སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ང་རང་རྩོམ་འབྲིར་རོལ་དོན་ཅི་ཞིག་གི་ཆེད།
རྩོམ་པ་པོ། རྣམ་གླིང་རིན་ཆེན། རྩོམ་སྒྲིག་པ། Michung དུས་ཚོད། 2017-7-6 10:19:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 

     དཔལ་ལྡན་ལྷུན་གྲུབ། སྨྱུག་མིང་དུ་གངས་གཡག་དཔལ་ལྷུན་དང་མཚོ་སྐར་རུ་འབོད། ལོ་རབས་བརྒྱད་བཅུ་པའི་ནང་ལྷོ་ཁ་ས་ཁུལ་གོང་དཀར་རྫོང་ཁོངས་ཡར་འབྲོག་ཏུ་ལྟེ་ཁྲག་འཕོས།  སྤྱི་ལོ༢༠༠༦ལོར་ལྷ་ས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན།   སྤྱི་ལོ༢༠༠༩ལོར་རང་གི་རྩོམ་ཡིག་ཕྱོགས་བསྒྲིགས༼ལང་ཚོའི་གོམ་སྒྲ༽ཞེས་པ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། སྤྱི་ལོ༢༠༡༢ལོར་སྙན་ངག་ཕྱོགས་བསྒྲིགས༼ཨ་མའི་ཐགས་ཁྲི༽ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་སྐྲུན། ད་ལྟའི་བར༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽དང༼ལྷོ་ཁའི་རྩོམ་རིག་སྒྱུ་རྩལ༽ ༼སྤང་རྒྱན་མེ་ཏོག༽༼བོད་ལྗོངས་ཉིན་རེའི་ཚགས་པར༽ ༼ཟླ་ཟེར༽༼མཚོ་སྔོན་ཁྲིམས་ལུགས་ཚགས་པར༽༼ལྷ་ས་དགོང་དྲོའི་ཚགས་པར༽༼བོད་ལྗོངས་སློབ་གསོ༽༼མང་ཚོགས་སྒྱུ་རྩལ༽༼བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ༽སོགས་ལྗོངས་ཕྱི་ནང་གི་ཚགས་དེབ་ཁག་བརྒྱུད་སྙན་ངག་དང་ལྷུག་རྩོམ།  བརྩམས་སྒྲུང་།  རིག་གཞུང་དཔྱད་རྩོམ་སོགས་གྲངས་ལྔ་བརྒྱར་ཉེ་བར་ཀློག་པོའི་སྤྱན་སྔར་བསྟར་ཟིན། ད་ལྟ་གཞིས་རྩེ་གྲོང་ཁྱེར་སློབ་ཆུང་དུ་དགེ་རྒན་གྱི་བྱ་བར་གཞོལ་ཞིང་། ཞོར་དུ་རང་གི་དགའ་མོས་སུ་གྱུར་བའི་རྩོམ་རིག་གསར་རྩོམ་གྱི་ལས་ལ་འབད་མུས་སུ་མཆིས།

     ལོ་ཟླའི་གོམ་བགྲོད་རེ་རེ་ཆུ་ཚོད་ཀྱི་སིང་བརྡ་དང་འགྲོགས་ནས་འདས་སོང་།  ལང་ཚོའི་ལོ་འདབ་རེ་རེ་དགའ་སྐྱོའི་རྣམ་ཐར་ལ་ཅེར་ནས་རྒས་སོང་།  བརྩེ་སེམས་ཀྱི་འཛུམ་མདངས་རེ་རེ་ནི་ཡིན་མིན་གྱི་ཐེ་ཚོམ་ལ་བརྟག་གིན་ཟུམས་སོང་།  དེ་ལྟར་བསམ་དུས་འདུས་བྱས་ཀྱི་གཞི་རྟེན་འདི་ཡང་བསླུ་མེད་རྟེན་འབྲེལ་གྱི་ཆོས་ཉིད་ལས་བརྒལ་མི་ཐུབ། དེ་ལྟར་བསམ་གྱིན་ངས་རང་ཁྱིམ་གྱི་ཁྲ་མའི་ངོས་ལས་པོ་ཏ་ལར་རྒྱང་ལྟ་ཞིག་བྱེད་དུས། ང་རང་ནི་འཕུར་ལྡིང་ལ་རྩེན་པའི་བྱེའུ་ཆུང་དེའི་སྐད་ངག་དང་འདྲ་བར་ཇེ་ཆུང་ནས་ཇེ་ཆུང་དུ་འགྱུར་བཞིན་འདུག  ངོ་མ་ལོ་ཟླ་ནི་སྡོད་ཁོམ་མེད་པའི་ཆུ་རྒྱུན་བཞིན་ད་ཆ་དུས་རབས་ཉེར་གཅིག་པའི་སྟོད་ཙམ་ལ་སླེབས་ཟིན།  ང་རང་ཡང་བགྲང་བྱ་སོ་ལྔའི་སྒོ་ཐེམ་བརྒལ་བཞིན་ཡོད། ཡང་གཅིག་བཤད་ན་ངས་ད་ལྟ་ད་དུང་ཡང་དགའ་འཛུམ་གྱི་ཟློས་གར་དང་སྐྱོ་གདུང་གི་ལེ་ཚན་མང་པོ་འཁྲབ་ཀྱིན་འཚོ་བའི་སྡིངས་ཆར་ཡིན་མིན་དང་ཡོད་མེད་ཀྱི་སྟངས་སྟབས་སྣ་ཚོགས་ལ་རྩེན་བཞིན་ཡོད་མོད། ད་བར་ཡིད་ལ་རེ་བའི་བྱ་གཞག་ཅིག་གམ་བློ་ཡིད་ཚིམས་པའི་ལས་སྣ་གཅིག་ཀྱང་སྒྲུབ་ཐུབ་མེད།  མཛུབ་རྩིས་རེས་བཤེར་དུས་སློབ་ཆུང་ནས་སློབ་ཆེན་བར་གྱི་འཚོ་བའི་ནང་ངས་དཔེ་ཀློག་ཙམ་དང་རྩོམ་ལུས་མི་གཅིག་པའི་རྩོམ་ཡིག་ཁྱར་ཁྱོར་འགའ་བྲིས་པ་ཙམ་ལས་མིའི་རིགས་ལ་སྨན་པའི་ལེགས་སྐྱེས་ཕྲན་བུ་ཙམ་འཇོག་མ་ཐུབ།
