སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཤ་བོ་རྒྱལ་གྱི《དགུ་ཆུ》ཞེས་པའི་སྙན་རྩོམ་འོས་སུ་སྦྱོར་བ།
རྩོམ་པ་པོ། ཤ་བོ་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-10-10 9:16:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
ཤ་བོ་རྒྱལ་གྱི་སྙན་ངག《དགུ་ཆུ》།

མདང་གི་རྨི་ལམ་ལས་ཧར་ལངས་བརྒྱབ་དུས
སྔས་འགྲམ་དུ་ལུས་པ་ནི་ཨ་ཕྱི་ཡི་ལྷ་སྒྲུང་ལགས
ད་དུང་སྒེའུ་ཁུང་ཕྱི་རོལ་གྱི
ལྷ་ཡི་བདུད་རྩི་ལྟ་བུའི་དགུ་ཆུ་ལགས

རི་རབ་ཀྱི་དཔུང་ཚོགས་ནི
ས་གཞི་ཡི་རྦ་རླབས་འདྲ
སྐལ་བཟང་མེ་ཏོག་འདི་ལྟར་འཐོར་བཤིག་ཏུ་གྱུར་ནའང
དཀར་ཡོལ་ནང་གི་དགུ་ཆུའི་བཏུང་བ་འདི
ཚེ་སྲོག་གི་རྩ་བ་བརླན་པར་བྱེད་པའི
བདུད་རྩིའི་དངོས་གྲུབ་དེ་རེད་ཨང

ཞི་འཇམ་གྱིས་འཕྱོ་ཞིང་དལ་དལ་དུ་འབབ་པའི
ཆུ་རྡུལ་གྱི་ཟེགས་མའི་ནང་དུ་མངོན་པའི་བྱད་བཞིན་དང་རྡོག་སྒྲ་དག
ཆང་དམ་བུ་འགའ་དང
ཇ་དཀར་ཡོལ་འགའི་འགྲོས་དང་བསྡོངས་པའི་དགའ་སྐྱོ་དེ་ཡིན་ནམ

དགུ་ཆུ། ང་གང་གི་འགྲམ་ངོགས་ནས་ནམ་རྒྱུན་ཅི་མི་སྙམ་པར་བསྐྱོད་ནའང
ཁ་བ་ལྷབ་ལྷུབ་འབབ་པའི་ཉིན་མོ་དག་ལ
གློ་བུར་དྲན་པ་ནི་དགུ་འདུས་ཀྱི་ཆུ་མོ་རང་ལགས་ཏེ
གང་གི་འབབ་རྒྱུན་ཁྲོད་འཐིམ་པའི་གནའ་བོའི་གླུ་སྒྲའོ
ཨ་ཕས་ཁྱེད་ཀྱི་འགྲམ་ངོགས་ནས་རྟ་མཆོག་ལ་ཆུ་བླུད་ཅིང

མ་ཡུམ་གྱིས་ཞིང་ཁའི་ལོ་ཏོག་གི་ཁྲོད་ནས
རྔུལ་ཆུའི་ཐིགས་པ་ས་ལ་བྲན­­
ཀྱེ། རྒྱ་ཕིབས་ཀྱིས་མཛེས་པའི་རིག་གནས་ཀྱི་མེ་ཏོག་དེ་ནི
ཁྱེད་ཀྱི་སྙིམ་པ་ནས་འཁྲུངས་ཤིང་འབུས་པའི་ཡིད་བཞིན་གྱི་ནོར་བུ་མ་ཡིན་ནམ

གང་གིས་གསོས་ཤིང་བསྐྱངས་པའི་གནའ་བོའི་རེབ་ཀོང
གལ་ཏེ་བུ་ཕྲུག་དག་ཐག་རིང་གི་རྒྱ་གྲོང་དུ་ཕྱིན་ནའང
ལུས་ཕུང་དུ་ཁྱབ་ཅིང་ཐུལ་བ་ནི
ཉིད་ཀྱི་ཡལ་ཏུ་མེད་པའི་རོ་བརྒྱ་མཆོག་ལྡན་གྱི་དྲི་བསུང་ངོ

དགུ་ཆུ། ངའི་སྙིང་ཁོང་གི་ནོར་བུ
བདག་གི་དྲན་པའི་མེ་ལོང
ཁྱེད་ནི་རེ་བས་ཁེངས་ཤིང
ཡང་མིག་ཆུས་བྲན་པའི་ཕ་ཡུལ་གྱི་ཚོན་མདངས་ལགས

གལ་ཏེ། ཆར་བ་བྲལ་ཚེ
འཇིག་རྟེན་ནི་རྒས་གཉེར་གྱིས་ཁེངས་ཤིང་རེངས་པར་འགྱུར་ངེས་པ་ཇི་བཞིན་དུ
དགུ་ཆུ་ཆད་ཚེ
ཚོན་མདངས་རྣམ་པར་བཀྲ་བའི་ཡིད་འོང་གི་རེབ་ཀོང་དེ་ཡོད་སྲིད་དམ
2016.10.23

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...