སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གཅིག་དང་བཞི།
རྩོམ་པ་པོ། སྙིང་མོ་སྐྱིད། རྩོམ་སྒྲིག་པ། Michung དུས་ཚོད། 2018-11-20 8:44:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
                                                                                                                                                                                                                 འཇམ་དབྱངས་ཚེ་རིང་གིས་བརྩམས། 
                                                                                       སྙིང་མོ་སྐྱིད་ཀྱིས་བསྒྱུར།
     གློ་བུར་དུ་སྒོ་རྡུང་བའི་སྒྲ་ཚབ་ཚུབ་ཅིག་མཆེད་པ་ཐོས་བྱུང་། སྐབས་དེར་ང་རང་ཅོག་ཙེ་སྟེང་ཁ་སྦུབ་ཏུ་ཉལ་ནས་བསྡད་ཡོད། སྒོ་རྡུང་བའི་སྒྲ་དེ་ནི་དངོས་གནས་ཡོང་སྐབས་འགྲིག་འདུག ཏུང་ཏུང་ཏུང་། ཤྭ་བ་སེར་ཆེན་ཞིག་ཁང་ཀླད་ནས་མཆོང་བཞིན་རྒྱུགས་པ་དང་ཡོངས་སུ་མཚུངས། ངས་གཉིད་ནས་རབ་རིབ་ཏུ་གྱུར་བའི་མིག་ཕུར་བཞིན། ཡོང་གི་ཡོད། ཡོང་གི་ཡོད་ཞེས་བཤད། སྒོ་ཕྱེ་བ་ན། མི་ཞིག་གིས་ཚུར་གཏད་ནས་འཕུར་འོངས་བའི་ཁ་བ་ངའི་རུམ་དུ་བརྫངས་བྱུང་། 
     ཕྱི་རོལ་ཏུ་ཁ་བ་ལྷབ་ལྷུབ་འབབ་ཀྱིན་འདུགདེ་ནི་གནམ་རྒན་མས་ངའི་བཟའ་འཐོར་ཆིངས་ཡིག་སིལ་བུར་གཤགས་པ་འདྲ། སྔོན་དེར། གྲོང་ཚོའི་ནང་གི་མི་རྐྱང་ཀུན་པོ་ཡང་ངའི་ཁང་བའི་ནང་བསླེབས་བྱུང་། ཁང་བའི་ནང་གི་ལྕགས་ཐབ་ཏུ་རྡོ་སོལ་ནི་འུར་འུར་དུ་འབར་བཞིན་འདུག མི་རྐྱང་རྒད་པོས་ཞྭ་མོ་ཕུད་ནས་དེའི་སྟེང་གི་ཁ་བ་སྤྲུགས་ཙམ་བྱས་བྱུང་། ཁོས་ཁངས་འདི་འབབ་ཤུགས་ཆེ་ཚུལ་ལ་བལྟས་ན་ལམ་ཕལ་ཆེར་བཀག་ཡོད་རྒྱུ་རེད། རྫོང་མཁར་དུ་ཐེངས་གཅིག་འགྲོ་འདོད་ཀྱང་དཀའ་མོ་རེད་ཞེས་གནམ་རྒན་མར་སྡིགས་ཞོར་དུ། འཁྱག་ནས་དམར་པོར་གྱུར་བའི་ལག་ཟུང་ལྕགས་ཐབ་སྟེང་བསྲིངས་བྱུང་། ངས་རླངས་པ་ཐལ་ཐོལ་བྱེད་པའི་ཁོའི་ལག་པར་བལྟ་བཞིན། དེ་ནི་ཁོལ་ཚགས་ནང་གི་གོ་རེ་མོག་མོག་རླངས་བཙོས་བྱེད་པ་དང་ཀུན་ནས་མཚུངས་ཨང་སྙམ་བྱུང་། ག་ལེར། ཁོའི་སྐེ་ནས་ཀྱང་རླངས་པ་འཕྱུར་བྱུང་། དེ་ནི་ལུས་ཧྲིལ་བོ་ལྕགས་ཐབ་ཀྱི་མེར་བསྲོས་པའི་དབང་གིས་ཕུང་བོ་སྟེང་གི་ཆུའི་འདུས་ཚད་བྲི་བཞིན་པ་དང་འདྲ། 
     ཀུན་པོའི་ལུས་དྲོས་པ་དང་ཁ་ཡང་དྲོས་པ་བཞིན་སྔར་ལས་སྨྲ་ལྕེ་བདེ་བར་གྱུར། ཁོས་ང་ལ་“ནགས་སྲུང་པ། ཁྱོད་ཀྱི་ས་ཁང་འདིས་ལྷགས་པ་ཡག་པོར་འགོག་ཐུབ་འདུག ནགས་ཚལ་འདི་སྲུང་ན་ཟླ་གཅིག་ལ་དངུལ་ག་ཚོད་ལེན་ཐུབ”ཞེས་དྲིས་བྱུང་།
     ངས་དགུན་ལྭ་གཡང་ཤམ་བྱས་པ་དང་དབུགས་རིང་ནར་ནར་ཞིག་བཏང་། “ག་ཚོད་ལེན་ཐུབ་རྒྱུ། སྟོང་གཉིས་ཀྱང་མེད།”
     ཀུན་པོས་སྐད་ཆ་དེ་ཐོས་པ་དང་ཡིད་ཚིམ་པའི་ངང་མགོ་ལྕོག་ལྡེམ་ལྡེམ་བྱེད། ངས་སྦ་གསང་ཅི་ཡང་མ་བྱས་པ་ལ་ཁོ་རང་ཅུང་ཟད་མོས་འདུག འོན་ཀྱང་ཀུན་པོ་ཁོ་ནགས་ཚལ་དུ་ཅི་བྱེད་དུ་འོངས་བ་ཡིན་ནམ། དོགས་ཟོན་དེ་ངའི་ཀླད་པའི་ནང་དྲིལ་བརྡ་བཞིན་ངང་གིས་གྲགས་བྱུང་། ཏིང་ལིང་ལིང་ལིང་། དྲིལ་སྐད་ཤིན་ཏུ་མཐོ། སྐད་ཅིག་མ་དེར། ངས་རང་གི་ངོ་གདོང་གི་འགྱུར་བག་དེས་ཁོ་རང་མིག་ཅེར་ནས་ཁ་གདངས་སུ་འཇུག་སྲིད་པ་སྔོན་ནས་ཤེས་ཡོད། “ནགས་སྲུང་པ། ཅི་བྱུང་སོང་། ཅི་བྱུང་སོང་། ཁྱོད་ཀྱིས་ང་ལ་འདི་ལྟར་བལྟ་དོན་ཅི། ”
     ངས་ཧ་ལམ་སྐར་མ་གསུམ་ལ་ཁོར་ཕུར་ཚུགས་སུ་ཅེར་བ་ན། ཀུན་པོས་ཐོལ་བྱུང་དུ་སྐད་བརྒྱབ་བྱུང་སྟེ“ང་ལ་འདི་ལྟར་མ་བལྟ། ངས་ཡང་སྙིང་ཁྱོད་ལ་ཅི་བྱས་སོང་”ཟེར།
     ཀུན་པོས་ཤུགས་ཟད་རག་བར་སྐད་ཅོར་བརྒྱབ། དེས་ལྕགས་ཐབ་ནང་གི་མེ་འུར་འུར་དུ་འབར་རུ་བཅུག་བྱུང་བ་འདྲ། 
     “ཁྱོད་ནགས་ཁུལ་དུ་ཅི་བྱེད་དུ་འོངས་བ་ཡིན།”ངས་གཞི་ནས་དྲི་བ་བཏོན།
     “གྲོང་ཚོ་ནས་ས་འདིར་ཡོང་བར་ཆུ་ཚོད་གསུམ་དགོས། ཁྱོད་ཀྱིས་ཆུ་ཚོད་གསུམ་བློས་བཏང་བ་ནི་ང་བལྟ་ཆེད་ཡིན་མ་ཟེར་རོགས། ང་རང་རློམ་མི་སྲིད། ”
