སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བསེ་ཀུན་དོང་གི་ཡུལ་སྐོར་མཐོང་ཐོས་སྣ་ཟིན་སྤུ་ཟིན།
རྩོམ་པ་པོ། བསེ་ཀུན་དོང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-7 9:33:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
རང་བྱུང་གི་བཙན་རྫོང་།
སྟོང་རི་ལྷ་མཚོ་དང་ལྷ་ལུང་སྒྲུབ་ཕུག་གི་མཐོང་ཐོས།
༡ སྟོང་རི་ལྷ་མཚོ།“孟达天池”
     ངས་སྔོན་ཆད་སྟོང་རི་ལྷ་མཚོ་དང་ལྷ་ལུང་བྲག་ཕུག་གོ་ཐོས་ཡོད་པ་མ་གཏོགས་འགྲོ་མྱོང་མེད་ལ། ལྷག་པར་དུ་སྟོང་རི་ལྷ་མཚོའི་གཟི་ཉམས་ལ་མཇལ་བའི་འདུན་པ་དྲག་པོ་ཡོད་ཀྱང་ད་ལྟའི་བར་འགྱངས་ནས་འགྲོ་མ་ཐུབ་པར་ལྷག ད་ལོ་ས་ག་ཟླ་བའི་ཚེས་བཅུ་དགུའི་ཉིན་ངེད་ཁྱིམ་མི་འཁོར་དང་བཅས་པ་ཞོགས་པ་ནས་རླངས་འཁོར་བསྐོར་ཏེ་སྟོང་རི་ལྷ་མཚོའི་ཕྱོགས་སུ་ཆས་པ་ཡིན། ཡ་རྫི་མཁར་ནས་ཕུག་ལམ་རིང་ཐུང་གསུམ་བརྒལ་ན"塔沙坡村"ཐར་ས་ཕོ་སྡེ་བ་རེད། སྡེ་བ་འདིའི་རི་ཀླུང་ཀུན་རང་བྱུང་གི་བཙན་རྫོང་ཞིག་སྟེ། གཡས་ཀྱི་ལུང་བ་ནི་སྟོང་རི་ལྷ་མཚོ་འགྲོ་ས་དང་གཡོན་གྱི་ལུང་བ་ནི"神仙洞"ལྷ་ལུང་དཔལ་རྡོར་གྱི་སྒྲུབ་ཕུག་རེད། ཐོག་མར་ང་ཚོ་སྟོང་རི་ལྷ་མཚོའི་གནས་སྐོར་གྱི་འཛིན་བྱང་ཉོ་ས་ནས་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་སྟོང་རིའི་ལ་སྐེད་ཙམ་ལ་བགྲོད་ཙ་ན། ལ་མོ་གཟར་ཞིང་ནགས་རྫུབས་ཆེ་བས་རླངས་འཁོར་གྱི་ལམ་མེད་ཅིང་ཀྱག་ཀྱོག་གི་ཤིང་གི་སྐས་རིམ་ནགས་གསེབ་ཏུ་བསྟད་འདུག་ཅིང་། སྣ་རྟ་འཛིན་མཁན་གྱི་ཟ་ལར་ཚོས་དྲེའུ་བཟུང་ནས་འགྲུལ་བ་རི་མགོར་སྐྱེལ་བའི་རུ་དཔུང་ཞིག་བཙུགས་ཤིང་ཁ་ནས་རྒྱ་སྐད་ཀྱིས"骑马五十元"རྟ་ཞོན་ནས་འགྲོ་ན་སྒོར་ལྔ་བཅུ་ཡིན་ཞེས་བར་མེད་དུ་སྒྲོག་བཞིན་ཡོད་ལ། གར་འོང་ཆ་མི་འཚལ་པའི་ཡུལ་སྐོར་བ་ཚོ་མཚར་སྣང་དང་བཅས་