སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དགེ་རྒན་གྱི་དུས་ཆེན་ལ་ཕུལ་བའི་སྙན་རྩོམ།
རྩོམ་པ་པོ། ---གྲོལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-9-11 9:40:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
དགེ་རྒན།
                     དགེ་རྒན་དུས་ཆེན་ལ་ཕུལ་བ།
                         ---གྲོལ།
     དགེ་རྒན་ནི་སློབ་མའི་དོ་དམ་པ་ཞིག་ཡིན་ལ་དེའང་མིན། དགེ་རྒན་ནི་ཤེས་བྱའི་བང་མཛོད་ཅིག་ཡིན་ལ་དེའང་མིན། དགེ་རྒན་ནི་སྤྱི་ཚོགས་ཀྱི་ཐོབ་ཐང་ཞིག་ཡིན་ལ་དེའང་མིན། དོན་དམ་དུ་དགེ་རྒན་ནི་གཞན་ཕན་གྱི་ལྷག་བསམ་རྒྱུད་ལ་འཁྲུངས་ནས་སློབ་བུ་ཁྲི་ཁྲག་ལ་མང་བོར་ཡང་དག་པའི་ལམ་སྣེ་སྟོན་མཁན་ཞིག་ཡིན།
     དགེ་རྒན་ལ་གཅམ་གསག་གི་བསྟོད་ཚིག་འབུལ་བའི་སྤྱི་ཚོགས་ཀྱི་གོ་གནས་མེད། དགེ་རྒན་ལ་འབྱོར་ཕྱུགས་ཀྱི་ལོངས་སྤྱོད་ངོམ་པའི་རྒྱུ་དང་ནོམ་པ་མེད། དགེ་རྒན་ལ་ཉིན་མཚན་ཨ་རག་གི་བཟི་ཁ་ནས་རང་ཉིད་ཀྱི་ཁེ་ཕན་བསྒྲུབ་པའི་གཡོ་ཟོལ་མེད། དགེ་རྒན་ལ་སྙན་གྲགས་ཀྱིས་འཇིག་རྟེན་བཀང་བའི་མཚན་སྙན་དེ་བས་ཀྱང་མེད། ཡིན་ནའང་དགེ་རྒན་ལ་རིག་པས་གཞན་ཕན་བསླད་ནས་ཤེས་པས་གཞན་སེམས་དགང་བའི་བཟློག་མེད་ཀྱི་འགན་འཁྲི་གསོན་པོ་ཞིག་ཡོད།
     ཉིན་མཚན་དུས་དྲུག་ཏུ། དགེ་རྒན་ནི་སློབ་མའི་གཟུགས་བརྙན་ཏེ། སློབ་ཁང་དང་མལ་ཁང་། ཟ་ཁང་སོགས་སུ་སློབ་མའི་ལས་དང་འབྲེལ་བ་ཡོད་པའི་གནས་མལ་གང་རུང་དུ་དགེ་རྒན་ནི་ཁྱིམ་བདག་དང་དགེ་རྒན་གཉིས་ཕུང་བོ་གཅིག་འདུས་ཀྱི་བྱེད་པོ་དེ་ཡིན། དགེ་རྒན་གྱི་སྐད་སྒྲ་ནི་སློབ་རའི་ལྷིང་འཇགས་ཀྱི་ཁོར་ཡུག་དཀྲོག་མཁན་ཁོ་ན་ཡིན་ལ། དགེ་རྒན་གྱི་སྐད་སྒྲ་ནི་སློབ་རའི་སུན་སྣང་གི་གྱི་ཚོར་བ་གཏོར་མཁན་འབའ་ཞིག་ཡིན།