     ཀུན་པོས་དཀར་མིག་ལང་ལོང་གིས་བཤད་རྒྱུར། “སུས་ང་རང་ཁྱོད་བཙལ་དུ་འོངས་བ་མ་རེད་ཟེར། ངས་ཁྱོད་ལ་དོན་དག་ཅིག་བཤད་དགོས། གལ་ཏེ་ཁྱོད་རང་ཉན་འདོད་མེད་ན་ང་རང་ཕྱིར་ལོག་ཆོག”ཟེར། 
     ངས་དཔུང་པ་གཉིས་ཀ་བརྐྱངས་ནས་ཁོ་རང་བཀག  “ཁྱོད་རང་ནགས་ཤིང་རྐུ་བར་འོངས་བ་མིན་ནམ།”
     ཀུན་པོས་མིག་ཆེར་བགྲད་ནས་“ཁྱོད་ཀྱི་ཆུང་མ་ཁྱོད་དང་བཟའ་འཐོར་བྱེད་འདོད་པ་ཡང་ཁག་མི་འདུག ངས་སེམས་བཟང་བཅངས་ནས་ཁྱོད་བཙལ་དུ་ཡོང་ན། ཁྱོད་ནི་དེ་ལས་ལྡོག་སྟེ་ང་ལ་དོགས་པ་ཟ”ཟེར། 
     ཀུན་པོ་ཁྲོ་འཚུབ་འཚུབ་ངང་ལྕགས་ཐབ་ཀྱི་རྩིབས་ནས་ཡར་ལངས་ཏེ་ཐོན་རྩིས་བྱས་བྱུང་། སྒོའི་གཏན་ཤིང་བརྒྱབ་པ་དང་། ང་རང་སླར་སྒྲོག་ཙེའི་མདུན་དུ་ཙོག་ནས་རི་སྐོར་ཉིན་ཐོའི་སྟེང་ཡི་གེ་སྣོན་མགོ་བརྩམས། ངས་ཟླ་ཚེས་དང་གནམ་གཤིས་ཀྱི་གནས་ཚུལ་རྣམས་བཀོད་རྗེས། བོད་ཡིག་གི་ལམ་ནས་འདི་ལྟར་བྲིས་པ་སྟེ། ཀུན་པོ་གཅིག་པུ་ནགས་གསེང་དུ་དོན་མེད་ངང་གཡེང་བཞིན་འདུག་པས་དོགས་པ་ཟ་དགོས་ངེས་ཤིག་འདུག དེ་རིང་ཉིན་གང་ཁ་བ་བབས་པས་ང་རང་རིིར་སྐོར་བ་རྒྱག་ཏུ་མ་སོང་། ཡིན་ནའང་འདི་ལྟར་ཇི་མ་ཇི་བཞིན་དུ་འབྲི་མི་རུང་བས། ངས་ཁ་བ་འབབ་དུས་ལམ་ནས་ཤུད་འགྲོ་བས་ས་ཆ་ལ་ལ་ཞིག་ལ་སྐོར་བ་བྱེད་མ་ཐུབ། གལ་ཏེ་དེ་རིང་ནགས་ཤིང་རྐུ་བའི་དོན་དག་ཅིག་བྱུང་ཚེ། ཀུན་པོ་ནི་ངས་ཐོག་དང་པོར་དོགས་པ་ཟ་ས་དེ་ཡིན་ཞེས་བྲིས་པ་ཡིན། ལྟོས་དང་། ང་ནི་ཇི་འདྲའི་མི་གཞུང་དྲང་ཞིག་རེད་ཨང་། ངས་སྐད་ཆ་འདི་དག་ཡིག་ངོར་ཕབ་རྗེས་སོལ་རྒྱུ་སྨྱུ་གུ་ཉིན་ཐོའི་སྟེང་གཡུག་ནས་ཀུན་པོར་བལྟས་པ་ན། ཁོས་སྒོའི་གཏན་ཤིང་ཕྱེས་ནས་ཕྱིན་ཚར་འདུག་ཅིང་། ལྷགས་པ་གྲང་མོ་ཞིག་གིས་སྒོ་ཕར་གཡུགས་ཚུར་གཡུགས་བྱས་ནས་ཁྲོག་སྒྲ་གྲགས་བཞིན་འདུག ངས་ལམ་སེང་སྒོ་བརྒྱབ་རྗེས། ལྕགས་ཐབ་ཏུ་རྡོ་སོལ་འགའ་བསྣན། དེ་ནས་སླར་སྒྲོག་ཙེའི་མདུན་དུ་ཙོག་སྟེ། ཀུན་པོས་ང་བཙལ་ནས་དོན་དག་ཅི་ཞིག་ཡོད་པར་བསམ་བློ་བཏང་།
     བསམ་བློ་གཏོང་བཞིན་གཏོང་བཞིན་ང་རང་གཉིད་དུ་ཡུར་སོང་།
     ངས་རྨི་ལམ་ཞིག་རྨིས་བྱུང་། རྨི་ལམ་དུ་ཤྭ་བ་སེར་ཆེན་ཞིག་ནགས་གསེབ་དུ་འགྲོ་བཞིན་འདུག ལྷབ་ལྷུབ་ཏུ་འབབ་པའི་ཁ་བ་ནི་ཡེ་ནས་འབབ་མཚམས་འཇོག་འདོད་མི་འདུག ཤྭ་བ་སེར་ཆེན་ཁ་བའི་ཁྲོད་ཀྱི་ཡལ་ག་སྐམ་པོའི་སྟེང་སྤོས་པ་ན། ཡལ་ག་སྐམ་པོ་ནི་སྐག་སྒྲ་དང་བཅས་ངའི་རྣ་ལམ་ནས་ཆག་སོང་། སྒྲ་དེ་ཧ་ཅང་གསལ། ཤྭ་བ་སེར་ཆེན་གྱིས་སྒྲ་དེ་ཐོས་མ་ཐག་དོགས་ཟོན་དང་བཅས་སྐད་ཅིག་བརྒྱབ་སོང་། ཡང་བསྐྱར་སྐད་ཅིག་བརྒྱབ་པ་དང་ཏུང་ཏུང་ཏུང་ཏུང་ཞེས་རྒྱུགས་མགོ་བརྩམས། དེ་མུར། སྔར་གྱི་སྣང་ཚུལ་མགོ་མ་དེ་སླར་ཡང་བྱུང་སོང་། ང་རང་གཉིས་ལས་སད་ནས་སྒོ་ཕྱེ་བའི་སྐད་ཅིག་མ་དེར་མི་ཞིག་གིས་ང་རང་ཕུད་རྒྱག་ཅིག་བྱས་བྱུང་། ངས་བྲང་ཁར་ན་ཟུག་ལངས་པ་ཚོར་བྱུང་བ་མ་ཟད། ནང་དུ་འཕུར་འོངས་བའི་ཁ་བའི་འདབ་མ་ངའི་ངོ་གདོང་དུ་ལྷུང་བའང་ཚོར་བྱུང་།
     ངས་སྒོ་བརྒྱབ་པ་དང་གདོང་གི་ཞུ་ཟིན་པའི་གངས་མ་ཆར་དེ་ཕྱིས། དེ་རྗེས་སྒོ་ཁར་ལངས་ནས་ལྕགས་ཐབ་འགྲམ་གྱི་རྐུབ་བཀྱག་སྟེང་བསྡད་ཡོད་པའི་མི་དེར་བལྟས། ཁོ་ནི་ཕོ་ལོ་སུམ་ཅུར་སོན་པ་ཞིག་ཡིན་ཞིང་། རྒྱབ་ཏུ་མེ་མདའ་རིང་པོ་ཞིག་འཁུར་ཡོད། མདའ་ཁ་མར་ས་ངོས་སུ་གཏད་འདུག་ཅིང་། ཁོག་སྟོད་དུ་ཀོ་ལྭ་བཙིར་དོག་ཅིག་གྱོན་འདུག ཀོ་ལྭའི་གོང་བ་ནི་འཁྱག་པ་ཐེབས་པ་བཞིན་ཡར་དྲང་མོར་བརྩེངས་འདུག ད་དུང་སྐེ་རུ་དྲ་མིག་ཅན་གྱི་སྐེ་དཀྲིས་ཅིག་གང་དགར་དཀྲིས་འདུག ལྕགས་ཐབ་ནང་གི་མེ་དྲོད་ཀྱིས་སྐྲའི་སྟེང་གི་ཁ་བ་ལམ་སེང་ཞུ་རུ་བཅུག་སོང་། ཆུ་ཐིགས་ནི་དཔྲལ་བར་སྦྱར་བའི་སྐྲ་རྩེ་བརྒྱུད་ནས་ཁོའི་ངོ་གདོང་དུ་ཟགས་བྱུང་། མི་དེར་བློ་བཀོད་པ་ཡོད་དེ། ཁོས་སྐེ་དཀྲིས་བླངས་ནས་ངོ་གདོང་དང་མགོ་སྐྲ་ཕྱི་ཙམ་བྱས་རྗེས། སླར་ཡང་ཕྱིར་སྐེ་རུ་དཀྲིས། ཐེངས་འདིར་སྐེ་རློན་པ་དེར་གང་དགར་དཀྲིས་པ་མིན་པར། དཀྲིས་པ་ཧ་ཅང་རན་ཞིང་འཚམ་པས། སྐེ་དཀྲིས་དེས་བལྟས་ཚོད་དུ་ཁོ་ནི་ཡོང་ཁུངས་ཡོད་པའི་མི་ངོ་ཆེན་ཞིག་ཏུ་བཏང་སོང་། 