     ལོ་འདི་དག་རིང་། ངས་གར་སྟབས་ལིང་ལིང་དང་དགོད་འཛུམ་དམུལ་དམུལ་གྱིས་ཕ་ཡུལ་ལྟ་བུའི་ས་གནས་འདིའི་མེ་ཏོག་དང་འདྲ་བའི་སློབ་མ་མང་པོ་ཞིག་ཀ་ཁའི་བདུད་རྩིས་སྐྱོང་ཁུལ་བྱས་ཀྱང་།  རྣམ་གཡེང་གི་ཡོལ་བ་ཐོད་པར་དཀྲིས་ཤིང་སྒྱིད་ལུག་གི་འཛུམ་མདངས་མཆུ་རྩེར་བཀོན་པའི་སློབ་བུ་འདི་ཚོས། ད་ལྟའི་དཀའ་སྡུག་ནི་མ་འོངས་བདེ་སྐྱིད་ཀྱི་ས་བོན་ཡིན་པ་ག་ལ་རྟོགས།  ཉིན་ལྟར་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་འབད་ཁུལ་བྱས་ཀྱང་ཡིད་ལ་རེ་བའི་འབྲས་བུ་ཞིག་མ་སྨིན།   དེའི་ཕྱིར་ངས་སྙན་ངག་དམ་དུམ་འགའ་བྲིས་ཏེ་སློབ་མའི་ཡིད་མུག་གི་དྲ་རྒྱ་བཏོར་ལ་བྲེལ་ཁུལ་ལགས་ཀྱང་། གོ་རྟོགས་དང་བློ་ཤེས་དབུལ་བའི་ཁྱིམ་བདག་འདི་དག་གི་ལབ་གླེང་གི་འདུ་འཛི་དང་བརྩོན་སེམས་དང་ཡར་བསྐྱེད་ཀྱི་བསམ་པས་དབུལ་བའི་སློབ་མ་འདི་ཚོའི་དམོད་གཏམ་གྱི་བྲེལ་ཟིང་།  དེ་བཞིན་སེམས་པ་རྣལ་བའི་ལས་རོགས་མི་ཉུང་བ་ཞིག་གིས་ཀ་ཁར་འཛིན་པའི་རྣམ་འགྱུར་གྲང་མོའི་ཤྭ་འོད་ཀྱི་བཀག་རྒྱ་ལས་ང་རང་ཅི་ནས་བརྒལ་མི་ཐུབ། དེ་ལྟ་དེ་ལྟར་ཉིན་གྲངས་མང་པོ་ཞིག་རེ་ཟད་དང་སེམས་གཅོང་ཁོ་ནའི་དབང་གིས་འདས།  ལོ་ཟླ་མང་པོ་ཞིག་ཐེ་ཚོམ་དང་ཡིད་ཆད་ཀྱི་འདམ་དུ་ཚུད།
     ཐེངས་ཤིག་གི་ལབ་གླེང་དང་ཆུ་ཚོད་གཅིག་ལྷག་གི༼ཉིན་ཞིག་གི་ཞོགས་པར་གྲོགས་པོའི་ཞལ་པར་ལས་བོད་ལྗོངས་སློབ་ཆེན་དུ་རྒན་མཁས་བཙུན་ལགས་ཀྱི་སློབ་ཁྲིད་ཉན་པར་འགྲོ་བའི་སྐལ་བཟང་སྨིན་ཞིང་། དེའི་ཉིན་ཏག་ཏག་རྒན་ལགས་མཆོག་ནས་རྗེ་ཐམས་ཅད་མཁྱེན་པའི་ལྗགས་རྩོམ་རྟེན་འབྲེལ་བསྟོད་པ་སློབ་ཁྲིད་གནང་སོང༽རྟེན་འབྲེལ་ལས་ངས་ཀྱང་སྣབས་ལུད་ཀྱི་བྱིས་པ་དེ་ཚོར་དྲོ་འཇམ་གྱི་ལེགས་སྐྱེས་རྟ་རྔ་ཙམ་འབུལ་ཐུབ་སོང་།  དུས་དེ་ནས་བཟུང་། ངས་ཀྱང་ཁྱི་ལུས་སེང་མིང་ཞིག་འཁུར་ནས་འབད་འབད་བརྩོན་བརྩོན་དང་དད་དད་སྤྲོ་སྤྲོའི་ངང་དཔེ་ཆ་དུ་མ་ཞིག་ལྟ་ཀློག་ལ་རོལ་ཞིང་སྲོལ་རྒྱུན་སྙན་ངག་གིས་གཙོས་པའི་རྩོམ་ཡིག་མི་ཉུང་བ་ཞིག་གསར་རྩོམ་གྱིས་ཀློག་པ་པོ་མང་པོར་འབྲེལ་འདྲིས་བྱུང་།  དེས་རྐྱེན་པས་ངའི་གསར་རྩོམ་གྱི་ལམ་བུར་ཡིན་མིན་ཅི་རིགས་སྣང་བའི་གྲོགས་པོ་ཡང་མང་པོ་ཞིག་འཁོར་ནས་ཡོད་ལ། བདེན་རྫུན་ཅི་ཡིས་ཕྱུག་པའི་ལབ་གླེང་ཀྱང་དབྱར་གྱི་ཤ་མོ་བཞིན་མཚམས་ཆད་མ་མྱོང་།
     ཞིབ་འཇུག་སློབ་གནས་གཉེར་བཞིན་པའི་ལོ་ཟླ་དེ་དག་རིང་ངས་སླར་ཡང་རྩོམ་ལུས་སྣ་ཚོགས་ལ་བརྟེན་ནས་རང་གི་འཚོ་བའི་ངོས་ཀྱི་མཐོང་ཐོས་དྲན་རེག་གི་སྣང་ཚུལ་མི་ཉུང་བ་ཞིག་རྒྱ་ཆེའི་ཀློག་པ་པོའི་མིག་ངོར་བསྟར་མོད།  བློ་གྲོས་ཀྱི་འཇུངས་པས་ཕོངས་ཤིང་ང་རྒྱལ་གྱི་མགོ་བོ་དགྱེ་བའི་ཞིབ་འཇུག་པ་དག་གི་ཁྲེལ་དགོད་དང་།  ཟོལ་བསྟོད་ཀྱི་གཏམ་གླེང་སྐྱུར་མོ་དག་ཐོས་ཐེངས་རེར་ངའི་སྙིང་ལ་ན་ཟུག་བཏང་བ་ཐེངས་གཅིག་གཉིས་མིན། ཡིན་ན་ཡང་ངས་གཞན་ཟེར་གྱི་ཝ་ཆུ་སེམས་ཁོང་དུ་མིད་ཅིང་ཚུལ་འཆོས་ཀྱི་རྣམ་འགྱུར་འཛུམ་ཕྲེང་གིས་བསུ་གིན་སྔོན་བྱོན་ལོ་པཎ་དག་གི་རྣམ་ཐར་ལ་མཇལ་ཐེངས་རེར་ངའི་སེམས་ལ་བརྗོད་མི་ཤེས་པའི་སྤོབས་པ་རེ་སྐྱེས་འོང་། གང་ལགས་ཤེ་ན་འཚོ་བའི་མཐུན་རྐྱེན་དང་དཔལ་འབྱོར་གྱི་འཁོས་ཀ  སྤྱི་ཚོགས་ཀྱི་རྣམ་པ་དང་མི་སེམས་ཀྱི་ཡག་ཉེས། ཁོར་ཡུག་གི་རང་དབང་དང་དྲང་བདེན་གྱི་གསལ་ཁ་སོགས་ཇི་འདྲའི་ཉམ་ངའི་དུས་དེ་ཤེད་ལྟ་བུར་རིག་པའི་གནས་ལྔར་མཁས་པའི་མེས་པོ་དེ་འདྲ་ཙམ་ཐོན་དང་ཐོན་བཞིན་ཡོད་དུས། ད་ལྟའི་དུས་འདིར་ཉིན་མོའི་སྐར་མ་བཞིན་ཇེ་ཉུང་ནས་ཇེ་ཉུང་དུ་འག྄ེོ་བ་ཅི་ལགས།  