སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་ཆེན་མི་རིགས་སློབ་འབྲིང་གི་སློབ་གཙོ་གཡུང་དྲུང་བསྟན་པས་མཚོ་སྔོན་པོའི་དྲ་བར་ཕུལ་བའི་སྙན་ངག་ཁག་བཞི།
རྩོམ་པ་པོ། གཡུང་དྲུང་བསྟན་པ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-11-7 11:02:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
དབྱར་དུས་ཀྱི་མཚོ་སྔོན་པོ།
        ཆུ་འཛིན་དཀར་བོའི་འདུ་འགོད་གར་དུ་རྩེན།།
        གཡུ་ལྗང་ལོ་མས་འཛིན་མ་གདན་དུ་བཀོད།།
        མཚོ་ངོགས་གཡང་དཀར་མུ་ཏིག་བསྟར་ལ་བརྒྱུས།།
        དྭངས་གཙང་མཚོ་མོ་བེེཊྰུ་ཕྱིས་པ་བཞིན།།
        དེ་ཀུན་ས་འཛིན་སྒེག་མོའི་རྒྱན་དུ་མངོན།།
དགུན་དུས་ཀྱི་མཚོ་སྔོན་པོ།
        གྲང་འཁྱགས་ཁ་བས་ལྷུན་པོའི་དབུ་རྩེ་བཀླུབས།།
        རླུང་ཆེན་དྲག་པོའི་འུར་སྒྲས་རྣ་བར་གཟན།།
        མཚོ་མོའི་རླབས་རྒྱུན་ཆབ་རོམ་སྦུབས་སུ་ཞུགས།།
        དྭངས་གཙང་ཆུ་ཤེལ་མཚར་སྡུག་མངོན་པར་བཀྲ།
        དེ་ཀུན་གོ་ལ་ཟླུམ་པོའི་གཤིས་སུ་གྲུབ།།
སྟོན་དུས་ཀྱི་མཚོ་སྔོན་པོ།
        མཚོ་མོའི་རླབས་དང་འགྲོགས་པའི་བསིལ་རླུང་གིས།།
        གསེར་མདོག་རྒྱས་པའི་སྡོང་ལོ་བྱིངས་ཐང་རྒྱུ།།
        གྲང་ངར་འཇིགས་པའི་སྲོག་ཆགས་གྲངས་མང་ཞིག།།
        དགུན་ཉལ་ལས་ལ་སྟ་གོན་ཀུན་ནས་བྲེལ།།
        དེ་ཀུན་རང་བྱུང་འཇིག་རྟེན་ཆོས་སུ་གྲུབ།།
དཔྱིད་དུས་ཀྱི་མཚོ་སྔོན་པོ།
        ཁོ་ར་ཁོར་ཡུག་ལྗང་མྱུག་གསར་དུ་འབུས།།
        ཁྲི་ཤོར་རྒྱལ་མོ་ཆབ་རོམ་གུར་ལས་འཕྱོ།།
        དགུན་ཉལ་སྐྱེ་རྒུས་མགོ་བོ་གྱེན་དུ་བཏེགས།།
        སེམས་ཅན་དགའ་བའི་འཛུམ་མདངས་མངོན་པར་གསལ།།
        དེ་ཀུན་སྣོད་བཅུད་ཡངས་པོའི་གཤིས་སུ་གྲུབ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...