     གཞུང་ལས་ཁང་ཆུང་ཆུང་ཞིག་ཏུ་གཤིས་འཇམ་གྱི་སྤྱོད་པས་གཞན་ལ་ཤུགས་རྐྱེན་ཆུང་ངུ་ཙམ་ཞིག་ཐེབས་པར་ཡང་རེ་ཞིང་། སློབ་དེབ་དང་ཟིན་བྲིས།  ལས་བྱའི་ཁུར་ཆེན་གྱིས་ཤུགས་ཀྱིས་མནན་པས། དགེ་རྒན་ལ་དུས་ཚོད་ལྷག་མ་སྐད་ཅིག་ཙམ་ཡང་མེད་པར། ཞོགས་པའི་སྐྱ་རེངས་ཀྱི་སྔོན་བརྡ་དང་མཚན་མོའི་སྨག་ནག་གི་སོ་སྲུང་བ་ཡིན་པས། དགེ་རྒན་ལ་རྨི་ལམ་སྐྱིད་པོ་དང་མལ་ས་དྲོན་མོ་དབང་ཐབས་བྲལ། དེ་བས་ན་དགེ་རྒན་རྣམས་ཀྱིས་རང་གི་དྲིན་ཆེན་ཕ་མ་ཟུང་ལ་ཞབས་ཏོག་ཨེན་ཙམ་ཡང་སྒྲུབ་ལོང་བྲལ་ལ། རང་གི་བུ་ཕྲུག་དང་ཆུང་མ་ལ་སྙིང་གཏམ་་ཡག་པོ་ཙམ་ཡང་བཤད་ཁོམ་མེད། གྲོགས་དང་གྲོགས་མོའི་ཚོགས་ལ་ལྷན་འཛོམས་ཀྱི་སྐལ་བ་ནི་དེ་བས་ཀྱང་ག་ལའོ།།
     སེམས་པ་ནང་དུ་བཀུག་ནས། མགོ་བོ་ཐུར་དུ་དཔྱངས་ནས། དུས་ཚོད་དམ་དུ་བཟུང་ནས། སློབ་མའི་ཚོགས་ཀྱི་འགྲོ་ཆག་ཉལ་འདུག་ཁོ་ན་བློ་ལ་བསྒོམས་ཤིང་ཡིད་ལ་བསྐུངས་པས། དགེ་རྒན་ལ་འཆར་ཡན་མོད་པོ་དང་ཚོར་བ་རྣོན་པོ་ཞིག་ཀྱང་ཡོད་ཐབས་བྲལ་ནའང་། དགེ་རྒན་ནི་སྔར་བཞིན་སྤྱི་ཚོགས་ཀྱི་བར་གསེང་ནས་འབུས་པའི་སྟོབས་ཤུགས་ཀྱི་ཚོགས་པ་ཞིག་ཡིན་ལ།  དགེ་རྒན་ནི་ཚོགས་པ་གང་ཞིག་མདུན་ནས་མདུནདུ་ཆས་པའི་འགྱེལ་མེད་ཀྱི་དར་ཆ་ཡིན།
     སྡིགས་མོ་དང་མ་ཉེས་ཁ་གཡོག་ལས། དགེ་རྒན་ལ་གནོན་ཤུགས་དང་སེམས་འཚུབ་དྲག་ཏུ་བསྐྱེད་མྱོང་ནའང།  དགེ་རྒན་ལ་ཕངས་སེམས་དང་བློ་འགྱོད་གཏན་ནས་མེད་དེ།  བརྩི་མཐོང་དང་ངོ་སོ་བྲལ་བའི་སྤྱི་ཚོགས་ཀྱི་རྨང་གཞིའི་ཟབ་ས་ཞིག་ནས། དུས་ཚོད་དང་ལང་ཚོ་ཡོད་ཚད་བློས་བཏང་ནས་འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་དང་ཤེས་རིག་འཕེལ་འགྲོས་ཀྱི་གོམ་ཁ་ལ་འཕུད་འདེད་བྱེད་པའི་འོས་འགན་དང་དུ་བླངས་ཡོད།
     གལ་སྲིད་རང་ལས་གཞན་གཅེས་ཀྱི་ལྷག་བསམ་མེད་ན་ཁྱེད་རང་དགེ་རྒན་མི་འོངས་ལ། གལ་སྲིད་རང་དོན་ཧུར་གྱིས་བསྒྲུབ་པའི་འདོད་འདུན་ཆེ་ནའང་ཁྱེད་རང་དགེ་རྒན་མི་འོངས། སློབ་ཁྲིད་ལྟ་བུའི་ལས་ཀ་དང་དོ་དམ་ལྟ་བུའི་འོས་འགན་ཞིག་གིས་དགེ་རྒན་གྱི་མིང་བྱང་མི་ལྕོགས་ལ། རྒྱུགས་འབྲས་ལྟ་བུའི་ཚད་གཞི་དང་ཞིབ་བཤེར་ལྟ་བུའི་སྒྲིག་སྲོལ་ཞིག་གིས་ཀྱང་དགེ་རྒན་ཞིག་གི་རིན་ཐང་གཞལ་དུ་མེད།