མ་གཞིར་འཚོ་བས་མི་སེམས་ལ་གཡོ་འགུལ་གཏོང་བཞིན་མོད། འཚོ་བ་ཡང་མི་སེམས་ཀྱིས་བསྐྲུན་པ་ཞིག་ཡིན།  ད་ཆ་སྤྱི་ཚོགས་ཀྱི་འཕོ་འགྱུར་ཆེ་ཞིང་དཔལ་འབྱོར་གྱི་འཁོས་ཀ་ལེགས་ཀྱང་། རིག་གནས་ལ་དུང་བའི་མི་བུ་ཇེ་ཉུང་དུ་འགྲོ་བ་ཅི་ཞིག་གི་ལན།  ད་ཆ་ཚན་རྩལ་གྱི་རྣམ་པ་བཟང་ཞིང་ཕྱུག་འགྱུར་གྱི་བགྲོད་ལམ་བདེ་མོད། མི་རྣམས་ཀྱི་བསམ་བློ་ཡར་བསྐྱེད་དང་སྔོན་ཐོན་གྱི་ཕྱོགས་སུ་འགྱུར་བཞིན་ཡོད་མོད།  ཡར་བསྐྱེད་དང་སྔོན་ཐོན་གྱི་རྩ་བ་གང་ལ་ཐུག་པ་རྟོགས་མཁན་ཇི་ཙམ་ཡོད།  དེའི་ཕྱིར་ངས་འཚོ་བའི་སྣང་ཚུལ་མང་པོ་ཞིག་འབོལ་རྩོམ་གྱི་ལམ་ནས་ཁྱེད་ཚོར་གསལ་སྟོན་དང་།  མ་རབས་དང་གཡོ་སྒྱུས་སྦགས་པའི་སྣང་ཚུལ་འགར་དངོས་ཐོག་བདེན་འཚོལ་གྱི་ངང་ནས་གསལ་ཁ་བྱས་མོད།  ཉི་བསྲོ་དང་སྟོང་གཏམ་ལ་དགའ་བའི་མི་བུའི་རྣམ་གཡེང་ལ་འགྱུར་ལྡོག་གང་ཡང་མེད་པར། གཞན་དོན་ལ་འཁྲིལ་ནས་སྟོང་གཏམ་ཁོ་ནར་རོལ་བཞིན་པ་ནི་ད་ཆ་མི་རབས་འདིའི་འགོས་ནད་ལྟ་བུར་སྣང་།  རེད་དེ། གལ་ཏེ་ཁྱེད་ཀྱིས་ཀྱང་ཁྲེལ་དགོད་ཀྱི་ངང་ནས་ཁོ་བོར་གཟིགས་ཙམ་དང་འཛུམ་ཙམ་བྱེད་ཞོར་འོ་ན་ཁྱེད་རང་རྩོམ་འབྲི་ཁོ་ནར་འཇུག་དོན་ཅི་ཡིན་ཞེས་ལྡོག་འདྲི་ཞིག་བྱེད་སྲིད། དེ་ནི་ངས་ཁྱོད་ལ་དོ་སྣང་དང་ཡིད་ཆེས་པའི་སྣང་ཚུལ་གྱི་ཐོག་ནས་ལན་གསལ་པོ་ཞིག་འདེབས་ངེས། མ་གཞིར་དཔེ་ཀློག་གིས་འཇིག་རྟེན་སྐྱོང་ཞེས་གྲགས་མོད། མི་མང་པོ་ཞིག་གི་བསམ་བློར་དཔེ་ཀློག་བྱས་ན་འཚོ་གནས་མི་ཐུབ་པའི་གནས་སུ་ལྷུང་བའི་ལྟ་ཚུལ་ཡ་མཚན་ཅན་ཞིག་བཟུང་ནས་ཡོད། དེའི་ཕྱིར་ཁོ་ཚོས་དཔེ་ཆ་དང་རྒྱང་དུ་གཡོལ་ཞིང་རྩོམ་འབྲི་དང་གཏིང་ནས་འཁོན་བཞིན་ཡོད་མོད། གཏན་ཚིགས་ཀྱིས་དབུལ་བའི་བསམ་བློ་དེ་དག་ནི་ང་ཚོའི་མིག་དཔེར་འཛིན་འོས་པ་ཞིག་ཅི་ལ་ཡིན།   

     དཔེ་ཀློག་ནི་མིའི་རིགས་ཡར་རྒྱས་སུ་འགྲོ་བའི་སྐས་འཛེགས་ཡིན་ཞེས་པ་ལྟར་དཔེ་ཆ་ཁྲི་སྟོང་བཀླགས་ཏེ་རང་གི་བསམ་བློ་གོ་རྟོགས་མཐོར་འདེགས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་ལ་སྨན་པའི་བྱ་བ་མང་པོ་ཞིག་ལ་གོམ་ཁ་བསྒྱུར་རྒྱུ་ནི་ང་ཚོ་མཐོ་རིས་སྲོག་ཆགས་སྤྱིའི་འདུན་པ་ཡིན་འོས།  རྒྱུ་མཚན་ནི་དཔེ་ཀློག་ལ་དགའ་ཞེན་བྱེད་པ་དེ་རྩོམ་འབྲིའི་དགའ་མོས་སྐྱི་བསྲིང་བྱེད་པའི་སྔོན་འགྲོ་ལྟ་བུ་ཡིན་པས་སོ།།  

     ནམ་རྒྱུན་གྲོགས་པོ་ཚོ་དང་ལྷན་དུ་བགྲོ་གླེང་ལ་རོལ་ཞིང་གྲོགས་པོའི་ཇ་ཁ་ཆང་ཁའི་གསེང་ལས་རྩོམ་ཡིག་འབྲི་བ་རྩོམ་ཡོན་ཁོ་ནའི་ཆེད་དུ་ཡིན་ལུགས་ཀྱི་ཀུ་རེ་མང་པོ་ཞིག་ཇ་མངར་མོའི་ཁ་རླངས་བཞིན་འཕྱུར་བར་བྲེལ། མ་གཞིར་དེ་འདྲ་ནི་དཔེ་ཀློག་ལ་རོལ་རྒྱུ་ཁོ་ནར་དགའ་བའི་ཀློག་པ་པོ་དཀྱུས་མ་ཞིག་གི་བསམ་བློ་ཡིན་ཡང་སྲིད་ལ།  ཁ་སྟོང་ཁོ་ནས་ཉི་འཁྱོལ་བྱེད་པའི་ཁྲི་གདུགས་ཉི་མ་བ་དག་གི་བསམ་བློ་ཡིན་ཡང་ཆོག  ཡང་གཅིག་ན་དཀྱེལ་ཡངས་ཀྱི་ཤེས་ལྡན་པའི་ཐུགས་དགོངས་ཡིན་ཡང་མོད།  དོན་དམ་པར་རྩོམ་འབྲིར་དགའ་བའི་གང་ཟག་ཅིག་གི་ངོས་ནས་བརྗོད་ན་རྩོམ་ཡིག་འབྲི་བ་ནི་རྩོམ་ཡོན་ཁོ་ནའི་ཆེད་དུ་ཡིན་མི་སྲིད་པར་གཞན་གྱི་རྒྱུ་རྐྱེན་སྣ་ཚོགས་པ་ཡོད་སྲིད་དེ།  