སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ངའི་སྙིང་དབུས་སུ་ལྷོག་ལྷོག་ཏུ་འཕྱུར་བའི་དྲན་ཤིང་འདི།
རྩོམ་པ་པོ། རྨེ་རུ་ཕག་མོ་ཚེ་བརྟན། རྩོམ་སྒྲིག་པ། Michung དུས་ཚོད། 2017-7-6 10:11:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

རྨེ་རུ་ཕག་མོ་ཚེ་བརྟན།༼ཉི་ཧོང་།༽

     ལོ་འདི་དག་གི་ཕྱི་འགྲིམ་གྱི་འཚོ་བར་སྤྱི་བསྡོམས་ཤིག་བྱས་ན། ཡུལ་ནས་སློབ་གྲྭ་དང་སློབ་གྲྭ་ནས་ལས་ཀ དེ་ནས་ཕྱིར་ཡུལ་ཏུ་ལོག་པའི་གོ་རིམ་ཞིག་ཡིན་ལ། ཉིན་རེར་བསྐྱར་བཟློས་བྱེད་བཞིན་པའི་འཚོ་བ་འདིས། སྐབས་རེར་སུན་སྣང་ཞིག་དང་ལན་རེར་ལོབ་སྣང་ཞིག་སྟེར་བས། སྐབས་དང་སྐབས་སུ་བྱིན་པའི་ཚོར་བའང་སོ་སོར་སྣང་།
     དེ་རིང་ཡང་སྔར་ལྟར་ཡུལ་ནས་སློབ་གྲྭར་ཆས། སློབ་གྲྭ་ནས་ལས་ཀར་ཆས། ལས་ཀ་ནས་ཕྱིར་ལོག་སྟེ་ཡུན་རིང་ཞིག་ལ་ཁ་པར་གྱི་སྐུད་སྣེ་སྦྲེལ་མ་ཐུབ་པའི་དྲིན་གྱི་མ་ལོར་ཁ་པར་ཞིག་བཏང་བ་ཡིན།
ཟླ་མང་པོ་ཞིག་གི་ཕ་རོལ་ནས། རྨོ་རྨོ་ལགས་ནད་ཀྱིས་གཙེས་ཏེ་སྨན་ཁང་ཡང་གང་མང་ཞིག་བརྗེས་སྤོར་བྱས་ཤིང་ཆོ་ག་དང་རིམ་གྲོ་ཡང་ཁ་གྲངས་ལོངས་པ་ཅིག་བསྒྲུབ་ཏེ་འཆི་བདག་གི་སྡིག་ལག་དེ་ཁོ་མོར་མི་བསྲིངས་པའི་ཐབས་སྣ་ཚོགས་ཤིག་འཐེན་མོད། ཇེ་དགའ་དང་ཇེ་བཟང་དུ་འགྲོ་བའི་རྟགས་ མངོན་གསལ་བ་ཞིག་ཐོན་མ་ཐུབ།
     སྐབས་དེ་འདྲ་ཞིག་ཏུ་ངས་ས་འདིའི་དོན་དག་མང་པོ་ཞིག་རྒྱབ་ཏུ་བསྐྱུར་ནས་ཆེད་དུ་ཁོ་མོར་འཚམས་འདྲི་བྱེད་དུ་སོང་བ་ཡིན་ཞིང་དེ་དུས་ཤི་སྲོག་ཆད་ནས་ནང་སྲོག་གི་ཚད་དུ་ཐོན་མི་འདུག་མོད། ཤ་ལ་མདངས་ཞན་ཞིང་ལུས་ལ་བཅུད་ཤོར་བའི་ཚད་དུ་ནི་སླེབས་འདུག་གོ ཡིན་ནའང་། ངས་བློ་ཡུལ་ཏུ་མ་ཤོངས་པ་ནི། དེ་ནི་ངེད་གཉིས་ཀྱི་མཐའ་མཇུག་གི་ཁ་བརྡ་ཞིག་དང་། མཐའ་མཇུག་གི་འཛོམས་པ་ཞིག མཐའ་མཇུག་གི་ལག་འཇུ་ཞིག་ཡིན་པ་དེའོ།། 

