སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཞི་བདེ་ཉི་མའི་སྙན་ངག་ཐུང་ཐུང《ལུག་ཁྱུ》འོས་སུ་སྦྱོར་བ།
རྩོམ་པ་པོ། ཞི་བདེ་ཉི་མ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-8-15 9:04:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 ལུག་ཁྱུ།
རྩོམ་པ་པོ།  ཞི་བདེ་ཉི་མ།
                     རླུང་བུའི་ཁྲོད་ཀྱི་ལུག་ཁྱུ།
                     སྤང་ཐང་གིི་འབའ་དབྱངས་ཆུང་ཆུང་།
                     སྤྲིན་དཀར་གྱི་སྤུན་ཟླ་ཆུང་ཆུང་།
                     འུར་ལྕག་ལ་གསལ་འདེབས་བྱེད་མཁན་གྱི།
                     ཁེར་རྐྱང་གི་རྒྱག་བྲོ་ཆུང་ཆུང་།
 
                     རླུང་བུའི་ཁྲོད་ཀྱི་ལུག་ཁྱུ།
                     ཁ་བས་སྦས་མི་ཐུབ་པའི།
                     དགུན་གྱི་ལོ་ཏོག་ཆུང་ཆུང་།
                     མཚན་མོས་གསུབ་མི་ཐུབ་པའི།
                     རུ་སྡེ་ཡི་སྐར་མ་ཆུང་ཆུང་། 

                     རླུང་བུའི་ཁྲོད་ཀྱི་ལུག་ཁྱུ།
                     རྫི་བོའི་དཔེ་དེབ་ཆུང་ཆུང་།
                     རྩྭ་ཆུ་ཡི་ཡིག་ཕྲེང་དེ་དག
                     ཤ་ཁྲག་གི་ཡིག་ཕྲེང་དེ་དག
                     རུས་པའི་ཡིག་ཕྲེང་དེ་དག

                     རླུང་བུའི་ཁྲོད་ཀྱི་ལུག་ཁྱུ།
                     འཁང་ར་མེད་པའི་མིག་ཟུང་ཆུང་ཆུང་།
                     མཚན་མོའི་བཀྲེས་སྐོམ་ཁྲོད་ཉལ་བའི།
                     འོ་འཐུང་གི་རྩྭ་གཟན་ཆུང་ཆུང་།

                     རླུང་བུའི་ཁྲོད་ཀྱི་ལུག་ཁྱུ།
                     ནངས་མོ།
                     གནས་གང་ཞིག་ནི།
                     ཁྱོད་ཀྱི་རྩྭ་ཆུ་ཡིན།
                     གནས་གང་ཞིག་ནི།
                     ཁྱོད་ཀྱི་གནས་མལ་ཡིན།
2017-8-3ཉིན་བྲིས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...