རོ་མའི་རྒྱལ་ཁབ་དེ་འཇིགས་ཉེན་གྱི་དཀའ་སྡུག་ཁྲོད་རོ་མའི་རླབས་ཆེན་གྱི་རྩོམ་པ་པོ་མང་པོ་ཞིག་གིས་བགྲངས་ཀྱིས་གཞལ་དཀའི་རྩོམ་ཡིག་མང་པོ་ཞིག་བྲིས་ཏེ། རང་གི་མི་རིགས་དང་རྒྱལ་ཁབ་དེ་ཉམས་དམས་ཀྱི་གཡང་གཟར་ལས་སྐྱོབས་པར་བྲེལ།  ཁོ་ཚོའི་དཀའ་སྤྱད་བཟོད་པའི་སྙིང་སྟོབས་དང་སྡུག་འཁུར་ཐུབ་པའི་བློ་སྟོབས་ལས་རོ་མའི་རིག་གནས་དེ་ད་ལྟར་བར་སྲུང་སྐྱོབ་ཐུབ་ཡོད།  མ་ཟད་གནའ་བོའི་ཞི་ལ་དང་འདྲ་བར་རིག་གནས་ཀྱིས་ཁུངས་སྟུག་པའི་གནའ་བོའི་མི་རིགས་ཤིག་ཏུ་འདོད། ད་ལྟའི་བར་འཛམ་གླིང་ནོ་པེལ(诺贝尔奖)གཟེངས་རྟགས་ཐོབ་པའི་རོ་མའི་མི་རིགས་ཀྱི་རྩོམ་འབྲི་བ་དང་ཞིབ་འཇུག་པ་ག་ཙམ་ཐོན་ཡོད་པ་ང་ཚོས་རྟོགས་ངེས། རང་རེའི་རྒྱལ་ཁབ་ལ་མཚོན་ནའང་ལྔ་བཞིའི་ལས་འགུལ་རྗེས་རྒྱལ་ནང་གི་རིག་གཞུང་མང་པོ་ཞིག་སྣུམ་ཟད་མར་མེ་ལྟ་བུར་གྱུར་ཡང་རླབས་ཆེན་གྱི་རྩོམ་འབྲི་བ་མང་པོའི་དཀའ་སྤྱད་འཁུར་བཟོད་ཀྱི་སྙིང་སྟོབས་ལས། ད་ཆ་གནའ་བོའི་ཀྲུང་ཧྭའི་རིག་གཞུང་དག་མ་ཉམས་གོང་འཕེལ་འགྲོ་བཞིན་ཡོད་པ་མ་ཡིན་ནམ།  རང་རེ་བོད་ལ་མཚོན་ན་ཡང་མེས་པོ་དམ་པ་ཚོས་གཏོད་པའི་རིག་གཞུང་གི་ཁྱད་ནོར་དག  སིལ་བུ་ལྟ་བུའི་དུས་སྐབས་སུ་གྲུབ་མཐའི་ཁེ་ཕན་དང་མིང་སྐམ་ཙམ་གྱི་ཆེད་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་དུ་མའི་དབང་གིས་ས་ཕག་རིན་གཙང་དང་དགའ་ལྡན་ཕོ་བྲང་ལ་སོགས་པའི་སྲིད་དབང་འཛིན་རེས་ཀྱི་ལས། དོན་དམ་པའི་མི་རིགས་ཀྱི་ཁུངས་མཐུག་པའི་རིག་གནས་དེ་ཉམས་དམས་ནས་ཉམས་དམས་སུ་སོང་། ཡིན་ཏེ། ཡང་དག་དབུ་ཁྲིད་ཀྱི་དགོངས་གཞི་ལས་ད་ཆ་གང་སར་གཟུགས་མེད་རིག་གནས་སྲུང་སྐྱོབ་ཀྱི་མཐོ་རླབས་ཤིག་འཕྱུར་ཞིང་།  རིག་གནས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་གངས་ལྗོངས་ས་མཐོར་ཁྱབ་བཞིན་ཡོད།  དེ་ནི་ཟུར་བལྟས་ཁོ་ནའི་དབང་གིས་རུག་གནས་སྲུང་སྐྱོབ་ཐུབ་པ་ཙམ་ཡིན་པར། རྒྱ་ཆེ་བའི་རྩོམ་འབྲི་བ་དང་ཀློག་པ་པོ་མང་པོའི་རྔུལ་ཁྲག་གི་བཞུར་རྒྱུན་ལས་བྱུང་བ་ནི་བསྙོན་མེད་ཀྱི་སྣང་ཚུལ་ཞིག་ཡིན།

     འོ། དོན་དུ་ང་ཚོས་རྩོམ་འབྲིར་རོལ་བ་ནི་གང་གི་ཆེད་དུ་ཡིན་ནམ།།

     ཕུན་ཁང་རྣམ་རྒྱལ་ཚེ་རིང་ངམ་གཡང་དཀར་ལུ་གུ། ཕ་ཡུལ་གཞིས་རྩེ་ས་གནས་རྣམ་གླིང་རྫོང་། དགེ་བའི་བཤེས་གཉེན་བྱ་གཞུང་དབྱངས་བྷ་ལགས་ཀྱིས་ལྷག་བསམ་བཟང་པོའི་བཀའ་དྲིན་འོག་དཔེ་ཀློག་རྩོམ་འབྲིའི་རིན་ཐང་དང་དེའི་སྤྲོ་སྣང་ཡང་རྟོགས། ༢༠༡༣ལོར་ལྷ་ས་དགེ་འོས་ཚང་ནས་སློབ་ཐོན་བྱས་རྗེས་ད་བར་རྩོམ་རིག་གི་ལམ་ནས་འཚོ་བའི་དགའ་སྐྱོ་ཆགས་སྡང་རྣལ་མར་འབོད་པར་སྤྲོ་བ་ཞིག་ཡིན། ད་ལྟ་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་སློབ་ཆུང་བོད་ཡིག་དགེ་རྒན་གྱི་མིང་ཙམ་འཛིན་བཞིན་ལས་ཞོར་སྐབས་ལ་དཔེ་ཀློག་དང་རྩོམ་འབྲིའི་ལམ་ལ་འབད་བཞིན་ཡོད།
     ལོ་ཟླའི་འཁོར་བགྲོས་ཀྱི་གསེང་ནས་དྲན་པའི་སྒོ་མོ་དལ་བུར་ཕྱེ་བར་བརྩམས་དུས། བདག་གིས་རྩོམ་ལུས་མི་འདྲ་བའི་རྩོམ་ཡིག་བྲིས་ཏེ་ད་བར་ལོ་ངོ་མང་དག་ཅིག་ཕར་ལ་འདས་ཟིན། དེ་ཡང་མཐོ་འབྲིང་སྐབས་ནས་ད་བར་སུམ་རྟགས་དག་གསུམ་གྱི་གཞུང་ལུགས་ཀྱི་རྒྱབ་རྟེན་ཧ་ཅང་སྲབ་པའི་རྩོམ་ཡིག་ཁྱར་ཁྱོར་སྣ་ཚོགས་ལ་ལད་མོ་དང་ཚོད་ལྟའི་ཚུལ་གྱིས་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་སྦྱོར་གང་ཐད་ནས་ཤིན་ཏུ་དབུལ་ཡང་རྩོམ་ཡིག་འབྲི་བ་ནི་བདག་གི་འཚོ་བའི་གྲུབ་ཆ་ཞིག་དང་རང་ཉིད་ཀྱི་དགའ་ཁ་འཁྱེར་ཕྱོགས་ཤིག ཡང་ན་འཚོ་བའི་གདམ་ཁ་འགངས་ཆེན་གཅིག་ཏུ་གྱུར། གཅིག་བྱས་ན་འདི་ནི་རྩོམ་ལ་ཐོག་མར་འཇུག་པའི་རྩོམ་མཁན་ཕལ་ཆེ་བའི་བཞུད་དགོས་ངེས་ཀྱི་ཐུན་མོང་གི་བརྒྱུད་རིམ་ཞིག་ཀྱང་ཡང་ཡིན་སྲིད།
