སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གྱིན་འདའ་བའི་སྙན་ངག་བདམས་བཀོད།
རྩོམ་པ་པོ། གྱིན་འདའ་བ། རྩོམ་སྒྲིག་པ། Michung དུས་ཚོད། 2017-6-19 16:19:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
སེམས་ཀྱི་སྙན་ངག་ཁྱོད་ལ་བྲིས་ཡོད།

གྱིན་འདའ་བ། ཁྲི་འདུ།

ཁ་བའི་རྡུལ་བརྩེགས་ལྷུན་པོ་བཞུར་ནས་ཐལ།།
རི་སྒང་དར་ལྕོག་དམར་པོ་ཐེད་ནས་ཐལ།།
ལུང་འདབས་ཕུ་ཆུའི་ཤང་སྒྲ་འགགས་ཀྱང་རུང་།།
རྨི་ལམ་འདང་ཆེ་དེ་ཡི་དྲོད་ཁུད་ནས།།
སེམས་ཀྱི་སྙན་ངག་ཁྱོད་ལ་བྲིས་ནས་ཡོད།།

ཁྲ་ཚོམ་མེ་ཏོག་ཆུན་པོ་ཐོར་ནས་ཐལ།།
སྟག་ཆུང་རྐང་དྲུག་གཞོན་ནུ་འཕུར་ནས་ཐལ།།
ཚོར་བའི་ཁ་དོག་དུས་ཀྱིས་བསྒྱུར་ཀྱང་རུང་།།
དྲན་པ་སྐྱ་བོ་དེ་ཡི་པང་ཁུད་ནས།།
སེམས་ཀྱི་སྙན་ངག་ཁྱོད་ལ་བྲིས་ནས་ཡོད།།

ལ་གཞས་མགུར་མའི་དབྱངས་རྟ་བརྗེད་ནས་ཐལ།།
འཁྲེང་ཞེན་ཚིག་གི་མེ་ཏོག་རྙིད་ནས་ཐལ།།
ལང་ཚོའི་གཞོན་པའི་ཉིང་ལག་རིད་ཀྱང་རུང་།།
ཕ་ཡུལ་ལུང་བ་དེ་ཡི་ཉག་ཁུད་ནས།།
སེམས་ཀྱི་སྙན་ངག་ཁྱོད་ལ་བྲིས་ནས་ཡོད།།

ལོ་ཟླའི་མིག་ཆུ་ཆུ་ལ་འདྲེས་ནས་ཐལ།།
དུས་ཀྱི་མཉེར་མ་ས་ལ་བབས་ནས་ཐལ།།
ཉི་ཟླའི་བགྲོད་ལམ་རླུང་གིས་འགེམས་ཀྱང་རུང་།།
སྤྲིན་པ་ལེབ་མོ་དེ་ཡི་སྒབ་ཁུད་ནས།།
སེམས་ཀྱི་སྙན་ངག་ཁྱོད་ལ་བྲིས་ནས་ཡོད།།

དབྱངས་ཀྱི་རྒྱུད་མངས་སྒྲ་གདངས་ཆད་ནས་ཐལ།།
སྙན་ཚིག་ང་རོའི་ཀླད་ཀོར་ཡལ་ནས་ཐལ།།
ཚོར་བའི་ངག་གི་རོལ་མོ་མེད་ཀྱང་རུང་།།
བས་མཐའི་གཞིས་ཆུང་དྲོད་མོའི་གྲུ་ཁུད་ནས།།
སེམས་ཀྱི་སྙན་ངག་ཁྱོད་ལ་བྲིས་ནས་ཡོད།།