     ཁོའི་མེ་མདའ་ནི་རི་དྭགས་རྔོན་པར་རྒྱུན་བཀོལ་བྱེད་པའི་ཕྱེད་འགུལ་ཅན་ཞིག་རེད། ངས་ཁ་གྲགས་མ་ཕོད་ཀྱང་སེམས་ནས་མི་འདི་ཁངས་ཆེན་འབབ་པའི་ཉིན་འདི་འདྲ་ཞིག་ལ་ནགས་ཁུལ་དུ་ཡོང་དོན་ཅི་ཡིན་ནམ་སྙམ་བྱུང་། ངས་རང་གིས་མཆིལ་མ་མིད་པའི་སྒྲ་ཐོས་བྱུང་། ཕལ་ཆེར་ང་རང་དངངས་སྐྲག་སྐྱེས་པ་འདྲ། ང་ལ་ཞན་ཆ་ཞིག་ཡོད་དེ། དངངས་སྐྲག་སྐྱེས་དུས་རང་དབང་མེད་པར་མཆིལ་མ་མིད་ངེས། མི་དེས་ཁུག་མས་བཀང་བའི་དམག་སྤྱོད་དོར་མ་ནས་་་་་་་ཁྲོམ་ར་ན་རྒྱུན་པར་འཚོང་བའི་ཨ་རིའི་ཚོང་ཟོག་རྫུན་མ་་་་་ཕྱི་རུ་འདོན་བཞིན་འདུག ཁོས་ཁུག་མ་ལས་ལག་ཁྱེར་ཁ་པར་ཅིག་ཕྱིར་ཕྱུང་སོང་། ཁ་པར་ནག་ལྟིག་དེ་ཁངས་ཆེན་འབབ་པའི་གནམ་གཤིས་འདི་འདྲར་ཟས་མི་ཆོག་ལ་བཀོལ་ཡང་མི་ཐུབ་པ་ཁོས་ཧ་ལམ་ཤེས་མེད་པ་འདྲ་སྟེ། ཁོས་ཏུས་ཏུས་ཏ་ཏའི་ངང་ཨང་གྲངས་ཁྱུ་གཅིག་མནན་རྗེས་བརྡ་རྟགས་མི་འདུག ཁོ་བློ་ཕམ་པ་འདྲ་སྟེ་ཁ་པར་ཕྱིར་བཅུག་སོང་། མེ་མདའ་མར་བླངས་ནས་ལག་པར་འཕྲེད་དུ་བཅངས་རྗེས།  ཁོས་ང་ལ་“ཟ་རྒྱུ་ཡོད་དམ”ཞེས་དྲིས། “ཡོད།  ལོས་ཡོད།” ངས་ཞོག་ཁོག་བཙོས་མ་དང་མོག་མོག་བཏོན་པ་ན། ཁོས་མ་མགལ་བཀྱགས་ནས་ང་ལ་སྒྲོག་ཙེའི་སྟེང་གི་ཇ་ཕོར་ནང་ཇ་ལྡུག་དགོས་པའི་བརྡ་བསྟན། སེམས་ནས་མི་འཐད་རུང་ངས་ཁ་ནས་ཅི་ཡང་བཤད་མ་ཕོད། རྒྱུ་མཚན་ནི་ཁོའི་ལག་ཏུ་མེ་མདའ་ཡོད་ཅིང་ང་ལ་ཅི་ཡང་མེད། སུས་ནགས་སྲུང་བར་མེ་མདའ་སྤྲད་ཡོད་ཟེར། དེ་ནི་རྫུན་གཏམ་ཁོ་ན་ལས་མ་འདས།
     ཁོས་དྲི་བ་བཏོན་དུས། ངས་སེམས་ཆུང་ངང་ལན་བཏབ། 
     ཁོས་“གང་དུ་སོང་ན་བརྡ་རྟགས་ཡོད་སྲིད”ཟེར།
     ངས་“གྲོང་ཚོའི་མདའ་རུ་ཡོད། ཆུ་ཚོད་གསུམ་ལ་སོང་ན་ད་གཟོད་གནས་དེར་བསླེབས་ཐུབ། ངས་རྫོང་གི་ནགས་ལས་ཅུས་སུ་ཁ་པར་གཏོང་དུས། རྒྱུན་པར་ཁྱིམ་དུ་ལོག་ནས་བརྒྱབ་པ་ཡིན”ཞེས་ལན་བཏབ།
     ཁོ་དགོད་ཙམ་བྱས་རྗེས། “ཁྱོད་ནགས་སྲུང་པ་ཡིན་པ་ངས་ཤེས་ཡོད། ཡིན་ཡང་ཁྱོད་ཀྱིས་ང་རང་ཅི་ཞིག་བྱེད་མཁན་ཡིན་པ་ཤེས་སམ”ཟེར།
     ངས་སེམས་ནས་ཁྱོད་ནི་རྔོན་རྐུན་རེད་ཅེས་བརྗོད་འདོད་ཀྱང་ཁ་ནས་བཤད་མ་ཕོད་པར། མགོ་བོ་གཡུག་བཞིན་“མི་ཤེས། མི་ཤེས། ད་བར་ནངས་ཀ་མིའི་ཕྱི་ཚུལ་ལ་བལྟས་ནས་ལས་ཀ་ཅི་ཞིག་བསྒྲུབ་མཁན་ཡིན་པ་ཇི་ལྟར་ཤེས་སམ”ཞེས་ལན་བཏབ། 
     གལ་ཏེ་ཁོ་དགའ་རུ་མ་བཅུག་ན་ང་ལ་མེ་མདས་རྒྱག་པར་སྐྲག་པས། ངས་སྐད་མགོ་དམའ་རུ་བཏང་ནས་གུས་བཀུར་བྱེད་མདོག་བསྟན།
     ཁོ་ནི་ང་ལ་དོགས་པ་མེད་པ་འདྲ་སྟེ། ཁོས་“ང་ནི་ཉེན་རྟོག་པ་ཡིན། སྤྱི་བདེ་མི་སྣ་ཡིན། ལས་འགན་བསྒྲུབ་དུས་ཉེས་ཅན་ལ་འཕྲད་པས་རྗེས་སྙེག་ནས་གནས་འདིར་བསླེབས། ང་ཚོའི་རླངས་འཁོར་ཤིང་སྡོང་ལ་རྡུང་བས་འགྲོ་རོགས་ཀྱི་རྐང་པ་རྨས་ནས་རླངས་འཁོར་ནང་ཉལ་བསྡད་ཡོད། ངས་བརྡ་རྟགས་ཡོད་ས་ཞིག་བཙལ་ནས་ཅུས་སུ་ཁ་པར་གཏོང་དགོས”ཟེར། ཁོས་སྐད་ཆ་བཤད་དུས་ངོ་གདོང་དུ་གཟབ་ནན་གྱིས་ཁེངས་འདུག ལྕགས་ཐབ་ནང་གི་མེ་ཇེ་ཆུང་དུ་གྱུར་བས་ངས་རྡོ་སོལ་འགའ་ཁ་སྣོན་བྱས། ཚོད་བགམ་བྱེད་ཆེད་དུ་ངས་ཁོར“ཁྱོད་ཀྱིས་ང་ཚོ་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཚེ་རྡོར་ངོ་ཤེས་སམ”ཞེས་དྲིས་པ་ན། ཁོས་“དོ་སྣང་མེད། ང་ནི་ཁུལ་སྤྱི་བདེ་ཅུས་ཀྱི་མི་ཡིན”ཟེར། ངས་སྤོབས་པ་ཆེར་བསྐྱེད་ཀྱིས་སླར་ཡང་“ཁྱོད་ཀྱི་ལག་གི་མེ་མདའ་དེ་ནི་རྒྱུན་པར་རྔོན་རྐུན་ཏུ་སྤྱོད་པའི་ཕྱེད་རང་འགུལ་དེ་རེད”ཞེས་བཤད་པ་ན། ཁོས་ང་ལ་ཅིག་བལྟ་ཙམ་ཞིག་བྱས་པ་དང་། མེ་མདའ་ཡར་བཀྱགས་ཙམ་བྱས་བྱུང་། སྐབས་དེར་ང་ནི་སྐྲག་ནས་གདོང་གཤིས་ཀྱང་འགྱུར་སོང་། ཁང་བའི་ཕྱི་རོལ་ཏུ་ཁ་བ་ནི་བཟོད་སྒོམ་མེད་པར་མུ་མཐུད་དུ་འབབ་ཀྱིན་འདུག ངས་རླངས་པའི་ཆུ་ཟེགས་བཞུར་ཤུལ་གྱིས་བཀང་བའི་སྒེའུ་ཁུང་བརྒྱུད་ནས་བཟའ་འཐོར་ཆིངས་ཡིག་ནི་བསྐྱར་དཔར་ཁྲི་འགའ་བྱས་རྗེས་ཚལ་བར་གཤགས་ནས་གཏོར་བ་མཐོང་བྱུང་། ཁོས་མཛུབ་མོ་བཙུགས་ནས་ཤེལ་སྒོའི་སྟེང་དུ་སྙིང་ཅིག་བྲིས་པ་དང་། ཡང་མདའ་ཞིག་བྲིས་ནས་སྙིང་དེ་དཀྱིལ་བཤགས་བྱས། དུས་འདིར། ངས་ད་གཟོད་ཁོས་མཛུབ་མགོ་ཐོན་པའི་ལག་འབོབ་ཅིག་གྱོན་འདུག་པ་མཐོང་བྱུང་། ཁོ་ཁ་ཕྱིར་འཁོར་ནས། “ཁྱོད་ནི་ནགས་སྲུང་པ་བསྙོན་མེད་ཅིག་རེད། ངའི་ལག་གི་མེ་མདའ་འདི་དངོས་གནས་རྔོན་རྐུན་གྱི་མེ་མདའ་ཡིན། ཁོ་ཚོས་མེ་མདའ་འདི་སྤྱད་ནས་གསའ་དང་ཤྭ་བ་སེར་ཆེན་མང་པོ་བསད་མྱོང་། ད་དུང་མི་ཡང་བསད་མྱོང་ཡོད་སྲིད”ཟེར། ཁོས་ཡང་བསྐྱར་མེ་མདའ་གཡུག་ཙམ་བྱས། ཧ་ལམ་དེ་ནི་མཚོན་ཆ་ཞིག་མིན་པར་དམག་འཐོབ་དངོས་རྫས་ཞིག་ཡིན་པ་ལྟར་གཡུག་གིན་འདུག