     དཔེ་ཀློག་རྩོམ་འབྲིར་མོས་པ་ཡོད་པའི་དུས་དེ་ནས། ངས་དབྱངས་གསལ་སོ་བཞིས་བསླས་པའི་རྩོམ་ཡིག་ཁ་ཀྱོག་སྣ་རལ་ཡི་གེའི་གད་སྙིགས་སུ་འབོད་པ་དག་འབྲི་དོན་ནི་གཞན་གྱི་མདུན་དུ་རང་ཉིད་མཁས་པ་ཡིན་མདོག་དང་སྙན་ངག་ཤེས་ཀྱི་ཡོད་མདོག  རྩོམ་པ་པོ་ཡིན་བསམ་བསམ་ཅི་ཡང་བྱེད་ཀྱི་མེད། དེ་བས་ཀྱང་ང་ལ་མི་གཞན་གྱི་ངོ་བསྟོད་སོགས་ཀྱང་འཐོབ་ཕྱིར་མིན།  དོན་དུ་འདི་ནི་རྩོམ་འབྲི་བ་ཞིག་གི་རང་གཤིས་ཀྱི་མངོན་མདངས་ཤིག་དང་མངར་སྐྱུར་གྱི་འཚོ་བའི་རི་མོ་དག་ཡིག་འབྲུའི་ལམ་ནས་བསྐྱར་མཚོན་བྱེད་སྟངས་ཉག་གཅིག་ཏུ་འཁུམས་སོ།
     ང་རྩོམ་ལ་འཇུག་དོན་ནི་ང་ལ་འདི་ལས་ལྷག་པའི་འཇོན་ཐང་ཞིག་མེད་ལ། ང་ལ་འདི་ལས་མཆོག་པའི་བདེ་སྐྱིད་ཅིག་མེད་ཙང་ཡིན། ངས་རྩོམ་ལ་འཇུག་དོན་ནི་རང་ཉིད་རང་བྲིས་ཡིན་ལ་རང་ཉིད་རང་སྐྱོབ་ཀྱང་ཡིན། རྩོམ་ཡིག་རེ་རེ་འབྲི་བརྩམས་དུས་ངས་རང་ཉིད་སྐབས་རེ་ཆུ་ཀློང་དུ་ལྷུང་བ་ཚོར་གྱི་འདུག སྐབས་རེ་མེ་འོབས་སུ་མཆོངས་པའང་རྟོགས་ཀྱི་འདུག འདི་ནི་རྩོམ་ཡིག་རེ་རེ་མྱུ་གུ་བཞིན་མཁའ་རུ་འབུས་ཡོང་བའི་རྒྱབ་ལྗོངས་ཤིག་རེད། འདི་ནི་རྩོམ་ཡིག་རེ་རེ་བསྐྲུན་ཡོང་བའི་རྨང་རྡོ་ཞིག་ཀྱང་རེད།
     ང་རྩོམ་ལ་འཇུག་དོན་ནི་ངའི་འཚོ་བ་སྐྱེལ་སྟངས་ཤིག་ཡིན་པས་ངའི་དགའ་སྐྱོ་ཆགས་སྡང་ངའི་རྩོམ་ཡིག་གིས་མཚོན་ཆོག མཚམས་རེར་རྩོམ་ཡིག་རེ་རེ་ལེགས་འགྲུབ་ཡོང་དུས་བདག་ལ་ཕ་འཛོམས་མ་འཛོམས་བྱུང་བ་ལྟ་བུའི་དགའ་ཚོར་ཡོང་གི་འདུག མཚམས་རེར་ཕ་མ་བུ་ཕྲུག་བྲལ་བ་འདྲ་བའི་གདུང་བ་ཡང་འབྱུང་གིན་འདུག དེ་བས་རྩོམ་ཡིག་རེ་རེའི་གླེང་གཞི་མི་འདྲ་བས་ངའི་ནང་སེམས་དུའང་གཏམ་རྒྱུད་སྣ་ཚོགས་ཡོད། གཏམ་རྒྱུད་དེ་དག་ནི་བརྩེ་བ་དང་མིག་ཆུས་བསླས་པ་ཤ་སྟག་རེད།
     ང་རྩོམ་ལ་འཇུག་དོན་ནི་འཚོ་བ་འབྲི་བ་ཞིག་རེད། རྩོམ་ལ་འཇུག་མཁན་ཡང་མི་ཡིན་པའི་ཆ་ནས་འཚོ་བ་ཟེར་བ་འདི་ཡང་ཁོ་ལ་ཡོད་ངེས་རེད། འོན་ཀྱང་རྩོམ་ལ་འཇུག་མཁན་གྱི་འཚོ་བ་སྨྱུ་གུ་དང་ཤོག་བུའི་དབར་ནས་གནས་ཡོད། རྩོམ་ལ་འཇུག་མཁན་ལ་དགོད་སྒྲ་ཡོད་ལ་མིག་ཆུ་ཡང་ཡོད། རྩོམ་ལ་འཇུག་མཁན་གྱི་རྩོམ་ཡིག་ནི་ཁོའི་སེམས་པ་རེད། ཁོ་ཡོད་པས་ཁོའི་རྩོམ་ཡིག་གསོན་ཡོད་ལ། ཁོའི་རྩོམ་ཡིག་ཡོད་པས་ཁོ་ཡང་འཚོ་ཡོད། འདི་ནི རྩོམ་ལ་འཇུག་མཁན་དང་ཁོའི་རྩོམ་ཡིག་གི་འབྲེལ་བ་རེད།
     ང་རྩོམ་ལ་འཇུག་དོན་ནི་མ་གཞི་བྱས་ན་རྩོམ་རིག་གི་དམིགས་ཡུལ་དངོས་ཀྱང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་མོད། ངས་ཆེན་པོ་ཆེན་པོ་དག་གླེང་མི་ཐུབ་ལ་འབྲི་ཡང་མི་ཐུབ། དེ་བས་ཀྱང་ངའི་རྩོམ་ཡིག་མགོ་མཇུག་ལྡོག་པ་དག་གི་མི་རིགས་གང་འདིར་ཕན་ཡང་ཐོགས་མི་སྲིད། འོན་ཀྱང་ངས་ཚེ་སྲོག་གི་དབུགས་རྒྱུ་མ་ཆད་བར་དུ་མི་ཚེའི་ཟས་རིན་དང་དབྱངས་གསལ་སོ་བཞིའི་བཀའ་དྲིན་གྱི་སླད་དུ་དཔེ་ཀློག་རྩོམ་འབྲིའི་བྱ་བ་འདི་མཚམས་འཇོག་བྱེད་ག་ལ་སྲིད། དེ་ཡང་རྒྱའི་རྩོམ་པ་པོ་གྲགས་ཅན་ཡུལ་ཅེ་ནང་བཞིན་ཚེ་སྲོག་དང་འདྲ་བར་ཡི་གེའང་བརྩི་མཐོང་ཆེན་པོ་བྱེད་མཁན་ཞིག་ཡིན།