     དེ་རིང་གི་བར་དུ་ངས་ད་དུང་འདི་ལྟར་སྟོང་བསམ་བརྒྱབ་པ་ཡིན། མྱུར་ཏུ་སློབ་མཐར་ཕྱིན་རྗེས་ཁོ་མོར་བལྟ་རུ་སོང་། ལག་པས་འཇུས། འདིའི་ཕྱོགས་ཀྱི་མི་དང་ས་ཆ་སོགས་ཁོ་མོར་ཞིབ་ཏུ་ཁ་བརྡ་བྱེད་ཞིག་དགོས་སྙམ་ཞིང་། དེ་ཡང་ཁོ་མོ་ཁ་བརྡར་དགའ་ཞིང་དེ་དག་ལ་ཉན་རྒྱུར་སྤྲོ་བའང་ངས་ཆུང་ངུའི་དུས་ནས་ཤེས་ཡོད་པས་ཡིན། ཡིན་ནའང་། ད་ནི་འདི་དག་མངོན་འགྱུར་བྱེད་རྒྱུ་ནི་སྲིད་པ་ཞིག་མ་ཡིན་ཏེ། དེ་རིང་ནས་བཟུང་ཁོ་མོ་ནི་ང་དང་གཏན་བྲལ་ཏུ་གྱུར་ཅིང་། ངས་ནི་མཆི་མས་གདོང་བརླན་བཞིན་ཁོ་མོ་དྲན་པའི་སེམས་པ་ཡིག་ངོར་ཕབ་པ་འདིའོ།།
འདས་མིའི་ཕྱིར་དྲན་ནི་སྡུག་བསྔལ་གྱི་ཁ་བསྣོན་ཆེན་པོ་ཞིག་རེད་ལ། དེ་ལས་ཀྱང་སྒེར་ལ་བཀའ་དྲིན་ཆེ་བའི་འདས་མི་ཞིག་གི་ཕྱིར་དྲན་ནི། སྙིང་ལ་ཁབ་ཀྱིས་གཙག་པ་དང་འདྲ་ལ། བྲང་ལ་མདས་བསྣུན་པ་དང་ཡང་མཚུངས། ངའི་བྲང་གཞུང་ནི་རྔམས་མཐུག་པའི་མུན་པ་ཞིག་གིས་བཀབ་པ་དང་ཀུན་ནས་མཚུངས་པར་དབུགས་རིང་མནར་མནར་དུ་འཐེན་དགོས་བྱུང་ཞིང་། དེ་དང་བསྡོངས་ནས་མཆི་མ་ནི་ཕྲེང་ཐག་ཆད་པ་བཞིན་དུ་རྡོག་པོ་རྡོག་རྡོག་པོ་བྱས་ཏེ་མཁུར་ཚོས་བརྒྱུད་ནས་མར་གྲིལ།
     འདུས་པའི་ཐ་མ་བྲལ་བ་དང་། ཟག་པའི་ཐ་མ་ཟད་པ་ནི་འདུས་བྱས་ཀུན་གྱི་ཆོས་ཉིད་དུ་ཟད་ཀྱང་། རང་གི་ཅི་བྱས་ཀྱི་ལས་ལ་རྟིང་གནོན་བྱེད་མཁན་གྱི་རྒྱབ་རོགས་ཤིག  རང་གི་དཀའ་སྡུག་དང་འགྱོད་པ། རེ་བ་དང་རྨི་ལམ་སོགས་ལ་སེམས་གྱིས་ཉན་ཞིང་བློར་སྒོམ་པའི་མ་མ་གཉིས་པ་ཞིག་གྱེས་བརྡ་དང་འཕང་སེམས་མེད་པར་བཞུད་པའི་གཏམ་ངན་འདི་རྣ་ལ་ཐོན་དུས།སྲིད་པའི་ཆོས་ཉིད་དེ་དག་ནི་སྟོང་བཤད་ཁོ་ནར་ཟད་ལ། ཚིག་འབྲུ་སྐམ་པོ་སྐོར་ཞིག་འཇིག་རྟེན་དུ་བཀྲམ་པའི་སྣང་བ་ཞིག་ཀྱང་གསལ་ལེར་ཤར།
ད་ནི་བྱམས་བརྩེའི་དྲི་བསུང་འཐུལ་བའི་འདས་པོ་ཞིག་དྲན་བྱུང་། དྲིན་ལ་དྲིན་གྱིས་བསབས་མ་ཐུབ་པའི་འདས་པོ་ཞིག་དྲན་བྱུང་། ད་ནི་འགྱོད་བྱུང་། མ་ངོ་བུ་ངོ་མ་འཕྲད་པར་འགྱོད་བྱུང་། ལས་ཀྱིས་བསྡུས་པའི་ཉེ་དུ་དང་གྲོགས་པོ། བཟའ་ཚང་སོགས་བསྐྱུར་ཏེ་གནས་འདིར་ཐོན་པར་འགྱོད་བྱུང་། ཡིན་ནའང་། འདི་དག་སུ་ཡིས་རྟོགས། སུ་ཡིས་ཤེས།
     མཐར་རྣམ་འདྲེན་ཐམས་ཅད་ཀྱིས་གཟིགས་པའི་སྤྱན་སྔར། ཐོག་མར་ཐུགས་བསྐྱེད་ཐ་མར་ས་བཅུ་མཐར་སོན་ཞིང་། སྣང་ཚོད་ལ་འབྲོག་གནས་ཀྱི་ཚུལ་བཟུང་བའི་ཨ་མྱེས་རྨ་ཆེན་དང་། དྲེའུ་སྟེང་དུ་བཞུགས་ཤིང་སྡིག་པ་ཚད་གཅོད་པའི་བྱིན་རླབས་ཅན་དཔལ་ལྡན་ལྷ་མོ།  ལྷ་ཀླུའི་གཙོས་བའི་གཟིགས་ཅན་དྲག་རྩལ་ཅན་སོགས་ལ། མུན་ནག་གི་ཀློང་ན་འཁྱམས་པའི་རྣམ་ཤེས་སྦྲང་ཆུང་དེ། བདེ་ལྡན་ཞིང་དུ་འདྲེན་པའི་སྨོན་ལམ་ཤུགས་ཀྱིས་གསོལ་ཞིང་། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་སྐྱེས་བར་གྱུར་ཅིག་གུ། 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...