སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གདོང་རིགས་ཀྱི་བརྩམས་ཆོས་བདམས་བཀོད།
རྩོམ་པ་པོ། གདོང་རིགས། རྩོམ་སྒྲིག་པ། Michung དུས་ཚོད། 2017-6-14 15:09:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 

དྲན།

གདོང་རིགས། 

                    ༡
ཞོགས་པའི་ཉི་འོད་ནོར་འཛིན་སྒེག་མོའི་རྒལ་གཞུང་དུ་ཕོག་དུས།
དྲན་པའི་སྣང་བ་གསོན་པོ་ཞིག་འོད་དུ་བརྒྱུས་ཏེ་ཁྱོད་ཀྱི་བཞིན་རས་དག་ལ།
བྱིལ་བྱིལ་ཐེངས་གཅིག་བྱེད་ན་འདོད།
                   ༢
ཆར་ཆུས་སྤངས་པའི་སྐྲ་ལོ་དག་ལས་ཆུ་ཐིགས་འཛག་དུས།
སྙིམ་པ་གང་གིས་ཨམ་ཕྲག་ཏུ་བླུགས་ཤིང་ཁྱོད་ཀྱི་སྐམ་གདུང་སེལ་བའི་བདུད་རྩི་ཞིག་ཏུ་བསྒྱུར་ན་བསམ།
                   ༣
སེམས་ཀྱི་རྩིག་ངོས་སུ་བསྐྱོན་པའི་དྲན་པ་དག
སྨག་གི་ཁ་ཟས་སུ་གྱུར་བར་དོགས་ཤིང་ཕྱི་རོལ་དུ་ཤག་ཤག་བབས་པའི་ཆར་འབྲུ་ལ་སྙིང་གི་གཏམ་དག་སྔོན་དུ་སྦྲན།
                   ༤
མཚན་ལམ་རིང་མོར་རྨི་ལ་མང་ལ།
དྲན་གདུང་གིས་བཟི་བའི་མཚན་མོར་ལྷག་ཏུ
རྨི་ལམ་མང་། དོ་དགོང་།
འཇམ་ཅག་གེར་ཁྱེད་བདག་གི་རྨི་ལམ་དུ་འཛུལ་བྱུང་།
                  ༥
སྲབ་སྐྱོགས་མེད་པའི་རྟ་མཆོག་བཞིན
རི་ལུང་ཀུན་ཤེད་ཀྱིས་བརྒལ་ཏེ་འཚེར་སྐད་ལྷང་ལྷང་ཁྱོད་ཀྱི་ཉེ་ས་རུ་གླན།

                  ༦
རྡོ་བ་ཡི་ངོགས་སུ་བྲིས་པའི་སྙན་ངག་ཐམས་ཅད
ཁྱེད་ཁོ་ནའི་ཆེད་དུ་ཅི་ལ་མིན
ད་རུང་།

གདུང་།

                    ༡
དཀར་འོད་ཀྱི་འཇིག་རྟེན་ན་མུན་ནག་གིས་ལག་པ་བསྲིངས་ནས་ཐམས་ཅད་ལ་སྐྱོ་གདུང་གནང་།

                   ༢
ན་ཟུག་ལྕི་མོ་ཞིག་སེམས་སུ་བཅུགས་ཤིང་།
ས་སྲོད་མོག་པོ་ཞིག་སྔས་སུ་བཏེགས་ཏེ།
སུ་ཞིག་རྙེད་མེད་པ་ལྟར་རི་ལུང་ཀུན་ཏུ
ཀི་འབོད་དང་སྐྱོ་གླུ་ཐར་ཐོར་རེ།
                   ༣
ཉི་འོད་སེར་པོའི་ཕག་ཏུ་ཉུལ་བའི་ཀྲུང་ཀྲུང་ཕོ་མོ།
སྐད་ཅིག་ཙམ་གྱིས་མུན་ནག་གི་གོན་པ་འཐུག་པོ
ཞིག་བཀླུབས་ཏེ་མགོ་བོ་དུད་བཞིན་རྒྱུ།
                    ༤
ལམ་དུ་རྒྱུ་བའི་བགྲེས་པོ་ལག་དར་དེ་ཡང་།
ཕ་ཀི་རི་བོའི་གུད་ནས་བཞུད་སོང་བའི་འོད་ཀྱི་ནོར་བུས།
རྗེས་སུ་བསྙེགས་ཏེ་སོང་།
                    ༥
ད་རུང་འདབ་ཆགས་དང་རྩི་ཤིང་དག་ཀྱང་སྐྱོ་ཉམས་ཀྱི