     དོན་དམ་དུ་འདུ་འཛི་ཆེ་བའི་འཚོ་བའི་གྲུ་ཟུར་འདི་ནས་དབྱིབས་གཟུགས་དང་ཁ་དོག་ཤོར་ཟིན་པའི་སྤྱི་ཚོགས་འདིའི་ངོ་རིས་ལ་བསམས་དུས། རྒྱུ་འབྲས་དང་བདེན་པ་རྒྱབ་ཏུ་བསྐྱུར་བའི་འཁྲབ་ཚན་ནག་པོ་དག་ལ་གཞིགས་དུས། ང་རང་ཁུ་སིམ་མེར་ཁེར་རྐྱང་ངང་ཁང་ཆུང་འདིའི་ནང་དུ་དཔེ་ཆའི་གསེང་གི་གཏམ་རྒྱུད་རེ་རེ་དང་ཡིག་འབྲུའི་བར་གྱི་འབྱུང་བ་རེ་རེས་སྐབས་འགར་སེམས་པ་སྤྲོ་མྱོང་ལ་ལན་རེར་སེམས་པ་བརླན་མྱོང་ཡང་འདི་ནི་ཆེས་བདེ་སྐྱིད་ཀྱི་འཚོ་ཐབས་ཤིག་ཡིན། འདི་ནི་ཆེས་ཡང་དག་གི་གདམ་ཁ་ཞིག་ཀྱང་ཡིན།

     ཞེ་གྲོལ་ཉི་ཤར། མིང་། བློ་བཟང་ཚེ་འཕེལ། ཕ་ཡུལ། མལ་གྲོ་གུང་དཀར། ལས་གནས། འབྲོང་པ་སློབ་འབྲིང་།
   ལར་ཁོ་བོ་འཇིག་རྟེན་གྱི་ཁམས་ཆེན་པོར་ལག་གཉིས་སྟོང་སང་ངེ་བར་ལྷགས་པ་ནས་བཟུང་། མཛེས་སྡུག་གི་ཞོགས་པ་རེ་རེར་ངོ་མཚར་གྱི་རྨི་ལམ་ནས་གྲོལ་དུས། རང་ཉིད་འཇིག་རྟེན་འདིས་དེ་བཞིན་དྲིན་གྱིས་བསྐྱངས་པ་ངམ་གྱིས་ཚོར་ཞིང་། ཁོ་བོའི་ལྷག་བསམ་དང་ཕྱི་ཡུལ་གྱིས་དམིགས་མེད་དུ་གནང་བའི་ཡིད་འགྱུར་སྣ་ཚོགས་དག་རྩོམ་ཐུང་རེ་རེར་བཅོལ་ནས་ངོ་མཚར་འཇིག་རྟེན་གྱི་ཆོས་ཀུན་ལ་དྲིན་གཟོའི་ཚུལ་དུ་འབུལ་འདོད་པ་ནི་ངས་རྩོམ་ལ་འཇུག་དོན་རྣལ་མ་ཞིག་ཡིན།
     སྤྱིར་མི་རྣམས་དལ་རྟེན་རྒྱུ་ལུས་ཀྱི་ཕུང་པོར་སྐབས་ཅིག་གནས་གཡར་ཏེ་སྲིད་པའི་ངོ་མཚར་ལ་ཉམས་རྟོགས་ཀྱི་ཤེས་པ་འཚོལ་གྱིན། འཁོར་བ་སྡུག་གི་རྒྱ་མཚོ་ལས་ཐར་པ་བརྩོན་པའི་འགྲུལ་བཞུད་ཀྱི་ལམ་ན་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་ནུས་པས་རང་སྣང་ལ་སྦྱིན་པའི་གོ་རྒྱུ་ཇི་སྙེད་ཅིག་ཡིད་ལ་ཤར་ཏེ། འཇིག་རྟེན་དང་དངོས་པོའི་ཆོས་ཉིད་ལ་བསམ་བློའི་འཛིན་ཚུལ་སྣ་ཚོགས་ཞིག་རང་ལུགས་སུ་གྲུབ་ཅིང་། དེ་དག་ཚང་མར་སྐྱོན་ཡོན་གཉིས་ལྡན་གྱི་ཚུལ་དུ་གནས་པས། རེ་དོགས་ཀྱི་འཆིང་རྒྱ་ལས་གྲོལ་ཏེ་རང་གཞན་གཉིས་ལ་བློ་བསྐྱེད་ཟབ་མོ་རེ་བྱུང་ན་ཅི་མ་རུང་དུ་བསམ་པ་ཡང་ངས་རྩོམ་ལ་འཇུག་དོན་ཞིག་ཡིན།
     ཡང་ཚེ་སྲོག་ནི་མཐས་ཡས་རྒྱ་མཚོ་ཆེན་པོའི་ཐོག་ངེས་མེད་དུ་འཕྱོ་བའི་གྲུ་ཆུང་ཞིག་འདྲ་བས། ཡུལ་དུས་ངེས་མེད་ཞིག་ལ་དྲན་ཡུལ་དུ་འགྱུར་བའི་མི་སྣ་དང་བྱ་དངོས་དེ་ཚོར་འགོག་མེད་དུ་ཤར་བའི་ལྷད་མེད་བརྩེ་བ་ལ་རྗེས་དྲན་གྱི་རྟེན་དུ་རྩོམ་ཐུང་རེ་འབྲི་འདོད་པ་ཡང་ངས་རྩོམ་ལ་འཇུག་དོན་ཞིག་མིན་ག་ལ་སྲིད།
     གང་ལྟར། ངས་རྩོམ་ལ་འཇུག་དོན་ནི་མི་ཀུན་ལ་ཡོད་དུ་རུང་ལ་ཡོད་ཀྱང་དགོས་པའི་བསམ་བློའི་ལྟ་བ་འགའ་ཞིག་ལ་འཚོལ་ཞིབ་དང་རེ་སྙེགས་བྱས་ཏེ་ཕྱོགས་ལྷུང་མེད་པའི་ལྟ་བ་དེས་རང་གཞན་ཀུན་ལ་ཤུགས་རྐྱེན་བཟང་པོ་རེ་འཇོག་ཐུབ་ན་བསམ་ཞིང་། ད་བར་ནུས་མེད་ཁ་ཕོའི་ཙམ་དུ་ཟད་སོང་ཡང་བསམ་བློ་ཞིག་དང་རིགས་རུས་ཅིག་གི་སྤོབས་པ་སྐྱོངས་ཐུབ་རྒྱུའི་བློ་གཤེད་དེ་ནི་ངས་རྩོམ་ལ་འཇུག་པའི་དོན་པོ་ཡིན།

 

