སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གྱིན་འདའ་བས་བོད་ཀྱི་སྙན་ངག་པའི་མཚན་མོར་ཕུལ་བའི《སྙན་ངག་པ》ཞེས་པའི་སྙན་རྩོམ།
རྩོམ་པ་པོ། གྱིན་འདའ་བ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-7-28 14:38:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

སྙན་ངག་པ།
                               བོད་ཀྱི་སྙན་ངག་པའི་མཚན་མོར་ཕུལ།
            གྱིན་འདའ་བ།   ཁྲི་འདུ།

སྙན་ངག་པས
འཁོར་བའི་བས་མཐའ་ནས་སོ་ལྟ་བྱས་ཏེ་ཉོན་མོངས་ཀྱི་དགྲ་བོ་རྒོལ་མཆོག
སྡུག་གི་མཚོ་མོ་ལ་ཀོ་གྲུ་ཞུགས་ཏེ་བདེ་སྐྱིད་ཀྱི་ནོར་བུ་ལེན་མཆོག་ཟེར
རྒྱུ་མཚན་ནི་འཇིག་རྟེན་གྱི་ཆོས་ཉིད་མཐའ་དག
སྙན་ངག་གི་ཁོག་ཏུ་སྦས་ཡོད་ཟེར

སྙན་ངག་པས
རྣམ་ཤེས་ཀྱི་གཤོག་པ་ཐོགས་དུས་འདི་ཕྱི་ཡི་བགྲོད་ལམ་རྙེད་ཡོང་ལ
བག་ཆགས་ཀྱི་མཚོ་མོ་སྲུབ་དུས་ལན་ཆགས་ཀྱི་འབྲས་བུ་སྨིན་ཡོང་ཟེར
རྒྱུ་མཚན་ནི་ལས་འབྲས་ཀྱི་གསང་བ་ཡོད་ཚད
སྙན་ངག་གི་དབར་དུ་བཅུག་ཡོད་ཟེར

སྙན་ངག་པས
འཕྲལ་ཡུན་གྱི་བདེ་དགའི་རྒྱབ་ནས་སྡུག་བསྔལ་གྱི་འབྲས་བུ་སྐྱེ་ཡོང་ལ
སྡུག་བསྔལ་གྱི་ཟུག་གཟེར་ཀློང་ནས་བདེ་སྐྱིད་ཀྱི་རིན་ཐང་རྟོགས་ཡོང་ཟེར
རྒྱུ་མཚན་ནི་འཚོ་གནས་སྙིང་བོ་འདི་དག
སྙན་ངག་གི་ངོས་སུ་འཆར་ཡོད་ཟེར

སྙན་ངག་པས
གནད་འགག་གི་ཉག་ཁ་རེ་ནས་མིའི་གཤིས་ཀྱི་གྲིབ་གཟིགས་མཐོང་ལ
དགོད་སྒྲ་དང་མིག་ཆུའི་དབར་ནས་མྱིའི་སེམས་ཀྱི་ཁ་དོག་རིག་ཡོང་ཟེར
རྒྱུ་མཚན་ནི་སེམས་པ་དང་སེམས་པའི་བར་ཐག
སྙན་ངག་གི་གསེང་ནས་རྟོགས་ཡོང་ཟེར

མདོར་ན་སྙན་ངག་པས
དགའ་སྐྱོ་ཆགས་སྡང་གི་ཕོ་བྲང་སྙན་ཚིག་གིས་བཞེངས་མཆོག་ལ
འདས་མ་ད་གསུམ་གྱི་ལོ་རྒྱུས་སྙན་ངག་གིས་འབྲི་མཆོག་ཟེར

2017.7.26


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...