ངོ་འབག་རེ་གྱོན་ནས་ཟུམ་པར་བྱས།

སེམས་ཀྱི་གསང་བ།

     ཉིན་ཞག་དང་ལོ་ཟླ་ཇི་ཙམ་སོང་བ་དེ་ཙམ་དྲན་གདུང་གིས་གཟེར་འདུག
 ངས་སྔོན་ཆད་ཁྱེད་དང་ཁ་བྲལ་ཡུན་ཇི་ཙམ་རིང་ན་དེ་ཙམ་གྱི་སྡུག་བསྔལ་མེད་པར་འདོད་མྱོང་། དེ་རིང་ཕྱིར་རྟོག་རེ་བྱེད་དུས། 
ངའི་བསམ་བློ་དེ་གཞི་ནས་ནོར་ཡོད་པ་རྟོགས་སོང་། ད་དུང་ངའི་གཞི་རྩའི་བསམ་བློ་ལ་ཡང་བཀག་རྒྱ་ངེས་ཅན་ཞིག་ཐེབས་སོང་། རྒྱུ་མཚན་ནི། ངའི་ཡིད་ཀྱི་ཞིང་ས་རུ་བཏབ་པའི་བརྩེ་བའི་ས་བོན་ནི། དུས་དང་རྣམ་པ་ཀུན་ཏུ་ཆུ་ཡི་ཐིགས་པ་ཁྱོར་བས་བཏང་ཞིང་དྲོད་ཀྱི་ཁ་རླངས་དག་གིས་བསྐྱེད་སྲིང་བྱས་ན། དེ་ནི་ཇི་འདྲའི་རིན་ཐང་ཆེ་བ་ཞིག་རེད་ཨང་། ངས་ནམ་ཡང་རང་ཉིད་ལ་དབང་ཞིང་རང་ཉིད་དགའ་བའི་དངོས་པོ་དག་ལ་གཅེས་སྤྲས་ལེགས་པོ་བྱེད་མྱོང་། ད་ལྟ་དང་མ་འོངས་ལ་ཡང་དེ་བཞིན་ཡིན། ཐ་ན་ཞེན་ཆགས་ཆུང་བའི་དངོས་པོ་རེ་ལ་ཨུ་ཚུགས་དང་མ་མཆུ་སོ་ཡིས་བསྡམས་ཏེ་བརྩོན་ལེན་བྱས་ཡོད་ན། འུ་གཉིས་ཀྱི་མཛའ་བརྩེ་ནི་དཔྲལ་བའི་མིག་དང་ཁོག་གི་སྙིང་བཞིན་གཅེས།
     མཚམས་རེར། འུ་གཉིས་ཀྱི་མུ་འབྲེལ་མཛའ་བརྩེའི་གཏམ་རྒྱུད་དག་ཞིབ་ཏུ་ཕྱིར་དྲན་རེ་བྱེད་བསླད། ཆེས་ལྷིང་འཇགས་ལྡན་པའི་ཞི་བདེའི་རྒྱ་མཚོའི་འགྲམ་དུ་གཅིག་པུར་སོང་ནས་ཁྱེད་ཀྱི་སྣང་བརྙན་ཕབ་ཏེ་ཕན་ཚུན་བསྙུན་གླེང་དང་དྲན་གདུང་དག་གཅིག་ཆད་གཉིས་ལྷག་མེད་པར་བརྗོད། སྐབས་དེར་ངའི་ལུས་ཡོངས་རྫོགས་ཆར་ཆུས་སྦངས་པ་དང་སྐྲའི་རྩེ་ལས་ལྷུང་བའི་ཆུ་ཐིགས་རྣམས་གཉའ་ལྟག་བརྒྱད་དེ་འཁྱག་བསིལ་བསིལ་ངང་བྲང་གཞུང་ནས་བཞུར་གྱིན་འདུག