      རྟ་ནག་བཟང་པོ། སྤྱི་ལོ༡༩༩༢ལོར་བོད་ལྗོངས་གཙང་ཁུལ་མཐོང་སྨོན་རྟ་ནག་རིན་རྩེའི་ཡུལ་ཤོག་དུ་སྐྱེས། སྔ་ཕྱིས་སུ་ཁུལ་འདིའི་སློབ་གྲྭ་ཆུང་འབྲིང་ཁག་ནས་ཤེས་རིག་གི་སྤྲང་རྩི་གང་འདོད་དུ་འཐུ་བའི་བསྐལ་བཟང་ཞིག་ཐོབ། ༢༠༡༠ལོར་རྫོང་སློབ་འབྲིང་ནས་སློབ་འཐར་ཕྱིན་ཏེ་རབ་བྱུང་པའི་སྡེ་ལ་བཞུགས། སླར་ཡང་རང་ལོ༢༣ནས་དཔལ་ས་སྐྱ་དགོན་ནང་བསྟན་སློབ་གླིང་དུ་སློབ་གཉེར་བའི་བསྐལ་བ་བཟང་པོ་ཞིག་སྨིན། ཞོར་དུརྟ་ནག་འཚེར་སྐདདུས་དེབ་ཀྱི་རྩོམ་སྒྲིག་པའི་འགན་འཁུར་བཞིན་ཡོད་ལ།  ༢༠༡༦ལོར་རང་ཉིད་ཀྱི་ཆེས་ཐོག་མའི་སློབ་གཞོར་གྱི་སྦྱང་རྩོམཁེར་རྐྱང་འགྲུལ་བཞུདཞེས་པའི་དེབ་ཆུང་ཞིག་པར་བསྐྲུན་འགྲེམ་སྤེལ་ཞུས། སླར་ཡང་། ༢༠༡༧ལོར་ས་སྐྱ་རིན་ཆེན་བློ་གྲོས་དང་མཉམ་དུདགོན་འདབས་ཀྱི་སྤོས་དྲིཞེས་པ་ཞིག་ཀློག་པ་པོའི་སྤྱན་ལམ་དུ་ཕུལ། མ་ཟདམེས་པོའི་མཆོད་སྤྲིནསོགས་སུ་བརྩམས་ཆོས་འགའ་ཤས་སྤེལ།
     མཚན་མོ་འདིར། ཆར་རླུང་ཁྲོད་དུ་ཤིང་སྡོང་གི་ལོ་མ་དག་ཤག་ཤག་ངང་འགུལ་ཡོང་དུས།ཡལ་གའི་ཕང་བར་གཉིད་ཀྱིས་སྒྲིབ་པའི་བྱིའུ་ཆུང་ངའི་རྨི་ལམ་དུ་སྙན་ངག་གི་མེ་ཏོག་ཆུན་པོ་འབུལ་བར་རྨིས།
     མཚན་མོ་འདིར། འཕྲིན་ཕྲན་གྱི་ཚོགས་པ་གང་ཡིན་ནས་སྙན་ངག་གི་མེ་ཏོག་ཆུན་པོ་བར་མཚམས་མེད་པར་འབུལ་ཡོང་དུས། བྱིའུ་ཆུང་ངའི་སེམས་པའི་ཕྱི་ནང་དུ་ཚ་དྲོད་ཀྱི་མེ་ལྕེ་རབ་ཏུ་འབར། སྐབས་དེ་ནས། རྨོངས་གཉིད་ཀྱི་སྒྲིབ་པའི་བྱིའུ་ཆུང་ང་ཡང་སྙན་ངག་གི་གཤོག་པ་ཞིག་ཐོགས་ཏེ་ནམ་ཕངས་གཅོད་བཞིན་པའི་སྙན་ངག་པ་ཚོའི་གཤོག་ཟུང་ལ་དམ་པོར་འཇུས་ནས་འཕུར་འདོད་ཀྱིས་བསམ་པས་གཤོག་པ་ལྷེབ་ཙམ་ལྷེབ་ཙམ་ངང་སྐྱོམ་པའི་དུས། རྒས་བཞིན་པའི་སྡོང་རྒན་ཁོང་གིས་ཡང་བྱིའུ་ཆུང་ཁྱེད་ངོ་མ་འཕུར་རན་འདུག་སྐྱ་ཀ་དང་ཕུག་རོན་ཚང་མ་གཤོག་པ་ཐོགས་ཏེ་རྒྱང་རིང་ལ་འཕུར་ཟིན་ཞེས་སྐུལ་ལྕག་ཀྱི་ཕུ་ཞིག་བཏབ། མདོར་ན། སྙན་ངག་པ་རྒན་རབས་པ་ཚོས་གཤོག་ཟུང་ཐོགས་དང་ཐོགས་བཞིན་པའི་བྱིའུ་ཆུང་ཁྱེད་མུན་པའི་སྒྲོག་ལས་གྲོལ་ནས་སྙན་ངག་གི་མེ་ཏོག་འཐུ་བར་འཕུར་རན་ཞེས་ཡང་དུ་གསུངས། ཁོང་རྣམ་པའི་སྐུལ་མ་དང་རྒྱབ་སྐྱོར་འོག་བྱིའུ་ཆུང་ང་ཡང་ཉིན་དེ་ནས་སྙན་ངག་གི་མེ་ཏོག་འཐུ་བར་འགྲོ་འདོད་ཀྱིས་བློ་འདི་མེ་བཞིན་འབར་མྱོང་། དུས་དེ་ནས་བཟུང་། ཁོ་བོས་སྙན་ངག་གི་ལྷ་མོ་མགྲོན་དུ་བཀུག་ནས་མི་ཚེ་འགྲིམས་འགོ་བརྩམས། དོན་དམ་དུ། ངས་རང་ཉིད་རྩོམ་ལ་འཇུག་དོན་ཅི་ཞིག་གི་ཆེད་དུ་ཡིན་པ་མི་ཤེས། འོན་ཀྱང་། རྩོམ་ལ་འཇུག་ཐེངས་རེར། དེས་ངའི་སེམས་ཀྱི་གསང་བ་ཕྱི་རུ་སྒྲོག་ནུས་ལ། ངའི་འཚོ་བ་ལ་རྒྱུ་ནོར་གྱིས་གཞལ་དཀའ་བའི་ཚོར་སྣང་ཁྱད་པར་བ་རེ་སྦྱིན་པར་བྱེད་པས། ངས་དེ་ཁོ་ནའི་སླད་དུ་རྩོམ་ལ་འཇུག་པ་ཡིན་ནོ།།

     རང་མིང་། རིན་ཆེན། 1990ལོར་བོད་ལྗོངས་གཞིས་རྩེ་རྣམ་གླིང་དུ་སྐྱེས། 2013ལོར་ནུབ་བྱང་མི་རིགས་སློབ་ཆེན་ཐོན་ནས་བྱ་བར་ཞུགས། སྔ་ཕྱིར་ལྗོངས་ཕྱི་ནང་གི་དུས་དེབ་མང་པོའི་ཐོག་བརྩམས་སྒྲུང་གཙོས་བརྩམས་ཆོས་གྲངས་ཉིས་བརྒྱར་ཉེ་བ་སྤེལ། གྲོང་ཁྱེར་གྱི་ཕྱི་ནང་དང་། ལྷ་སའི་ཉི་འོད་ཅེས་པའི་སྒྲུང་ཐུང་ཕྱོགས་བསྒྲིགས་ཀྱི་དེབ་གཉིས་དཔེ་སྐྲུན་བྱས། ད་ལྟ་ལམ་ཞེས་པའི་སྒྲུང་རིང་ཞིག་བྲིས་ནས་ཚར་ལ་ཁད།