དྲེའུ་ལ་ཅིབས་ཏེ་ལ་མགོར་བགྲོད་མཁན་མང་དུ་མཐོང་། ཡིན་ནའང་ང་ཚོ་རྨུ་ཐག་དགུང་ལ་དཔྱངས་འདྲའི་ཤིང་སྐས་ལ་འཛེགས་ནས་རི་མགོར་སྙེག་པ་ཡིན།གཡུ་འབྲུག་གི་ཟོལ་གྱིས་འཁྱིལ་བའི་ཁུག་སོ་རེ་བརྒལ་ན་རྔུལ་ཆུ་ཆར་བ་འབབ་འབབ་བྱེད་དུ་འཇུག་ནའང་།ལྷ་མཚོའི་མཛེས་སྡུག་གི་བསླུ་བྲིད་ཐེབས་པའི་ང་ཚོས་ལ་རིང་ལ་ཐུང་སྒྲོག་གུ་བརྟོལ་བརྟོལ་བྱས་ཏེ་རི་བོའི་སྤོར་སླེབས་པ་ན། སྒྱེད་པུ་ལྟ་བུའི་ལྷུན་པོ་གསུམ་གྱི་སྐེད་པར་གཡུ་ཞུན་ལྟར་ལྟེམ་ལྟེམ་འཁྱིལ་བའི་སྟོང་རི་ལྷ་མཚོ་མཇལ་ཐུབ་ལ།ལྗོན་ཤིང་གི་གཡུ་ལོ་ཐགས་སུ་བཀྲ་བར་ཁྲ་ཆིལ་མེ་ཏོག་གི་ཕྲ་རྒྱན་བཏབས་ཤིང་འདབ་ཆགས་སྣ་ཚོགས་ཀྱི་སྐད་སྙན་བར་མེད་དུ་སྒྲོག་པས། ང་ཚོར་འཁོར་བའི་གསོག་གསོབ་ཀྱིས་བསླངས་པའི་སུན་པ་རུམ་གང་ཡོད་ཀྱང་གནས་འདིའི་ཕུན་ཚོགས་དཔལ་གྱིས་དབང་མེད་དུ་བཟི་ཞིང་ལུས་སེམས་དགའ་བདེ་འབུམ་གྱིས་ཁྱབ་པ་གདོན་མི་ཟ།
     རེད་ཡ། ངའི་ཡ་རྫིའི་མཁར་གྱི་ངོ་ཤེས་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཕ་ཡུལ་གྱི་ཆེ་བ་བརྗོད་སྐབས་སྟོང་རི་ལྷ་མཚོ་ནི་ཚིག་མགོ་ཚིག་སྟེང་ཡོངས་ལ་བཞག་ནས་ངོམ་ཅི་ཐུབ་བྱེད་མོད། ད་རེ་ང་རང་དངོས་སུ་ཡུལ་དངོས་ལ་སོང་ནས་བལྟས་ན་ལྗོངས་རྣམ་རྨད་དུ་བྱུང་བ་ཞིག་ཡིན་པ་བསྙོན་དུ་མེད་ཀྱང་། བདག་པོ་གཞན་ཡིན་པས་ཁོ་ཚོའི་ལབ་རྔ་ཕུད་པ་དང་ནོར་བུར་བདག་པོ་མི་ཐུབ་པའི་ང་ཚོའི་སྐྱོ་གར་ལ་ཡི་རེ་མུག
༢ ལྷ་ལུང་སྒྲུབ་ཕུག“神仙洞”
     སྟོང་རིའི་སྐས་ལས་བབས་ཏེ་ལེ་བར་གཅིག་གི་མཚམས་ན་ཀྱག་ཀྱོག་གི་ཤིང་སྐས་ཤིག་ནགས་རྫུབས་སུ་བསྲིངས་པའི་མདོ་ན་ཕ་བོང་ཞིག་གི་སྟེང་ལ"神仙洞"ཞེས་རྒྱ་ཡིག་གིས་ལྷ་ལུང་སྒྲུབ་ཕུག་གི་ངོ་སྤྲོད་ཐུང་ངུ་བྱས་ཡོད། ང་ཚོས་དེ་དེད་ནས་སོང་སོང་མཐར་གཡང་གཟར་གྱི་སྐེད་དུ་སླེབས་ཤིང་དར་ལྕོག་མང་པོའི་ཁུག་སོར་མི་རྒན་གཞོན་བར་གསུམ་གྱི་ལྭ་བ་དང་ཞྭ་མོ་བསྣར་བའི་གསེབ་ཏུ་བྲག་ཁུང་གསུམ་བསྟར་བ་མཐོང་ལ། བྲག་ཁུང་གི་ནང་ལ་དུད་དྲེག་ཆགས་ཏེ་ནག་པོར་མངོན་པ་ལས་ཅི་ཡང་མཐོང་རྒྱུ་མི་འདུག