     ད་དུང་ང་དང་འདྲ་བར་ཁྱེད་ཀྱང་དྲན་གདུང་གིས་གཟེར་ནས། མཚམས་རེར་ལྷིང་འཇགས་ལྡན་པའི་སྒེའུ་ཁུང་གི་འགྲམ་ངོགས་སུ་བསྡད་དེ་མཐའ་ཡས་པའི་ནམ་མཁའི་དབྱིངས་སུ་ཅེར་ཏེ་ཁེར་ལབ་བརྒྱབས་ཡོད་ལས་ཆེ། སྐབས་རེར་གྲོང་ཁྱེར་དང་འུར་ཟིང་ཆེ་བའི་མི་ཚོགས་གསེབ་ཏུ་འཛུལ་ནས་ང་དང་རྒྱབ་གཟུགས་འདྲ་བའི་སྐྱེས་པ་འགའི་ཕྲག་པ་ལ་འཇུས་ཏེ་འཐེན་འཐེན་བྱས་ཡོད་སྲིད་སྙམ། དྲན་གདུང་དང་མཛའ་བརྩེ་ཡིད་ཆེས་དང་ཕྱི་ཐག་གཤིས་འཇམ་བཅས་ནི་ཆེས་བླ་མེད་ཀྱི་བདེ་སྐྱིད་ཉག་མ་གཅིག་རེད།
     ཁ་རྩང་ངའི་གྲོགས་པོ་ལྷ་རྒྱལ་གྱིས་ང་ལ་ཡིད་ཕམ་དགོས་པའི་གཏམ་གླེང་ཞིག་བྱས་བྱུང་།  གཤམ་ནས་ངས་གྲོགས་པོ་ལྷ་རྒྱལ་གྱིས་བཤད་པའི་གཏམ་དག་ཁྱོད་ཚོར་བཤད་རྒྱུ་ཡིན་པས་རྣ་བ་བླག་སྟེ་ཉན་རོགས། ལྷ་རྒྱལ། སྡུག་བསྔལ་གྱི་བསྙེར་མས་ཁེངས་པའི་དབྲལ་བའི་རྔུལ་ཆུ་འཕྱིད་བཞིན་དབང་མེད་དུ་སྔམ་པ་རིང་བོ་ཞིག་བཏང་ནས། བརྩེ་དུང་། མཛའ་མཐུན། གྲོགས་པོ། ཡིད་ཆེས། དྲན་གདུང་། ཟེར་བ་དག་སྐྱག་རྫུན་རེད། སྐྱག་རྫུན་རེད། ཅེས་མགོ་ཡི་སྐྲ་ཚོམ་ལ་སྤར་རྙོབ་ཅིག་བརྒྱབ་ནས་བློ་ཡིད་ཤིན་ཏུ་ཕངས་བའི་ཉམས་ཤིག་སྟོན་གྱིན་འདུག བདག་གིས་ལྷ་རྒྱལ་རྒྱབ་ཏུ་བྱིལ་བྱིལ་བྱས་སྟེ་ཆག་སྒོ་ཅི་ཞིག་བྱུང་སོང་། ཤོད་དང་ཟེར་ནས་ཕུ་ཐུང་ནས་འཐེན་འཐེན་བྱས། ཁོས་བཤད་རྒྱུ། ཉིན་དཀར་གྱི་ཟས་དང་མཚན་མོའི་གཉིད་ཆགས་ནས་གྲོགས་པོ་ཞིག་ལ་ཐུག་འདོད་ཧ་ཅང་སྐྱེས། ངས་རྟག་པར་གྲོགས་པོ་དེ་དྲན་གྱིན་འདུག སྐར་ཆ་གཅིག་ལ་ཡང་ངའི་སེམས་ནས་བོར་མྱོང་མེད།