སྙན་སྙན་ངག་གི་ལྷ་མོ་གསོལ་ནས་ཡོད།།
སྙན་སྙན་ཚིག་གི་མེ་ཏོག་ཤོམ་ནས་ཡོད།།
སྙན་སྙན་དོད་པའི་དབྱངས་ཤིག་མེད་ཀྱང་རུང་།།
སྙན་སྙན་གྲེ་འགྱུར་དཀྲོལ་བའི་མདངས་ཁུད་ནས།།
སྙན་སྙན་མགུར་མའི་གཞས་དེ་ཁྱོད་ལ་ཕུལ།།

2017.6.5ཉིན་གསེར་ཐང་ནས།


དབྱངས་ཅན་ཕུལ་བའི་འདོད་གསོལ།

  ན་མ༔སྭ་ར་སྭ་སྟྱཻ། 
ཀ༵་མ་ལ་ལྟར་སྐུ་ལུས་དཀར་ཞིང་ཁ༵་དོག་མཚན་དཔེའི་འོད་འབར་བའི།།
ག༵་ཏའི་བསྟན་པའི་རྩ་ལག་བཞེངས་བའི་ང༵་ཅག་ཚངས་བའི་སྲས་མོར་འདུད།།

ཅ༵་རེར་དབྱངས་ཀྱི་དངོས་གྲུབ་སྩོལ་བའི་ཆ༵་ཚང་སྲིད་ཞིའི་བཅུད་ལེན་མ།།
ཇ༵་སྐྱེམས་ཕུད་ཀྱི་སྙན་ཚིག་མཆོད་ཡུལ་ཉ༵་གང་ཟླ་བའི་སྲིང་མོ་མ།།

ཏ༵་ལའི་ཤིང་གི་འབྲས་བུ་བཞིན་དུ་ཐ༵་སྙད་རིག་བྱེད་སྨྲ་མཁས་མ།།
ད༵་ལྟའི་འགྲོ་བའི་རྨོངས་གཉིད་དཀྲོཊ་ཞིང་ན༵་ཆུང་དྲི་ཟའི་དབྱངས་མཁན་མ།།

པ་ལོ་གནག་སྣུམ་རྒྱབ་ཏུ་དཔྱོང་ཞིང་ཕ༵་བིའི་འགུགས་པའི་ཡིད་འཕྲོག་མ།།
བ༵་དན་དཀར་པོའི་གོས་གདན་སྟེང་གི་མ༵་ལྟར་བརྩེ་བའི་མཉེས་གཤིན་མ།།

ཙ༵་ལ་ཀ་ཡི་རེ་ཁའི་མཐིལ་གྱི་ཚ༵་ཟླའི་དུས་བཞིན་ཡིད་འོང་མ།།
ཛ༵་ཧུའི་བུ་མོའི་ངང་རྒྱུད་ལ་འཁུ་ཝ༵་ལོང་སྤུད་པའི་རོལ་སྒེག་མ།།

ཞ༵་ལྟར་གཙུག་གི་ཏོག་ཏུ་བསྙེན་པའི་ཟ༵་འོག་ཁྲི་ཡི་གཟུགས་འཆང་མ།།
འ༵་ཅག་སྙན་པའི་མགུར་ཚིག་གྱེར་སའི་ཡ༵་རབས་ཡོན་ཏན་བརྒྱད་ལྡན་མ།།

ར༵་རི་ཉེས་ལྟུང་རྡུལ་གྱི་མ་གོས་ལ༵་འུར་དངོས་གྲུབ་སྩོལ་མཛད་མ།།
ཤ༵་སྟག་ངག་གི་བདུད་རྩི་སྟེར་བའི་ས༵་ཐོབ་རྒྱལ་བའི་ཐུགས་སྲས་མ།།

ཧ་ཅང་སྙན་པའི་མཆོད་ཚིག་མིན་ཡང་ཨ༵་ཅེ་ངག་གི་དཔལ་སྟེར་མས།།
ཨ༵་རེ་བདག་གི་རྨོངས་མུན་བློ་སྒོ་ཧ༵་ཧ་ངག་གིས་ཕྱེས་མཛོད་ཀྱེ།། 

2017.6.13ཉིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...