ང་ཚོས་བྲག་ཕུག་གི་ཐེམ་ནས་མཆོད་ཀོང་བཅུ་ཕྲག་ཅིག་ལག་སོན་བྱུང་བའི་ནང་མཆོད་མར་བླུག་ནས་མཆོད་མེ་སྒྲོན་རྗེས། ང་རང་སྒྲུབ་ཕུག་གི་ལན་ཀན་ལ་འཇུས་ཏེ་མིག་གཡེང་བྱེད་ཞོར་དུ་འདི་ལྟར་བསམ་བྱུང་། བོད་ཀྱི་ངག་རྒྱུན་ལ་ལྷ་ལུང་དཔལ་རྡོར་ནི་ལྷ་མཐུ་བོ་ཆེ་ཞིག་སྟེ། བོད་ཀྱི་ཆོས་ལུགས་སྐྱོབ་མཁན་གྱི་མི་སྣ་རླབས་ཆེན་དུ་བསྙད་ཀྱང་། ད་ལྟ་ན་གཞོན་ཚོས་ངག་ན་བོད་ཀྱི་རྒྱལ་རབས་ཀྱི་རབས་གཅོད་མཁན་གྱི་གཏེ་བོ། ཆབ་སྲིད་ཀྱི་ཉེས་ཅན་འབའ་ཞིག་ཏུ་མཐོང་། འོན་ཏང་ལོ་རྒྱུས་ཀྱི་གུང་བསྒྲིགས་ཏེ་བལྟས་ན་ཁོང་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགལ་འདུའི་ཁྲོད་ནས་ཆབ་སྲིད་ཀྱི་ལག་ཆ་ཉིད་དུ་སྲིད། ཆོས་དངོས་གང་ཞིག་ཡིན་ཡང་དར་བའི་རྩེ་མོ་ནས་རྒུད་པའི་ཕྱོགས་སུ་འགྲོ་བ་ཆོས་ཉིད་ཡིན་པས། ཁོ་རང་མེ་སྟ་བྱས་ཏེ་བཙན་པོའི་རྒྱལ་རབས་གས་གཏོར་བཏང་བ་བསྙོན་དུ་མེད་པར་བསམ་ཞིང་། ཁོ་རང་འདི་འདྲའི་མི་མེད་གཡང་གཟར་ཞིག་ནས་མི་ཚེ་སྐྱེལ་ཐུབ་པའི་སྙིང་སྟོབས་ལ་ཡི་རངས་ཤོར་བྱུང་།
     གང་ལྟར་གནས་འདི་ནི་རྣལ་འབྱོར་བའི་བསྟི་གནས་མཆོག་ཏུ་གྱུར་བ་ཞིག་ཡིན་པ་མ་ཟད། ཉེས་ཅན་སྐོང་ས་ཕུལ་དུ་བྱུང་བ་ཞིག་ཡིན་པ་སྨྲ་ཅི་དགོས། ད་ལྟ་ཚན་རིག་གི་དུས་རབས་ལའང་བསླངས་ལ་འབུད་དཀའ།
རྨ་ཡུལ་ཁྲི་ཀའི་མཐོང་ཐོས་ཅལ་ཅོལ་མ།
ཁག་དང་པོ།
ཁྲི་ཀར་ཇོ་མཇལ་ལན་གཅིག
     ཕྱི་ལོ2018ལོའི་དབྱར་ཟླ་ར་བར་མཚོ་ལྷོ་ཁུལ་སློབ་གསོ་ཅུས་རྩ་འཛུགས་བྱས་པའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གསོ་སྦྱོང་འཛིན་གྲྭ་ཞིག་ཁྲི་ཀའི་རྨ་འགྲམ་སློབ་ཆུང(河阴小学)ནས་བསྡུས།