     ང་རང་སྒྲོག་ཙེའི་མདུན་དུ་ཙོག་སྟེ། ཁོས་སྣང་འཇོག་མེད་པའི་སྐབས་དང་བསྟུན་ནས་རི་སྐོར་ཉིན་ཐོའི་སྟེང་ཡི་གེ་འགའ་བསྣན། ཀུན་པོ་སོང་རྗེས། མེ་མདའ་ཕྱེད་རང་འགུལ་བཟུང་མཁན་ཞིག་བསླེབས་བྱུང་། ཁོས་བཤད་ན་ཉེན་རྟོག་པ་ཡིན་ཟེར་ཡང་བལྟས་ཚོད་དུ་རྔོན་རྐུན་ཞིག་དང་འདྲ། ངས་སྐད་ཆ་ཚིག་འདི་བྲིས་རྗེས་ཉིན་ཐོ་ལམ་སེང་འཐེན་སྒམ་དུ་བཅུག་པ་དང་། སྒྲོག་ཙེའི་མདུན་དུ་ཙོག་སྟེ་མིག་ཟུང་གིས་ཁོར་ཅེར་ནས་བསྡད། ཁོས་མགོ་བོ་ཡར་བཀྱགས་བྱུང་། ཡིན་ཡང་ངས་ཡོད་ཚད་དབུགས་ཐེངས་གཅིག་གིས་བསྒྲུབ་ཚར་ཟིན། ངའི་སྤོབས་པ་ནི་ཇེ་ཆེ་ནས་ཇེ་ཆེ་མ་རེད་དམ། ངས་ཁོའི་ལག་གི་མེ་མདའ་ཕྱེད་རང་འགུལ་དེར་བལྟས་པ་ན། མདའ་སྦུག་ནག་ཀྲིག་གེར་ཡོད་ཅིང་། གངས་ཆར་ཀྱིས་དེ་ཉིད་བལྟས་ཚོད་དུ་པྲ་ཚིལ་བརྒྱབ་པ་དང་འདྲ་བ་ཞིག་ཏུ་བཏང་འདུག 
     ཀོ་ལྭ། རེད། ངས་སེམས་ནས་ཁོ་ལ་འདི་ལྟར་འབོད། ཁོ་འཚུབ་ཆ་ལངས་མགོ་ཚུགས་ནས། ང་ལ་ཁ་བ་ག་དུས་འབབ་མཚམས་འཇོག་པ་དང་། གལ་ཏེ་ཁ་བ་འབབ་མཚམས་མ་བཞག་ན་གྲོང་ཚོར་འགྲོ་བའི་ལམ་རྙེད་དམ། ཡང་ན་ནགས་ལས་འབུད་པའི་ལམ་རྙེད་དམ་ཞེས་གཅིག་རྗེས་གཉིས་མཐུད་དུ་དྲིས་བྱུང་། ངས་མགོ་བོ་གཡུག་བཞིན། ངས་ལམ་ཁྲིད་ཀྱང་ཁངས་ཆེན་འབབ་པའི་ཉིན་འདི་འདྲར་མགོ་འཁོར་རྒྱུ་ནི་ལས་སླ་མོ་ཞིག་རེད་ཞེས་བཤད། ཁོས་ངའི་སྐད་ཆར་ཉན་རྗེས་ཡིད་ཆེས་ལ་མ་ཆེས་པའི་ངང་ཁྱོད་ཀྱིས་ང་ལ་རྫུན་གཏམ་པ་ཡིན་ནམ་ཟེར། ཁོས་མེ་མདའ་བཀྱགས་ཙམ་བྱས། མདའ་ཁ་ང་ལ་གཏད་མེད་ཀྱང་། ངའི་སྤོབས་པ་དེ་གར་སོང་ཆ་མེད་དུ་གྱུར་སོང་། 
     “ངོ་མ་ཡིན། ངས་ཁྱོད་ལ་རྫུན་བཤད་ཕོད་དམ། ”ང་རང་ཤར་སེ་ཡར་ལངས་ནས་རྟབ་རྟབ་པོར་སྒྲོག་ཙེའི་འོག་ཏུ་འཛུལ་འདོད་པའི་ཚུགས་ཀ་ཞིག་བསྟན། 
     ཁོས་ལག་པ་གཡུག་བཞིན། “ངས་ཉེན་རྟོག་པའི་ལས་གོས་གྱོན་མེད་པས་ཀྱང་ལན། ངའི་ལས་གོས་ཡལ་གར་ཐོགས་ནས་རལ་བས། ཁ་སང་ལམ་ནས་ཡོང་དུས་ཕུད་དེ་རླངས་འཁོར་གྱི་མཇུག་སྒམ་དུ་བཞག་པ་ཡིན། སྐྲག་མི་དགོས། ཉེན་རྟོག་པས་མི་ངན་མ་གཏོགས་མི་འཛིན། འདི་བྱིས་པ་ལོ་གསུམ་ཅན་ཞིག་གིས་ཀྱང་ཤེས། གལ་ཏེ་ཁྱོད་རང་ང་ལ་འདི་འདྲ་སྐྲག་ན། རྒྱུ་རྐྱེན་གཉིས་ཡོད་དེ། གཅིག་ནི་ཁྱོད་མི་ངན་ཡིན་པ་དང་། གཉིས་ནི་ཁྱོད་ཀྱིས་ང་རང་ཉེན་རྟོག་པར་བརྩིས་མེད། མཐར་གཏུག་ན་ཁྱོད་རང་ངའི་ཐོབ་ཐང་ལ་དོགས་པ་ཟ་བ་དེའོ”ཟེར།
     ཁོས་འདི་ལྟར་བཤད་པ་ན། ང་རང་ལྟིག་སེར་རྐུབ་སྟེགས་སྟེང་ཙོག་ནས།  ཁོའི་ལག་གི་མེ་མདའ་རྐང་པའི་སྟེང་འཕྲེད་དུ་བཞག་འདུག་པ་དེར་བལྟས་བསྡད། ཁོས་མོག་མོག་ཞིག་བཟུང་ནས་ཟོས། ཇ་འཐུང་ཞོར་དུ་ཞོག་ཁོག་ཡང་ཟོས། ཟོས་ཚར་རྗེས་ཁོས་ང་ལ་གཙང་ཤོག་ཡོད་མེད་དྲིས། ངས་ལམ་སེང་རང་གི་ཁ་ལག་བཀྲུ་བྱེད་ཀྱི་ལག་ཕྱིས་ཁོར་སྤྲད། ཁོས་ལག་པ་ཕྱིས་རྗེས། ཁུག་མས་བཀང་བའི་དོར་མ་ལས་དངོས་པོ་ཞིག་ཕྱིར་འདོན་མགོ་བརྩམས། བཏོན་བཏོན་མཐར་ལྟེབ་གཉེར་ཆགས་པའི་དུ་བ་སྒམ་ཆུང་ཅིག་བཏོན་བྱུང་། ཁོས་ང་ལ་དུ་རྐང་གཅིག་སྤྲད་བྱུང་། དུ་རྐང་དེ་ནི་གཅུས་ཟིན་པའི་ལྕགས་སྐུད་ལྟར་འཁྱོགས་འདུག ངས་མགོ་བོ་གཡུག་པ་ན། ཁོས་འོ་ཤེས་སོང་། ཁྱོད་ཚོ་ནགས་སྲུང་པས་དུ་བ་མི་འཐེན། ཡིན་ཡང་ཁྱོད་ཀྱི་ཁང་བའི་ནང་མེ་བཏང་ཆོག་དུས་དུ་བ་རྐང་གཅིག་འཐེན་ཡང་མི་ཆོག་རྒྱུ་མེད་སྙམ་ཟེར། ཀོ་ལྭས་དུ་བ་དྲང་མོར་བཅོས་ནས་མེ་བསྒོས་རྗེས། ཁ་ནས་ཨ་ལོང་དབྱིབས་ཀྱི་དུ་བ་ཞིག་ཕྱིར་བཏང་། དེ་ནས་ཁོས་ང་ལ་“ཁྱོད་ཚོའི་ནགས་ཚལ་དུ་རྒྱུན་དུ་མཐོང་ཐུབ་པའི་སྲོག་ཆགས་ནི་ཅི་ཡིན”ཞེས་དྲིས་བྱུང་། “ཤྭ་བ་སེར་ཆེན།” ངས་དྲི་བ་འདིར་ལན་འདེབས་དུས་སྐད་མགོ་ཧ་ཅང་དམའ། ཁོས་ཁ་ནས་དུ་བ་ཕྱིར་གཏོང་ཞོར། རྣ་བ་གཡོན་ནས་ཅི་ཞིག་རེད་ཅེས་ཡང་བསྐྱར་དྲིས་བྱུང་། ངས་སེམས་ནས་ཤེས་བཞིན་དུ་དྲིས་ནས་ཅི་བྱེད་ཅེས་སྙམ་མོད། ཁ་ནས་ཤྭ་བ་སེར་ཆེན་ཞེས་ཡང་བསྐྱར་ཐེངས་གཅིག་བཤད། ཐེངས་འདིར་ཁོས་གསལ་བོར་གོ་ཡོད།