     མི་ལ་ལས་དགེ་རྒན་ནི་འཇིག་རྟེན་འདིར་ཆེས་ཉམས་ཆུང་བའི་ལས་གནས་ཤིག་རེད་ཟེར། དེ་ཡིན་ཡང་རུང་། མི་ལ་ལས་དགེ་རྒན་ནི་འཇིག་རྟེན་སྟེང་ཆེས་འཁོས་ཞན་གྱི་མི་དག་རེད་ཟེར། དེ་ཡིན་ཡང་རུང་། ལྷད་མེད་པའི་རང་རྒྱུད་གཙང་མ་དང་དྲི་མེད་པའི་་རང་སེམས་རྣལ་མས་ཤེས་བྱ་གླེང་ཞོར། རྒྱལ་ཁབ་གླེང་ཞོར། མི་རིགས་གླེང་ཞོར། རང་ཉིད་གླེང་ཞོར། ལོ་རྒྱུས་ཀྱི་ཆུ་གཉེར་རིང་དུ་བསྲིངས་ཞིང་མེས་པོའི་ཞབས་རྗེས་གནམ་དུ་སྤུར་པས། དགེ་རྒན་གྱིས་མི་ཚོགས་ཀྱི་གསེང་དུ་རང་ཉིད་བོར་མ་མྱོང་།  དགེ་རྒན་གྱི་ལས་གནས་དེ་བས་ཀྱང་འབོར་ཐབས་མེད།
     སློབ་རའི་ནང་རྫོངས་ཤིག་དང་སློབ་མའི་ལམ་སྟོན་ཞིག  མི་གཤིས་གསོ་བའི་སྨན་པ་ཞིག་སྟེ། དགེ་རྒན་ནི་ཁྱིམ་བདག་གི་སྙིང་དང་མིག་བཅོལ་སའི་ཆེས་ཡིད་ཆེས་ཀྱི་མི་དེ་ཡིན། ལས་འབྲས་ཚུལ་བཞིན་བརྩི་བའི་རིགས་ཀྱི་ཆེ་བ་དེ་ཡིན། སློབ་མའི་མི་ཚེ་དང་ཕུགས་བསམ་བསྐྲུན་པའི་མི་ཡི་དྭངས་མ་དེ་ཡིན། དགེ་རྒན་ཡོད་པས་འཇིག་རྟེན་རྨོངས་མ་དགོས་ཤིང་། དགེ་རྒན་ཡོད་པས་ལམ་འབྲས་འཁྱོག་མ་དགོས་སོ།།
༢༠༡༧-༩-༡༠
     མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་དགེ་མིང་ཙམ་འཛིན་པ་གང་དེས་དགེ་རྒན་དུས་ཆེན་གྱི་ཉིན་མོ་འདིར་རང་གི་དངོས་བརྒྱུད་ཀྱི་བླ་མ་དམ་པ་རྣམས་གཙོ་བྱས་པའི་སྤྱི་ཚོགས་ཀྱི་གྲུ་ག་སོ་སོ་ན་དགེ་རྒན་གྱི་ལས་གནས་སུ་འབད་འབུངས་ལྷོད་མེད་བྱེད་ཀྱིན་པའི་དགེ་རྒན་རྣམས་ལ་ཉམས་ཆུང་གི་ལས་རིགས་རླབས་ཆེན་འདིའི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་ཁ་བཏགས་དཀར་པོ་ཡུག་གཅིག་གི་ཚབ་ཏུ་ཕུལ་བ་དགེའོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...