     ང་རང་གསོ་སྦྱོང་འཛིན་གྲྭ་ཞུགས་པའི་གླེགས་འདི་དང་བསྟུན་ནས་ཁྲི་ཀའི་མི་འགྱུར་རྟེན་གསུམ་ལ་མཇལ་བའི་འདུན་པ་ཞིག་དབང་མེད་དུ་སྐྱེས་ཤིང་། ཐོག་མར་ཁྲི་ཀའི་ཇོ་ཇོ་ལྷ་ཁང་དུ་བསྐྱོད་པ་ཡིན།
     ལྷ་ཁང་སྒོ་ཁར་མི་རེ་གཉིས་ཀྱིས་སྐད་མཐོན་པོས་འུར་རྒྱག་བཞིན་པ་ནི་བཟའ་འཁོན་རྒྱག་པའི་ཁྱིམ་ཚང་ཞིག་རེད། བསྐོར་ལམ་དུ་གཞོན་ནུ་གཉིས་ཀྱིས་དབང་བོ་སྐྱོན་ཅན་གྱི་འདེད་འཁོར་ཞིག་འདྲུད་པའི་ནང་དུ་རྒན་པོ་ལོ་ན་ཧ་ཅང་བགྲེས་པ་ཞིག་སྐྱོར་ནས་ལྷ་ཁང་དུ་འགྲོ་བཞིན་པ་ནི་ཁོང་ཚང་གི་སྤོ་བོ་ཡིན་ཚོད་འདུག ང་རང་ལྷ་ཁང་དུ་འཛུལ་ནས་ཕྱག་གསུམ་འཚལ་རྗེས་མཆོད་མེ་སྐོང་འབྲིང་གསུམ་བསྒྲོན་ཏེ་གསོལ་བ་འདེབས་ཞོར་ཡར་དགྱེས་པ་ན་ཇོ་བོ་ཡིད་བཞིན་ནོར་བུའི་ཞལ་རས་ཝ་ལར་ཤར་ཞིང་ཡིད་སེམས་འཁྲེང་ནས་འབྲུ་ཡང་མི་འཁྲོལ་བར་མིག་མཐའ་མཆི་མས་བརླན་འོང་། སྟབས་ལེགས་པ་ཞིག་ལ་མཇལ་བ་སྐོར་ཞིག་ཕྲེང་སྒྲིག་ཅིང་དཀོར་གཉེར་ཨ་ཁུས་རྟེན་བཤད་དང་སྨོན་ལམ་གསུང་བཞིན་འདུག་པ་དང་འཕྲད། བདག་གིས་ཀྱང་སྐྱབས་འཇུག་གི་སྨོན་ལམ་ཤོག་ངོས་སུ་ཕབ་ནས་ཞུ་རྟེན་དང་བཅས་ཨ་ཁུར་འབུལ་པ་ཡིན།  
     ཨ་ཁུས་བུས་ཕ་ལ་ཞུ་བ་ཇི་བཞིན་ཁ་བརྡའི་ལམ་ནས་གོ་རིམ་ཡོད་ཅིང་མ་ཆད་མ་ལུས་པར་མཇལ་བ་རེ་རེའི་རེ་འདོད་ལྟར་ཁྱིམ་ཚང་བསྡུམས་པ་དང་ཚོང་ལས་དར་བ། རྒྱུགས་ཆེ་འབྲིང་ཆུང་གསུམ་གྱི་སྐར་འབྲས་ལོན་པ།མི་ལ་ན་ཚ་མེད་ཅིང་ཕྱུགས་ལ་གོད་ཁ་མེད་པ། ནམ་ཚ་ལེགས་ཤིང་ལོ་ལེགས་འབྱུང་བ་སོགས་ཚེ་འདིའི་བར་ཆད་ཞི་བ་དང་སྐྱེ་སྒོ་གཏད་པ་དང་ཕྱི་མ་ངན་སོང་དུ་མི་ལྟུང་ཞིང་ཞིང་མཆོག་གང་དུ་སྐྱེས་བར་སྐྱབས་འཇུག་ཞུ་སྟངས་འདིས་མཇལ་བ་གང་གི་དད་པའི་སྤུ་ལོང་མི་གཡོ་བ་ཞིག་ཡོད་མི་སྲིད།