     ཁང་བའི་ཕྱི་རོལ་གྱི་ཁ་བ་ནི་སྔར་བཞིན་མཚམས་འཇོག་རྩིས་མེད་པ་འདྲ། བལྟས་ཡོང་ན་ངའི་བཟའ་འཐོར་ཆིངས་ཡིག་ནི་བསྐྱར་དཔར་ཐེངས་ཁྲི་འགའ་བྱས་པ་མིན་པར། འབུམ་ཕྲག་འགའ་བྱས་རྗེས་ཚལ་བར་གཤགས་ནས་གཏོར་བ་ཡིན་འདུག སྐབས་འདིར། ངས་ཀོ་ལྭས་རང་གི་རླངས་འཁོར་ནང་གི་འཐབ་གྲོགས་ལ་སེམས་ཁུར་ཉག་ཙམ་ཡང་མི་བྱེད་པ་ཚོར། ངའི་སེམས་ཀྱི་དོགས་གཞི་ནི་མེ་སྟག་ཅིག་རྩ་སྐྱ་སྐམ་པོ་ཕུང་བོ་གཅིག་གི་གསེབ་ནས་དུ་བ་འཕྱུར་ཏེ་མེ་སྦར་བ་ལྟར་གྱུར། ངས་སྐད་ཆུང་ངུས་“ཁྱོད་ཀྱི་ལས་གྲོགས་ཀྱིས་དུས་འདིར་རླངས་འཁོར་ནང་དུ་སྡུག་མྱངས་གིན་ཡོད་སྲིད”ཅེས་བཤད་པ་ན། ཁོས་མགོ་བོ་གཡུག་བཞིན་“རྐང་བ་རྨས་བཞག་ཟེར། དེ་ནི་རླངས་འཁོར་རྡུང་དུས་རྨས་པ་མིན་པར། དེའི་སྔོན་ལ་རླངས་འཁོར་ལས་མར་བབས་ནས་གཅིན་པ་གཏོང་དུས་རྨས་པ་རེད། རླངས་འཁོར་ནང་ཟ་རྒྱུ་དང་འཐུང་རྒྱུ་ཡོད་པས་ཁོ་ལྟོགས་མི་སྲིད། བརྡ་རྟགས་ཡོད་སར་བསླེབས་མ་ཐག ངས་ཁ་པར་ཅིག་བཏང་ན་རོགས་བྱེད་མཁན་ཡོང་སྲིད”ཟེར། “ཡིན་ཡང་ཁྱོད་རང་འདི་འདྲ་ལྟོགས་དོན་ཅི་ཡིན་ནམ།”ཁོས་དུ་སྣེ་ས་སྟེང་དུ་གཡུགས་རྗེས་དམག་ལྷམ་ཡུ་རིང་དེས་མེ་བསད་སོང་། ལྷམ་འདི་རིགས་ག་ས་གང་དུ་བཙོང་རྒྱུ་ཡོད་པས་དེས་གསལ་བཤད་ཅི་ཡང་བྱེད་མི་ཐུབ། 
     ད་བཤད་ཡོང་ན་གཏམ་རྒྱུད་རིང་འགྲོ། ངས་ཉེན་རྟོག་རླངས་འཁོར་སང་ཐ་ནཱ་གོག་ཏོ་དེ་བསྐོར་ནས་ཁུངས་སྣེ་བརྒྱུད་དེ་ལམ་ཧྲིལ་བོ་རྔོན་རྐུན་གྱི་ལེ་པའོ་རྟགས་ཅན་གྱི་བྱེས་བགྲོད་རླངས་འཁོར་དེའི་རྗེས་སྙེག ཁངས་ཤུལ་དུ་སྦས་མི་ཐུབ་པ་ནི་འཁོར་ལོའི་རྗེས་ཤུལ་ཡིན། རྔོན་རྐུན་ཚོས་ཉེན་བརྡ་གཏོང་བའི་རླངས་འཁོར་ཉེ་སར་བརྩེབས་པ་མཐོང་དུས། སྐྲག་ནས་རླངས་འཁོར་གྱི་སྒེའུ་ཁུང་ལས་རྒྱབ་ཕྱོགས་སུ་མེ་མདའ་རྒྱག་རྐྱང་བྱེད། ཏིང་ཏིང་ཏིང་ཏིང་། ངས་ཉེན་རྟོག་རླངས་འཁོར་ལ་མདེའུ་ཕོག་ནས་ཉེན་བརྡའི་གློག་ཞུ་གཏོར་བའི་སྒྲ་ཐོས་བྱུང་། ཁྲོག་དིར་་་་སྤོས་འགྱིག་ཆག་རོ་དག་འཕྲོ་རིམ་འཕྲོར་མདུན་ཤེལ་ལས་མར་ཤུད་ཡོང་། ངོ་མ་ལམ་འགྲོ་རྒྱུགས་མ་སོང་། དངོས་པོ་འདི་དག་གིས་ང་རང་འཚབ་ཏུ་བཅུག་སོང་། ངས་ཁ་ལོ་དཀྱོག་བྱེད་འཁོར་ལོ་བསྐོར་ཙམ་བྱས་པ་ན། རླངས་འཁོར་ནི་ཀན་ཀྱུག་སེར་སྦོམ་ཞིང་ཆེ་བའི་ཤུག་སྡོང་ཞིག་ལ་རྡུང་སྟེ།  ཤེད་འཕྲུལ་ཁ་ལེབ་བཀོག་པ་དང་། རླངས་འཁོར་གྱི་མགོ་ནས་རླངས་པ་ཐུ་ལུ་ལུ་བྱེད། ཆུ་སྒམ་གཏོར་ཅིང་འཁོར་ལོ་གཡོན་པ་ཡང་ལྷུང་འདུག ང་རང་ཁོང་ཁྲོས་མ་བཟོད་པར་འཁོར་ལོར་རྡོག་རྒྱག་གཞུས་པ་ཡིན་ལ། ལེ་པའོ་རྟགས་ཅན་གྱི་བྱེས་བགྲོད་རླངས་འཁོར་དེ་ང་ཚོ་དང་རིང་དུ་གྱེས་པར་བལྟས་ནས་བསྡད། ཡིན་ཡང་ས་དེར་ལམ་མེད། ང་དང་ངའི་ལས་གྲོགས་ཀྱི་དབྱེ་ཞིབ་ལྟར་ན། གལ་ཏེ་མུ་མཐུད་མདུན་དུ་སོང་ན་རླངས་འཁོར་ནི་བགྲོད་མི་ཐུབ་པས། ཁོ་ཚོ་ཐག་རིང་དུ་འབྲོ་མི་སྲིད། ངེད་གཉིས་ཀྱིས་ནང་གྲོས་བྱས་ཏེ། ཁོས་རླངས་འཁོར་ནང་ནས་སྒུག་རྒྱུ་བྱས། ངས་གཅིག་ནས་མུ་མཐུད་དུ་རྗེས་འདེད་པ་དང་། གཉིས་ནས་ཁ་པར་གྱི་བརྡ་རྟགས་བཙལ་ནས་རོགས་པ་འབོད་རྒྱུ་བྱས། ངའི་དྲུག་བཞི་ཅན་གྱི་མེ་མདས་ཐག་རིང་དུ་རྒྱག་མི་ཐུབ་པས། ངས་མེ་མདའ་དེ་ལས་གྲོགས་ལ་བསྐྱུར་བ་ཡིན། ཁོས་ཀུ་རེ་རྩེ་བཞིན། ད་ང་ནི་མེ་མདའ་ཟུང་ལྡན་གྱི་གྱོལ་བོར་གྱུར་བ་རེད་ཟེར། དེ་ནས་ངས་རྔོན་རྐུན་གྱི་ལག་ནས་རྩིས་ལེན་བྱས་པའི་ཕྱེད་འགུལ་མེ་མདའ་རིང་པོ་འདི་ཁུར་རྗེས། རྒྱབ་ཁུག་ཏུ་བཟའ་ཡ་དང་བཏུང་ཡ་འགའ་དང་རྩིས་ལེན་བྱས་པའི་མདེའུ་འགའ། ད་དུང་ངའི་ལག་ཁྱེར་བཅུག་པ་ཡིན། 