དྲན་གདུང་གི་ཉིན་ཞག་དེ་ཚོ། ང་ལ་མཚོན་ན་ཇི་འདྲའི་རིན་ཐང་ཆེ་བ་ཞིག་མ་རེད་ཨང་། ཁོས་ཀྱང་ང་ཏག་ཏག་དྲན་ཡོད་རྒྱུ་རེད་བསམས་མྱོང་མོད། ཁ་རྩང་ངེད་གཉིས་ཟི་ལིང་ནས་ཐུག་དུས་ངའི་བསམ་བློ་དེ་གཞི་ནས་ནོར་ཡོད་པ་རྟོགས་སོང་། སྔོན་གྱི་བརྩེ་བ་ནི་འཇའ་ཚོན་བཞིན་དུ་སྟོང་བའི་དབྱིངས་སུ་བཞུད་ཚར་བར་མ་ཟད། ཆ་མེད་རྒྱུས་མེད་ཀྱི་མགྲོན་པོ་གཉིས་ཐུག་པ་དང་ཅི་ལ་མི་མཚུངས། ངའི་དྲན་གདུང་དེ་དག་གློ་བུར་དུ་སེམས་བྱུང་གཞན་ཞིག་ཏུ་བསྒྱུར་སོང་། ཟེར་ནས་མིག་མཐའ་ནས་མཆི་མ་ཐ་ར་ར་བཞུར་བཞིན་འདུག
     སྐབས་དེར། བདག་ཀྱང་ཐེ་ཚོམ་གྱི་དྲྭ་རྒྱར་ཚུད་དེ་སྔར་གྱི་དྲན་གདུང་དག་སླར་ཡང་ཡིད་ཀྱི་ནམ་མཁའི་ཁམས་སུ་བསྐྱར་བཀོད་ཅིག་བྱས་ནས་བསམ་གཞིགས་ཡང་ཡང་བཏང་། མཐར་བདག་གི་གཞི་རྩའི་བསམ་བློ་དེ་ཡང་དྲྭ་བའི་པ་ཏྲ་ཞིག་གིས་གཡོགས་སྟེ་གང་ལ་ཡང་འཕུར་མ་ཐུབ་པའི་རྣམ་པ་ཞིག་ངང་གིས་སླེབས་ཀྱི་འདུག་མོད། འོན་ཀྱང་། སྔར་ལས་ལྷག་པའི་ཁྱེད་ཀྱི་སྣང་བརྙན་ཞིག་བཞེངས་འདུག་སྟེ། གོམ་པའི་འདེགས་འཇོག་དང་། དམའ་བའི་སྐད་གསང་། མིག་གི་མདངས། བཞིན་གྱི་བཟོ་ལྟ་སོགས་ངའི་སེམས་སུ་ཝ་ལེར་འཆར་གྱིན་འདུག གལ་སྲིད་བདག་རི་མོ་བ་ཞིག་ཡིན་ན་ཁྱེད་ཀྱི་གཟུགས་བྱད་ཤོག་དཀར་གྱི་ཐོག་ཏུ་ཕབ་ནས་ཚོན་མདངས་ཤིག་གིས་བྱིལ་བྱིལ་བྱས་ན་བསམ། རྟག་པར་ངའི་ཡིད་ཀྱི་ཟེའུ་འབྲུའི་ཐོག་ཏུ་སྙིང་རྗེ་བའི་སྦྲང་མ་ཁྲ་བོ་དེ་ཨེ་ཡོང་སྙམ་པའི་དོགས་འདྲི་ཞིག་ཡོང་གི་འདུག གལ་ཏེ། ཡིད་ཀྱིས་བསླངས་བའི་དྲན་གདུང་དག་ལྗོན་ཤིང་ཞིག་ཡིན་སྲིད་ན། རྩ་བ་ཀླུ་ཡུལ་དང་རྩེ་མོ་ཚངས་པའི་ར་སྐོར་དུ་ཡོད་སྲིད། ད་རུང་མེ་ཏོག་དང་འབྲས་བུ་སོགས་ལ་སེར་ལམ་ལམ་གྱི་འོད་མདངས་འཕྲོས་ཏེ་ཀུན་དགའ་བར་བྱེད་ངེས།

རྩོམ་པ་པོ་གདོང་རིགས་ནི་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་ཡིན་ལ། དངོས་མིང་ལ་འཇིགས་མེད་ནོར་བུ་ཟེར། 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...