     མུན་ནག་གི་ཡོལ་བས་ས་གཞིའི་ངོ་གདོང་ལ་སེང་རས་གཡོག་པའི་ཁུ་སིམ་གྱི་མཚན་མོ་ནི་ང་ལ་དབང་བའི་དུས་ཚོད་ཡིན། ངས་སྔར་རྒྱུན་བཞིན་རང་ཁྱིམ་གྱི་སྒོ་མོ་དམ་པོར་མནན་ཏེ་རྒས་ཤིང་གོག་པའི་ལུས་ཕུང་ལྗིད་ཏིག་གེར་འབོལ་ཁྲིར་བསྙེས་ནས་དཔེ་ཀློག་བྱ་འགོ་བརྩམས། ནག་རོག་རོག་གི་ཁང་ཆུང་དེ་རུ། ངས་དུ་བ་ཁམ་གང་རེ་བྱས་ཏེ་ཁོག་ནང་དུ་ཁྱུར་མིད་གཏོང་ཞོར་སྒྲོག་རྩེའི་ངོས་ནས་ཆང་ཕོར་ཚུར་ལ་བླངས་ནས་རྔམ་འཐུང་བྱ་འགོ་ཚུགས། ངས་དེ་འདྲའི་ཁོར་ཡུག་གི་ཀློང་དུ་ཁེ་སྤོགས་ཀྱི་ལས་ཀ་མཐའ་དག་རྒྱང་དུ་སྤྱུགས་ནས་ཆེས་མི་བྲིན་པའི་དཔེ་ཆ་འགའ་ལ་ཤི་འཐམ་རོ་འཐམ་བྱས་ནས་བསྡད།
     དུས་ཚོད་མང་པོ་ཞིག་དེ་ལྟར་བྲེལ་འཚུབ་དང་སེམས་ངལ་ཁྲོད་འདས་སོང་། ལོ་ངོ་དེ་དག་གི་རིང་། ངས་ཅི་ཞིག་ཐོབ་འདོད་ཀྱི་ཧམ་སེམས་རུམ་ལ་བཅངས་ནས། ཀ་མད་སུམ་ཅུའི་མགུལ་རྒྱན་གྱིས་སྤུད་པའི་གཞོན་ནུ་མ་དེའི་ལང་ཚོའི་བསླུ་བྲིད་ལྡོག་མ་ནུས་པར་མོ་དང་ལྷན་དུ་རང་ཉིད་ལ་དབང་བའི་འཇིག་རྟེན་མྱུལ་འགོ་བརྩམས། མོ་དང་ལྷན་དུ་འགྲོགས་པའི་ལོ་ཟླ་དེ་དག་གི་ནང་དུ། ངས་འདུ་འཛི་དགྲ་ཡི་ཡོ་ལང་རྒྱང་དུ་བསྐྲད་ནས། རང་ཉིད་ལ་དབང་བའི་ལྷིང་འཇགས་དང་ཁུ་སིམ་གྱི་ལྷ་མོ་དེ་ཚུར་ལ་བསུས། མ་གཞི་ངས་ད་བར་དུ་ཀུན་ལ་ངོམས་སུ་རི་བའི་རྩོམ་ཡིག་སྣ་གཅིག་ཀྱང་འབྲི་མ་ཐུབ་ལ། རང་འདོད་བཀང་ནུས་པའི་དཔེ་ཀློག་རྣལ་མ་ཞིག་ཀྱང་བྱ་མ་ཐུབ། འོན་ཀྱང་། ངས་སྔར་རྒྱུན་བཞིན་སྨག་ནག་པའི་མཚན་གུང་གི་དུས་སུ་དཔེ་ཆ་ཡི་མཛེས་མ་ཆུང་མར་བསུས་ནས་རང་ཉིད་ལ་དབང་བའི་འཇིག་རྟེན་གཞན་ཞིག་འཚོལ་བར་བྲེལ།
     ད་བར་དུ་ངས་རང་ཉིད་དཔེ་ཀློག་ལ་འཇུག་པའི་དམིགས་ཡུལ་གསལ་པོ་ཞིག་གཏན་ནས་མ་རྟོགས་ལ། རྩོམ་ཡིག་ཐར་ཐོར་རེ་བྲིས་ནས་མི་ཚེ་ཕར་ལ་ཕུད་ན་འགྲིག་མིན་གྱི་ཐད་འདང་རྒྱག་བྱ་མ་མྱོང་། དེས་ང་ལ་དོན་དམ་པའི་དཔལ་འབྱོར་ཐད་ཀྱི་ཁེ་ཕན་སྦྱིན་མི་ནུས་ལ། མིག་མདུན་གྱི་འཚོ་བའི་རྙོག་འཛིང་ཡང་སེལ་ག་ལ་ནུས། ཡང་མཚམས་རེ་ངས་རང་ཉིད་ཀྱིས་འབྲི་གྱིན་པའི་རྩོམ་ཡིག་དག་མིང་དོན་མཚུངས་པའི་བརྩམས་ཆོས་རྣལ་མ་བ་ཞིག་ཏུ་འཁྱོངས་ཡོད་མེད་མི་ཤེས་ལ། ངས་རྩོམ་ཡིག་དེ་འདྲ་བྲིས་ནས་དོན་དམ་པའི་ཕན་ནུས་ཅི་ཞིག་འབྱུང་མིན་ལའང་མནོ་བསམ་གཏོང་བར་ཐལ་འགྲོ། འོན་ཀྱང་། ནམ་རྒྱུན། ངས་རང་གི་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དང་། བདེ་སྡུག་བཏང་སྙོམས་ཀྱི་ཚོར་འདུ་རྣལ་མ་དག་ཡི་གེའི་ལམ་ནས་ཕྱི་རུ་སྐྱུག་ཐེངས་རེར། དེས་ང་ལ་བདེ་ལྷང་ལྷང་དང་གུ་ཡངས་ཡངས་ཀྱི་སེམས་ཚོར་ཁྱད་པར་བ་རེ་སྦྱིན་པར་བྱེད། དེས་ན། ངས་དཔེ་ཀློག་དང་རྒྱང་དུ་གྱེས་ན་མ་འདོད་ལ། གྱེས་ཀྱང་མ་ཐུབ། ད་ལྟ་དཔེ་ཀློག་བྱ་རྒྱུ་དང་རྩོམ་ཡིག་ཐན་ཐུན་རེ་འབྲི་རྒྱུ་ནི་ངའི་མི་ཚེ་འདིའི་གྲུབ་ཆ་འགངས་ཆེན་གཅིག་ཏུ་གྱུར་ཟིན་པས། གལ་ཏེ་ཉིན་གཅིག་དཔེ་ཀློག་བྱ་མ་ཐུབ་ཚེ། ཅི་ཞིག་ཆད་པ་ལྟ་བུའི་ཚོར་སྣང་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེས་འོང་། མ་གཞི་དུས་རྒྱུན་ཆུང་མས་ངོ་གདོང་ནག་རོག་གེར་ངས་དུས་ཚོད་ཡོད་ཚད་རྩོམ་ཡིག་ཁོ་ནའི་ཁྲོད་སྟོང་བར་འཁང་ར་བྱས་ཀྱང་། ཉེ་འགྲམ་གྱི་མི་བུ་ཚོས་མི་ཁ་དང་བར་ཆད་ཇི་ཙམ་བཟོས་ཀྱང་། ངས་རང་གི་དགའ་སའི་ལས་ཀ་དེ་ལས་རྒྱང་དུ་གྱེས་རྒྱུའི་བསམ་བློ་བཏང་མ་མྱོང་། ངས་དེ་ལྟར་དཔེ་ཆ་གྲོགས་སུ་བཀུག་སྟེ་རིག་པ་ལྕགས་སྐུད་བཞིན་བསྒྲིམས་ནས་མུ་མཐུད་དེ་རྩོམ་ཡིག་གི་དགའ་མ་དེ་ལ་ལུས་ངག་ཡིད་ཀྱིས་གཉོར་སྐྱོང་བྱེད་བཞིན་ཡོད་དོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...