱི་རྩྭ་ཐང་འདིར་ངའི་ཡ་ཆུང་ཁོག་ནས་བརྡོལ་བའི་ཤུགས་སྒྲ་ལས། སྤྱང་ལྟོག་གི་ངུ་ངག་དང་སྒོ་ཁྱིའི་ཟུག་སྐད་ཀྱང་ཐོས་རྒྱུ་མི་འདུག འདི་ལྟ་བུའི་སྨག་རུམ་གྱི་ཁྲོད་དུ། ངས་མཆོད་མེ་རྐོང་བུ་གང་ལ་ངོ་སོ་གཏད། རྒྱང་རིང་གི་སྐར་མའི་ཕྱོགས་ནས་འཕུར་ཡོང་བའི་འབུ་མེ་ལྕེབས་འགའ་ཐད་ཀར་ངའི་ཁང་བའི་སྒེའུ་ཁུང་བརྒྱུད་ཏེ་འོད་ཀྱི་དྲོད་ཁོལ་བསྙེགས་ནས་སོང་།མེ་ལྕེའི་མཐའ་བསྐོར་ནས་གཤོག་འགྱུར་གྱི་གར་སྟབས་བསྒྱུར་བཞིན་ཡོད། འོད་ཀྱི་ཟེགས་མའི་ཁྲོད། ངས་གློ་བུར་དུ་གསལ་ལ་མི་གསལ་བའི་ཁྱེད་ཀྱི་འཛུམ་བག་མཐོང་བྱུང་། ཁྱེད་ཀྱི་མིག་ཟུང་ལས། ངས་ཡུན་རིང་བཙལ་ཀྱང་མ་རྙེད་པའི་རང་གི་བྱིས་དུས་ཀྱི་ངོ་གདོང་མཐོང་བྱུང་། ཁྱེད་ལ་ཤོར་བའི་སེམས་དང་མིག ད་དུང་། ཆེས་ཐོག་མར་ཁྱེད་རང་མཐོང་བའི་དུས་ཀྱི་ས་སྲོད་དེ་ཡང་མཐོང་བྱུང་། ཁྱེད་ཀྱིས་བདག་ལ་ཟུར་མིག་ཅིག་འཕངས་པས། ངས་ཀྱང་ཁྱེད་ལ་འཛུམ་མདངས་ཤིག་བསྟན་ནོ།།
      ངས་འདི་དག་དྲན་བཞིན་པའི་མོད་ལ། མིག་ཆུ་ལྡོག་གཅིག་མཁུར་མགོ་བརྒྱུད་ནས་སྔས་མགོའི་སྟེང་དུ་ལྷུང་། འབུ་མེ་ལྕེབས་དག་ཀྱང་བདག་གི་གམ་དུ་བཅར་ནས་མགོ་བོ་དུད་འདུག མི་ལོ་མང་པོ་ཞིག་གི་རྗེས་ཀྱི་དེ་རིང་། ངས་སྔར་བཞིན་ཁྱེད་རང་དྲན་བྱུང་། དོ་ནུབ་དང་མཚུངས་བའི་མཚན་ལྗོངས་རིང་མོ་དག་ལ་ངས་ས་སྲོད་མང་པོ་ཞིག་རྟོགས་བཟོ་བྱས་མྱོང་། གཙང་བོའི་ཕ་གིའི་ཁང་བའི་ནང་དུ། ཁྱེད་ཀྱིས་དྲོད་ལམ་ལམ་གྱི་མེ་ཁ་གསོས་ཤིང་། ས་སྲོད་རེ་རེར་མཚམས་སྤྲིན་གྱི་འོག་ཏུ། བདག་གི་དཔུང་བ་གཡས་པར་དམ་པོར་འཇུས་ཏེ། མེ་ཏོག་སེར་ཆེན་ལ་བལྟ་རུ་འགྲོ་བ་ཡིན། ལན་རེར། ཁྱེད་ཀྱིས་མགོ་བོ་ནང་དུ་བཀུགས་ནས་ལ་གཞས་རེ་ཡང་ལེན་ཞིང་། དབྱངས་རྟ་རེ་རེས་ཕྱེ་ལེབ་ཀྱི་ཚོགས་ཀྱང་འུ་གཉིས་ཀྱི་མཐའ་འཁོར་དུ་འབོད་སྲིད། ངས་འདི་ལྟ་བུའི་