     ལྷབ་ལྷུབ་ཏུ་འབབ་པའི་ཁ་བའི་ཁྲོད་ངས་འཁོར་རྗེས་བཙལ་ནས་རྗེད་འདེད་བྱས། ར་མདར་རྒྱུགས་རྒྱུགས་རྒྱུགས། ཁ་བའི་འདབ་མ་ངའི་མགོར་བབས་པས། ང་ནི་བལྟས་ཚོད་དུ་དབུ་སྐྲ་དུང་ལྟར་དཀར་བའི་བགྲེས་སོང་ཞིག་དང་གཉིས་སུ་མ་མཆིས། ནགས་སྲུང་པ། ཁྱོད་ཀྱིས་ང་ལ་དོགས་པ་ཟ་བ་ངས་ཤེས་ཡོད། ཡིན་ནའང་ད་ལྟ་ངས་རང་ཉིད་སུ་ཡིན་པ་བདེན་དཔང་བྱེད་ཐུབ་བྲལ། མཚམས་ཤིག་ལ་ངས་སྐེད་པ་མར་སྒུར་ཙ་ན། རྔོན་རྐུན་གྱི་རླངས་འཁོར་རི་འདབས་སུ་གཡུགས་ཡོད་པ་མཐོང་། ཆག་སྐྱོན་ཤོར་བ་གཏན་ཁེལ་རེད། རྐང་རྗེས་ལ་བལྟས་ན་ཁོ་ཚོ་ནགས་གསེབ་ཏུ་བྲོས་ནས་དུས་ཚོད་རིང་པོ་འགོར་མེད་པ་འདྲ། དེ་མིན་ཁ་བ་འདི་འདྲ་ཆེན་པོ་ཞིག་འབབ་དུས་རྐང་རྗེས་ལམ་སེང་གསུབ་ངེས་ཡིན། དུས་ཚོད་ནི་ཐག་ཐག་གི་སྒྲ་དང་བཅས་ངའི་མཁྲིག་མའི་སྟེང་ན་འགྲོ་བཞིན་མཆིས། རྗེས་སུ་ང་ཚོས་དངོས་གནས་ནགས་གསེབ་ནས་མེ་མདས་རྒྱག་རེས་བྱས། ངས་མི་གཉིས་ཡོད་པ་མཐོང་བྱུང་། ཏིང་ཏིང་ཏིང་ཏིང་། ཏིང་ཏིང་ཏིང་། ངས་མེ་མདའ་རྒྱག་དུས་མདེའུ་ཁངས་ནང་དུ་ལྷུང་ནས་ཚ་ཚིར་གྱི་སྒྲ་གྲགས་པ་ཐོས་བྱུང་། ངས་ཡང་བསྐྱར་འགོག་སྲུང་འཛིང་རགས་ཤིག་སྟེ། འཕྲེད་དུ་ཉལ་བའི་སྡོང་སྐམ་ཞིག་རྙེད། མ་བསམ་ས་ནས་མདེའུ་ལེན་སྐབས་ངའི་རྒྱབ་ཁུག་ཁངས་ཁྲོད་དུ་ཤུད་ནས་གར་སོང་ཆ་མེད་དུ་གྱུར། དཔེ་བསགས་སོང་། ད་ནི་མདེའུ་མང་པོ་མེད། ངས་མདེའུ་མདའ་ཁུང་དུ་སྤྲད། གློ་བུར་དུ་མཐའ་འཁོར་ཧ་ཅང་ལྷིང་འཇགས་སུ་གྱུར་ནས་ཁ་བ་ས་ངོས་སུ་ལྷུང་བའི་སྒྲ་ལས་ཅི་ཡང་མི་འདུག
ངས་ཁོ་ཚོར་གཏད་ནས་སྐད་བརྒྱབ། “ཝེ། མེ་མདའ་རྩིས་སྤྲོད་བྱས་ན་རང་ཉེས་ངོས་ལེན་བྱས་པར་རྩིས་ཆོག་པས། ཐག་གཅོད་ཡང་མོ་བྱེད་སྲིད།”
     ཡིན་ནའང་ངས་ཇི་ལྟར་སྐད་བརྒྱབ་ཀྱང་མི་དེ་གཉིས་ཁ་རོག་གེར་བསྡད་སོང་།
     ངས་བསམ་ན་ཁོ་ཚོས་རང་ཉིད་ཀྱིས་བསགས་པའི་ནག་ཉེས་ཆེ་དྲགས་ནས་སྐེ་གཅོད་རྒྱུ་ཡིན་པ་ཤེས་པས་འགོག་རྒོལ་མཐའ་སྐྱེལ་བྱེད་རྒྱུ་རེད་སྙམ།
     ང་རང་མྱུར་དུ་རྒྱབ་ལོགས་སུ་བསྐོར་ནས་སོང་། ཡིན་ཡང་ཕ་གིར་བསླེབས་དུས་ཁོ་གཉིས་ཀྱི་གཡུལ་སར་རྐང་རྗེས་ཐ་ཐོར་ལས་ཅི་ཡང་མཐོང་རྒྱུ་མི་འདུག ཁོ་གཉིས་ནགས་གསེབ་ཏུ་བྲོས་སོང་།
     དེའི་རྗེས་ཁོ་གཉིས་ཀྱི་རྐང་རྗེས་ཆུ་བོ་ཞིག་གི་འགྲམ་ནས་གར་སོང་ཆ་མེད་དུ་གྱུར། ཁ་བའི་ཁྲོད་ངས་ནགས་གསེང་ནས་སྐོར་བ་ཡང་ཡང་བརྒྱབ་པས། ཁ་སྐོམ་ཅིང་ཕོ་བ་ལྟོགས་བྱུང་། མཇུག་མཐར་ངས་ཁྱོད་ཀྱི་ཁང་ཆུང་འདི་མཐོང་བྱུང་།
     ཀོ་ལྭས་བཤད་ཞོར་དུ་ངའི་ཇ་ཕོར་ཀང་ཙི་བཟུང་ནས་ཇ་འཐུང་། གློ་བུར་དུ། ང་དང་ཁོ་གཉིས་ཀས་ཁང་བའི་ཕྱི་ལོགས་སུ་མི་ཞིག་ཡར་འགྲོ་མར་འགྲོ་བྱེད་པ་ཐོས་བྱུང་། སྒྲ་དེ་སྔོན་ལ་ཁོའི་རྣ་ལམ་དུ་འཛུལ་བ་འཁྲུལ་མེད་རེད། དེ་མུར། ངའི་རྣ་ཅོག་གིས་ཀྱང་ཁོའི་གྲགས་འགུལ་ཚོར་བྱུང་། 
     ཀུན་པོ་རེད། མི་རྐྱང་རྒད་པོ་ཀུན་པོ་རེད། ཁོས་ཁངས་ནང་དུ་སྟ་རེའི་དྲུད་ཤུལ་རིང་པོ་ཞིག་བབས་སུ་བཅུག་འདུག སྒེའུ་ཁུང་ལས་ཁོ་མཐོང་མི་ཐུབ་དུས། སྒོ་ཐོལ་བྱུང་དུ་ཕྱེ་བྱུང་། སྒོའི་གཏན་ཤིང་བརྒྱབ་མི་འདུག ཁྲོག་དིར་་་་་་ཁ་བ་སླར་ཡང་ཁང་པའི་ནང་འཕུར་ཡོང་ནས། ཀོ་ལྭའི་སྐེ་རུ་དཀྲིས་ཡོད་པའི་སྐེ་དཀྲིས་དེ་ལན་འགར་གཡོ་ཙམ་བྱས་སོང་། ཀུན་པོ་ནང་དུ་འཛུལ་ནས་སྟ་རེ་ཡར་བཀྱགས་བྱུང་། ཁོའི་གདོང་གི་ཁ་བ་ཐམས་ཅད་སྐད་ཅིག་ཉིད་དུ་ཆུ་རུ་གྱུར་སོང་། ཁོས་སྟ་རེ་མཐོན་པོར་བཀྱགས། ཁོའི་ཁ་གཏད་དུ་ཡོད་པ་ནི་མདའ་ཁ་ཁོར་བཙུགས་འདུག་པའི་ཀོ་ལྭ་ཡིན། 
     ཀོ་ལྭས་སྐད་འགྲག་གིས་“སྟ་རེ་མར་ཞོགས། དེ་མིན་ངས་མདེའུ་གཅིག་གིས་ཁྱོད་ཕྱི་མར་བརྫངས་སྲིད”ཟེར།