     གོ་ཐོས་ལྟར་ན་ལྷ་ལྡན་ཇོ་བོ་དང་བྱིན་རླབས་མཉམ་པར་གྲགས་པའི་ཁྲི་ཀའི་ཇོ་བོ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་རབ་རྒྱལ་ལྕགས་རྟའི་ཐ་སྐར་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོའི་ཤཱཀྱའི་རྒྱལ་པོ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཅན་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པ་ཅན་ལྟ་བས་ཆོག་མི་ཤེས་པ་ལེགས་པར་གྲུབ། རྗེ་དགེ་འདུན་ལེགས་བཤད་བསྟན་པ་རྒྱ་མཚོ་ཉིད་ཀྱིས་རྡོ་རྗེ་སློབ་དཔོན་མཛད་དེ་དགེ་འདུན་བཅུ་ཕྲག་ཟུང་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་ཞི་རྒྱས་སྦྱིན་བསྲེག་དང་བཅས་སྦྱོར་དངོས་འཇུག་གསུམ་ཐམས་ཅད་དམ་པ་གོང་མའི་ཕྱག་བཞེས་བཞིན་མཛད་པར་གྲགས། 
རྨ་ཡུལ་ཁྲི་ཀའི་མཐོང་ཐོས་ཅལ་ཅོལ་མ།
ཁག་གཉིས་པ།
མི་ཉག་མཆོད་རྟེན་ལ་མཇལ་བ།
     ང་རང་གླ་གཏོང་རླངས་འཁོར་ལས་བབས་ནས་མདུན་དུ་གོམ་པ་འགའ་སྤོས་པ་ན་ཁྲི་ཀའི་རྨ་ཆུའི་འགྲམ་ངོགས་སུ་ཀྲོང་ངེ་འགྱིང་བའི་མཆོད་རྟེན་ཞིག་མཐོང་ཐུབ་ཅིང་། ན་འདམ་གྱི་སྟེང་ལ་ཤིང་སྐེ་གྱ་གྱུར་མཁྱིད་ནས་མཆོད་རྟེན་གྱི་མདུན་སྒོར་འཐེན་འདུག  བདག་ཤིང་གི་ལན་ཀན་ལ་འཇུས་ཏེ་མི་ཉག་མཆོད་རྟེན་གྱི་ཚོམས་ཆེན་ནས་དད་པའི་ཕྱག་གསུམ་འཚལ་ཞིང་མཆོད་མེ་འབྲིང་བ་གསུམ་བསྒྲོན་ཞོར་སྐྱབས་འཇུག་དང་སྨོན་ལམ་འདེབས་པའི་སྐབས་དེར། ལྷ་ཁང་གི་འུར་སྒྲ་ཇེ་ཆེར་སོང་ཡང་མི་མང་བོ་ཞིག་མཐོང་རྒྱུ་མ་བྱུང་། ང་རང་མཚར་ཉམས་ཀྱིས་ཕྱོགས་ཕྱོགས་སུ་བལྟས་ཀྱང་སྔར་བཞིན་ཅི་ཡང་མཐོང་མ་ཐུབ། མཚམས་ཤིག་ལ་སྣེ་ཤན་པ་ཞིག་གིས་རྒྱ་རྒྱ་མོ་སྐོར་ཞིག་འཁྲིད་ནས་མཆོད་རྟེན་གྱི་ནང་སྐས་ལས་བབས་ཏེ། རྒྱ་སྐད་ཀྱིས"མི་ཉག་མཆོད་རྟེན་ཞེས་པ་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་མངའ་ཁོངས་ཀྱི་མཆོད་རྟེན་ཞིག་ཡིན་ལ། རྨ་སྲིབ་གྲོང་རྡལ་གྱི་ཁོངས་གཏོགས་ཁྲིན་པེ(མཁར་བྱང)སྡེ་བའི་བྱང་ཕྱོགས་ཀྱི་རྨ་འགྲམ་དུ་ཡོད་དེ། འདི་ནི་ཁྲི་ཀ་ས་ཆའི་བྱིན་རླབས་ཅན་གྱི་རྟེན་བཞིའི(མཆོད་རྟེན་འདི་དང་། གདོང་སྣའི་ཐུགས་རྗེ་ཆེན་པོ། ཇོ་ཇོ་ལྷ་ཁང་། ལྷ་དཀར་བོ་བཅས)ནང་གི་གཅིག་ཡིན་ལ། མཚོ་སྔོན་གྱི་མཆོད་རྟེན་ཨང་དང་པོར་ཡང་བསྔགས་ཀྱིན་ཡོད།ངག་རྒྱུན་ལྟར་ན། མཆོད་རྟེན་འདི་ནི་བོད་བཙན་པོའི་རྒྱལ་རིང་ཞེ་གཅིག་པ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་མདོ་སྨད་དུ་དམག་དོན་གཟིགས་ཞིབ་ལ་ཕེབས་དུས། ཉིད་ཀྱི་དབུ་རལ་གཟུངས་གཞུག་ཏུ་ཕུལ་ནས་བཞེངས་པ་ཞིག་ཡིན་པར་མ་ཟད། དུས་ཕྱིས་ས་སྐྱ་པཎ་ཊི་ཏ་ཀུན་དགའ་རྒྱལ་མཚན་མཆོག(1182-1251)ཧོར་རྒྱལ་ཨོ་གོ་ཏའི་སྲས་ཆུང་བ་གོ་དན་གྱིས་གདན་དྲངས་པ་བཞིན་ལང་ཇུ(ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཝུའུ་ཝེ་ས་ཆ)ལ་ཕེབས་པའི་ལམ་བར་དུ་གནས་འདིར་ཕེབས་ཏེ་ཆེད་དུ་རབ་གནས་མཛད་མྱོང་བ་ཞིག་ཡིན་པར་གསུངས། མཆོད་རྟེན་འདིའི་ཉེ་གམ་དུ་མི་ཉག་བློ་གྲོས་དར་རྒྱས(1675—1754)ཞུ་བས་ཕྱག་འདེབས་གནངས་པའི་རི་བོ་དགེ་ལྡན་པའི་དགོན་པ་མི་ཉག་དགོན་བཀྲ་ཤིས་ཆོས་འཕེལ་གླིང་ཞེས་པ་ཡོད"ཅེས་མཚམས་སྦྱོར་གནང་བྱུང་།
     ང་རང་མཆོད་རྟེན་གི་སྟེང་ལ་འཛེགས་མ་བཟོད་པར་སྐོར་ལམ་གྱི་མ་ཎི་བསྐོར་ནས་སྐོར་བ་ལན་གསུམ་རྒྱབ་རྗེས་མི་ཉག་མཆོད་རྟེན་གྱི་རྟེན་བཤད་རྡོ་རིང་བཙལ་ཞོར་སྒོར་བུད་པ་ན་གྲྭ་བ་ཞིག་དང་འཕྲད་བྱུང་། བདག་གིས་ཨ་ཁུར་མཆོད་རྟེན་འདིའི་ནང་རྟེན་མཚམས་སྦྱོར་གང་ན་ཡོད་པར་དྲིས་ཀྱང་ཨ་ཁུས་མཚམས་སྦྱོར་བྱང་བུ་གཞི་ནས་མེད་པར་གསུངས་བྱུང་བས་བདག་ལ་སྔམ་པ་རིང་བོ་ཞིག་དབང་མེད་དུ་ཤོར།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...