མཛེས་ཉམས་ལ་རོལ་མྱོང་བྱེད་བཞིན་མིག་ཟུང་ཁྱེད་ཀྱི་ཕྱོགས་སུ་འཕངས་པ་ན། ཁྱེད་ཀྱི་མཁུར་ཚོས་ནི་སྲོད་ཁའི་མཚམས་སྤྲིན་ལས་ཀྱང་དམར་བས། ངས་དུས་རྒྱུན་དང་འདྲ་བར་ཁྱེད་ཀྱི་འགྲམ་པ་ལ་འཇམ་པོའི་འོ་ཞིག་བྱས་པ་ཡིན། གཙང་བོའི་འགྲམ་ན་ཕ་བོང་ཞིག་ཡོད། དེ་ནི་ཁང་བའི་མདུན་གྱི་གོམ་པ་ཉི་ཤུའི་མཚམས་སུ་ཡོད། ས་སྲོད་རེ་རེར། འུ་གཉིས་ནམ་རྒྱུན་ཕ་བོང་དེའི་སྟེང་དུ་བསྡད་དེ། ཆུ་བོའི་བཞུར་སྒྲ་ལ་ཉན་པ་ཡིན། ཅུང་མ་འགོར་བར་ཁྱོད་ཀྱིས་མགོ་བོ་བདག་གི་ཕྲག་སྟེང་དུ་བཞག་ནས། གམ་དུ་བཞུར་གྱིན་པའི་གཙང་བོ་བསྟན་ཏེ། ལྟོས་དང་། ལོ་ཟླ་བཞུར་གྱིན་འདུག་ཟེར། ངས་ཁྱེད་ཀྱི་མགོ་ལ་བྱིལ་བྱིལ་འགའ་བྱས་རྗེས། ལོ་ཟླ་བཞུར་ཚར་རག་བར་དུ་འུ་གཉིས་གཏན་དུ་ཁ་མི་འབྲལ་ཞེས་བརྗོད་པར། ཁྱོད་ཀྱིས་མགོ་བོ་ནང་དུ་གུག་ཙམ་བྱས་ཏེ་ང་ལ་འཐད་པའི་བརྡ་ཞིག་བསྟན། ཁང་བའི་སྒོ་འགྲམ་གྱི་ལྕང་སྡོང་འོག་ཏུ། ངས་ཁྱེད་ཀྱིས་བསྐོལ་བའི་འོ་ཇ་འཐུང་ཞོར། སྨྲ་ར་དཀར་པོར་བྱིལ་བྱིལ་བྱེད་བཞིན་ཁྱོད་ལ་བལྟས་པ་ན། ཁྱོད་ལའང་སྐྲ་དཀར་ཉག་མ་འགའ་སྐྱེས་འདུག
     འོན་ཀྱང་། ཁྱོད་ད་དུང་བདག་གི་ཕྲག་མགོར་ཁེན་པར་དགའ་ལ། ང་ཡང་སྔར་བཞིན་ཁྱོད་ཀྱི་གདོང་ལ་བལྟ་བར་སྤྲོ། ངས་འདི་ལྟར་སྨག་རུམ་མང་པོ་ཞིག་རྟོགས་བཟོའི་ཁྲོད་དུ་བསྐྱལ་མྱོང་ལ། འདི་འདྲའི་རྟོགས་བཟོའི་ཁྲོད་སྨག་རུམ་ག་ཙམ་འདས་པ་ནི་རང་གིས་ཀྱང་མ་ཚོར་རོ།། ང་རང་དགའ་དགོས་ན་ཁྱོད་རང་སྐྱིད་དགོས་ཏེ། ང་རང་སྡུག་པ་ཡང་འབྱུང་ཁུངས་ཁྱེད་ལ་ཐུག་ཡོད། གང་ལྟར་ཁྱེད་ཉིད་ཅིས་ཀྱང་གཏོང་ན་མི་འདོད་དེ། ཁྱེད་ཀྱི་འཛུམ་ཞལ་དང་མཛེས་སྡུག་སེམས་ལ་ཉར་ནས། རྟོགས་བཟོ་དག་ནམ་ཞིག་མངོན་འགྱུར་ཡོང་བར་ཡང་། སྔར་བཞིན་སྨོན་ལམ་རྒྱག་གི་མེད་ན་ཡུམ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...