     ཀུན་པོས་མི་གཏུམ་དྲག་ཅན་འདིས་མེ་མདའི་ཁ་ཁོར་བཙུགས་ཡོད་པ་མཐོང་མ་ཐག སྐྲག་ནས་སྟ་རེ་ས་སྟེང་དུ་གཡུགས། དེ་ནས་སྒྱིད་པ་གུམ་གུམ་བྱས་ཏེ་གྱང་རྟིང་དུ་ཕྱིར་ནུར་བྱས། ཁོས་དགུན་ཞྭ་ཕུད་ནས་རང་གི་མགོ་བོ་བཏུམ་རྗེས་གྱང་ཟུར་དུ་ཙོག ཁོ་སྐྲག་སྟེ་མགྲིན་པ་ནས་ཀོའུ་ཀོའུ་ཀོའུ་ཞེས་པའི་སྒྲ་ཕྱུང་བས། ཕུག་རོན་གསུམ་ཁོའི་ཁ་ནང་དུ་སྦས་ཡོད་པ་དང་མཚུངས། ཁོ་ནི་མི་རྐྱང་སྡར་མ་ལྐོག་བལྟ་མཁན་ཁྲམ་པ་དེ་རེད། ངའི་ཆུང་མས་སྔོན་ཆད་ང་ལ་བཤད་མྱོང་། གལ་ཏེ་ང་རང་རི་ངོས་སུ་ཕྱིན་ཚེ། ཁོས་རྡོ་ལེབ་ཞིག་བཙལ་ནས་ངེད་ཚང་གི་སྒོ་ཕྱིའི་གྱང་རྟིང་དུ་འཇོག་སྲིད་ལ། དེ་ནས་རྡོལེབ་དེའི་སྟེང་ལངས་ནས་ལྐོག་ལྐོག་སུད་སུད་ཀྱིས་ཉིན་ཕྱེད་ཅིག་ལ་བལྟ་སྲིད། ཡིན་ཡང་ད་ལྟ། ཁོས་སྟ་རེ་ཞིག་དྲུད་ནས་ང་བཙལ་དུ་འོངས། ཁོས་ཅི་ཞིག་བྱེད་འདོད་པ་ཡིན་ནམ། ངའི་ཀླད་པའི་ནང་ལམ་སེང་ཚོད་དཔག་སྣ་མིན་དྲན་བྱུང་། འོན་ཀྱང་ཅང་མ་འགོར་བར་ཚོད་དཔག་རེ་རེ་མི་སྣང་བར་གྱུར་ནས། མཐའ་མར་སྣ་གཅིག་ལྷག་ཡོད་པ་དེ་ཡང་ངས་སྡོམ་སྐམ་གི་ཡལ་ག་བཞིས་བཟོས་པའི་བྱང་བུ་ལྟར་གྲོགས་མེད་ཁེར་རྐྱང་ངང་གནས་དེར་ལངས་འདུག བྱང་བུ་དེར་ཁྱད་ཆོས་མངོན་གསལ་ཡོད་དེ། རྐང་གསུམ་ནི་འདེགས་སྒྲོམ་ཡིན་ལ། རིང་ཚད་ལ་སྨི་གཅིག་ཙམ་ཡོད་པ་དེ་ནི་བྱང་བུའི་ངོ་ཡིན། ངས་ཕོ་ལྷུ་དང་མོ་ལྷུའི་རྩ་བའི་རིགས་པ་སྤྱད་ནས་དེ་ཚོ་གཏན་འཇགས་བྱས་པ་ཡིན། ང་རང་སྔོན་ཆད་ཤིང་བཟོ་བྱས་མྱོང་བ་ཁྱོད་ཀྱིས་ཤེས་དགོས། ངས་དེའི་ངོས་སུ་གྲིས་བོད་ཡིག་ཐིག་ཕྲེང་གཅིག་བརྐོས་ཡོད། དེ་ཡང་ངས་ཡུན་རིང་ཞིག་ལ་བསམ་བློ་བཏང་བ་ཡིན་ཏེ། མིས་རྫུན་བཤད་ཀྱང་ཤྭ་བ་སེར་ཆེན་གྱིས་རྫུན་མི་བཤད་ཅེས་པ་དེ་ཡིན། རེད། ཚིག་འདིར་མི་ཚེའི་གནས་ལུགས་ཟབ་མོ་ལྡན། རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཚེ་རྡོར་འཚམས་འདྲིེར་ཡོང་དུས། ངའི་མཛད་པ་ཕུལ་བྱུང་དེ་མཐོང་པ་དང་། ཁོས་ང་ནི་མཁས་པ་ཞིག་རེད་ཟེར། ང་རང་མཁས་པ་རེད། ཧེ་ཧེ། ད་ལྟ་ངས་བསམ་བློ་གཏོང་བཞིན་གཏོང་བཞིན་སྔོན་གྱི་དོགས་པ་དེ་དག་ལ་གནས་ལུགས་མེད་པར་མི་འདོད། ཁོས་སྟ་རེ་བཟུང་ནས་ཅི་བྱེད་དམ། ཤིང་སྡོང་རྐུས་ནས་གཅོད་དམ། ངའི་ཀླད་པའི་ནང་མཚལ་ཐལ་གྱི་ཡིག་འབྲུ་དམར་པོ་འདི་གཉིས་གློག་ལྟར་འཁྱུག་དུས། ངའི་མིག་གཉིས་ལམ་སེང་བགྲད་ཙམ་བྱས་པ་དང་། གློ་བུར་དུ་ཁོར་རྡོག་ཐོ་གཉིས་རྒྱག་འདོད་སྐྱེས་བྱུང་། 
     ང་རང་འགུལ་བསྐྱོད་མ་བྱས་ཀྱང་། ཀོ་ལྭས་ཀུན་པོར་རྡོག་ཐོ་གཉིས་གཞུས་སོང་།
     ཀུན་པོས་མགོ་སྐྱོར་ནས་སྐད་བརྒྱབ། ཀོ་ལྭས་“དྲང་མོར་ཤོད། ཁྱོད་ཀྱི་རོགས་པ་གང་ན་ཡོད”ཟེར།
     ཀུན་པོས་མགོ་སྐྱོར་བའི་ལག་ཟུང་ཇེ་དམའ་རུ་བཏང་ནས། རིག་པ་ལྡབ་ལྡིབ་ངང་མགོ་བོ་བཀྱགས་ནས་“ག་རེའི་རོགས་པ”ཟེར།
     ཀོ་ལྭས་“མི་ཤེས་ཁུལ་མ་བྱེད། ཁྱོད་ཀྱི་རོགས་པ་གང་དུ་བུད་སོང་”ཞེས་སྡིགས།
     ཀོ་ལྭས་སྔར་བཞིན་ཀུན་པོ་ནི་རྔོན་རྐུན་ཡིན་པར་དོགས་པ་བྱེད། དོན་མེད་དུ་ཞྭ་མོ་འདི་འདྲ་གཡོགས་རྒྱུ་ཆེ་དྲགས་སོང་། ངས་ཁོར་“ཁོ་རྔོན་རྐུན་ཡིན་མི་སྲིད། ཁོ་ནི་ང་ཚོ་གྲོང་ཚོའི་མི་རྐྱང་ཞིག་ཡིན”ཞེས་བཤད།
     ཀོ་ལྭས་ང་ལ་སྡང་མིག་ཅིག་བགྲད་པ་དང་། ལྕགས་ཐབ་ཀྱི་མདུན་དུ་ཙོག་བྱུང་། ཁོས་རྐུབ་བཀྱགས་ཀྱི་འཇོག་ས་བརྗེས་ནས། ཁ་ཀུན་པོར་ཕྱོགས་ནས་འདྲི་རྩད་བྱེད་པའི་རྣམ་པ་ཞིག་གཏད། 
     ཀུན་པོས་“ང་རང་རྔོན་རྐུན་མིན། ང་དང་ནགས་སྲུང་པ་ནི་གྲོང་ཚོ་གཅིག་གི་མི་ཡིན། ངས་ཁོ་བཙལ་ནས་དོན་དག་ཅིག་ཡོད”ཟེར།
     “ཁྱོད་ཀྱིས་ཁོ་བཙལ་ནས་དོན་དག་ཅི་ཞིག་ཡོད། ཉོག་གཏམ་མ་བཤད།” ཀོ་ལྭའི་བསམ་གཞིགས་ནི་མྱུར་བགྲོད་ལམ་སྟེང་འཕུར་བ་ལྟར་རྒྱུགས་པ་དང་འདྲ། ཁོས་འདྲི་རྩད་བྱས་ནས་འབྲས་བུ་ཞིག་འཐོབ་འདོད། ཡིན་ཡང་ཀུན་པོས་ཁོའི་འདྲི་རྩད་ལ་གོ་བ་ལེན་མ་ཐུབ། ཁོས་མགོ་བོ་གཡུགས། ཡང་བསྐྱར་གཡུགས། ཁོས་ད་དུང་གཡུགས་པ་ནི་ང་ལ་ཁོང་ཁྲོ་སློང་འདོད་པ་ལས་མ་འདས། ངས་ཁོར་“ཁྱོད་ཀྱིས་སྟ་རེ་ཁྱེར་ནས་ཅི་ཞིག་བྱེད་འདོད”ཞེས་དྲིས་པ་ཡིན། 
ཁོས་“སྟ་རེ་བཟུང་ནས་ད་དུང་ཅི་ཞིག་བྱེད”ཟེར།
     ངས་“ཤིང་སྡོང་བཅད་ནས་རྐུས་ཆོག”ཞེས་བཤད།
     ཁོས་“ཨ་ཡ་ཡ། ཁྱོད་ཚོས་ང་མི་ཇི་འདྲ་ཞིག་ཏུ་བསམ་ཡོད། བལྟས་ཚོད་དུ་ང་ནི་རྔོན་རྐུན་དང་ཤིང་རྐུན་ཞིག་དང་འདྲའམ”ཟེར།
     ང་དང་ཀོ་ལྭ་གཉིས་ཀ་མཉམ་དུ་ཁ་རོག་གེ་བསྡད། ཡུན་རིང་འགོར་རྗེས་ད་གཟོད་ཡོད་ངེས་པའི་བསམ་གཞིགས་ཞིག་ཀླད་པའི་ནང་བསླེབས།
     ངས་གཉའ་མ་ཆག་པར་མུ་མཐུད་དྲིས། “ཁྱོད་ཀྱི་ལག་གི་སྟ་རེ་དེར་འགྲེལ་བཤད་ཇི་ལྟར་རྒྱག”
     ཀུན་པོས་རྡོག་ཐོ་གཞུ་སར་དེར་རེག་བཞིན། ཡུན་ཙམ་འགོར་རྗེས་ད་གཟོད་“ནགས་སྲུང་པ། འུ་ཚོ་ཚང་མ་ས་འདིིའི་མི་ཡིན། ཁྱོད་ཀྱིས་ཁངས་ཆེན་འདིའི་ནང་ང་རང་ནགས་ཚལ་གྱི་ཕྱི་རུ་ཐོན་ཐུབ་པར་ཡིད་ཆེས་སམ། ང་རང་ཁྱོད་ཀྱི་ཁང་པ་ནས་ཐོན་རྗེས་ཁ་ཕྱོགས་བོར་སོང་། ང་རང་ནགས་ཚལ་དུ་ཉིན་ཕྱེད་ཙམ་ལ་མགོ་འཁོར་སོང་། ཁ་བ་ནི་སྨྱོན་པ་ཞིག་ཚོད་འཛིན་ལས་ཡོངས་སུ་ཐར་བ་བཞིན་བབས་བྱུང་། ང་རང་སོང་སོང་མཐར། གྲང་ཞིང་ལྟོགས། གློ་བུར་དུ་ཐང་ལ་འགྱེལ་ནས་ལག་པ་ཁ་བའི་འོག་གི་སྟ་རེ་ཞིག་ལ་རེག་བྱུང་། དེ་ནི་ཤིང་རྐུན་ཞིག་གིས་གནས་འདིར་གཡུགས་པ་ཁོ་ཐག་རེད། ཡིན་ཡང་མི་དེ་ང་རང་མིན། ངས་སྟ་རེ་སྒྲུག་པ་ཡིན། ཁྱོད་ཀྱིས་ཤོད་དང་། མགོ་འཁོར་བའི་མི་ཞིག་ལ་གལ་ཏེ་རང་སྲུང་མཚོན་ཆ་སྟ་རེ་ཞིག་འཐོབ་དུས། ཁོས་ཅིའི་ཕྱིར་དེ་མི་ཁྱེར།”
     ང་ལ་བཤད་རྒྱུ་ཅི་ཡང་མེད་པར་གྱུར། ཀུན་པོ་ཡར་ལངས་ནས་ཀོ་ལྭར་བལྟས། 
     ཀོ་ལྭས་སྐར་ཅོར་རྒྱག་བཞིན་“རྩིག་པར་རྒྱབ་གཏད་ནས་མར་ཙོག”ཟེར།
     ཀུན་པོས་འཛེམ་དོགས་ཅི་ཡང་བྱེད་རྩིས་མེད་པ་འདྲ། ཁོ་གཞོང་བའི་ནང་གི་ཟ་རྒྱུའི་མདུན་དུ་བཅར་ཏེ། ངའི་རྐུབ་སྟེགས་དེའི་སྟེང་བསྡད། ཅི་ལའང་ཁ་ཡ་མི་བྱེད་པར་མོག་མོག་དང་ཞོག་ཁོག་ཟ་མགོ་རྩམས། ཁོས་ཀྱང་ངའི་ཇ་ཕོར་ནང་གི་ཇ་བཏུང་། ངས་ལྕགས་ཐབ་ནང་རྡོ་སོལ་བསྣན་རྗེས། རང་གི་མལ་ཁྲིའི་སྟེང་ཙོག ཁང་པའི་ནང་དྲོ་སོབ་སོབ་ཆགས་འདུག གལ་ཏེ་ཁ་བ་འབབ་གིན་མེད་ཚེ། ནམ་རྒྱུན་ངས་ཅུས་ཀྲང་ཚེ་རྡོར་ལགས་འཚམས་འདྲིར་ཡོང་དུས་ཁྱེར་འོངས་བའི་རྡོ་སོལ་ཁུག་མ་བཅུ་པོ་བསྒོང་མི་བྲ། ཁོ་ཚོས་རྡོ་སོལ་དེ་དག་ཕྲག་ཏུ་ཁུར་ནས་ཡོང་བ་ཡིན། ཀུན་པོས་སྤྱང་ལྟོགས་བཞིན་ཧམ་ཟ་བྱེད། མཚམས་ལ་རེར་ཁ་ནས་ད་དུང་སྤྱང་ཀིས་ཤ་ཟ་དུས་ད་གཟོད་ཡོད་པའི་ཝུ་ཝུ་ཡི་སྒྲ་དེ་གྲགས་བྱུང་། ཁོའི་ལྟོ་བ་འགྲངས་རྗེས། ཁ་ལ་ཉན་མདོག་ཁ་པོས་སླར་ཡང་རྩིག་པའི་འགྲམ་དུ་ཙོག་བྱུང་། ཀོ་ལྭར་སྔར་བཞིན་དོགས་པས་ཁེངས་འདུག ཁོས་དུ་བ་རྐང་གཅིག་བླངས་ནས་དྲང་མོར་བཏང་རྗེས། དུ་བས་ཁེངས་བའི་ཁ་དེས་“ཁངས་ཆེན་འབབ་པའི་ཉིན་འདིར། ཁྱོད་རང་གནས་འདིར་ཡང་སྙིང་ཅི་བྱེད་དུ་འོངས་བ་ཡིན།” ཀུན་པོས་སྣ་ཤུགས་ཀྱིས་འཇིབས་ཙམ་བྱས་རྗེས། “དྲང་མོར་བཤད་ན། ང་རང་ནགས་སྲུང་པ་བཙལ་དུ་འོངས་བ་ཡིན་ལ། ཁོའི་ཆུང་མའི་དོན་དག་ཅིག་བཤད་འདོད་པ་ཡིན”ཟེར། ཀོ་ལྭས་རྔོན་རྐུན་གྱིས་ནགས་གསེབ་ཀྱི་རི་དྭགས་ཀྱི་གྲགས་འགུལ་ཐོས་པ་བཞིན། ཉན་འདོད་ཀྱི་ཧམ་པ་ལམ་སེང་ངོ་གདོང་དུ་རྒྱས་བྱུང་། ཀུན་པོས་ངོ་གདོང་ངའི་ཕྱོགས་སུ་འཁོར་ནས། “ནགས་སྲུང་པ། ཁྱོད་ཀྱི་ཆུང་མ་སུ་དང་འགྲོགས་པ་ཤེས་འདོད་དམ”ཟེར། ངས་ཟུར་ཙམ་ཡང་ཤེས་མི་འདོད། བཟའ་འཐོར་གྲོས་ཆིངས་ཡང་བྲིས་ཚར་བས། ད་དུང་ཅི་ཞིག་ནི་ངས་མ་རྟོགས་པ་ཡིན། ཀུན་པོས་ཡང་བསྐྱར་“ཁྱོད་ནགས་སྲུང་སར་ཕྱིན་ཐེངས་རེར། གྲོང་ཚོའི་ནང་གི་ལྷ་རྒྱལ་ཚེ་རིང་ཁྱོད་ཀྱི་ཁྱིམ་དུ་རྒྱུགས་རྐྱང་བྱེད། ང་རང་རྩིག་པར་འགོས་ནས་ཁོ་གཉིས་མལ་ཁྲིའི་སྟེང་ཁྱི་བཞིན་སྦྱར་ཡོད ་པ་མཐོང་”ཟེར། ཀུན་པོས་མཆིལ་མ་ཁམ་གང་ས་སྟེང་དུ་ཅལ་སེར་འཕངས་སོང་། ངས་ཁ་གདངས་ནས་དབུགས་རིང་ཞིག་འཇུབ། ཁང་པའི་ཕྱི་ལོགས་ཀྱི་ཁ་བ་ནི་མཚམས་འཇོག་འདོད་ཉག་ཙམ་ཡང་མི་འདུག རླུང་འུར་འུར་དུ་ལྡང་སྟེ། སྡོང་བོའི་ཡལ་ག་ནས་ཤུ་སྒྲ་ལྷང་ལྷང་དུ་གྲགས་སུ་བཅུག ནགས་ཁུལ་གྱི་སྨུག་ལོང་ལོང་གི་གངས་རླུང་འོག ངས་སྒེའུ་ཁུང་བརྒྱུད་ནས་རྒྱང་རིང་ན་འགྲོ་བཞིན་པའི་ཤྭ་བ་སེར་ཆེན་དེ་མཐོང་མ་ཐུབ། ཡིན་ནའང་ངས་ཧ་ལམ་དེའི་འབོད་སྐད་ཐོས་བྱུང་བ་འདྲ། 
     ཤུ། ངས་མཛུབ་མོ་ཁའི་མདུན་དུ་བསླངས་ནས། ཀུན་པོར་ཁ་གྲག་ཏུ་མ་བཅུག
     ཀུན་པོ་རྩིག་འགྲམ་དུ་ཙོག དགུན་ཞྭའི་སྣེ་མོ་ཉབ་བེ་ཉོབ་བེའི་ངང་མར་དཔྱངས་འདུག
     ཀོ་ལྭ་མགོ་འཐོམས་བཞིན་ངར་བལྟས་འདུག་ལ། འགྲེལ་བཤད་ཅིག་བཙལ་བཞིན་པ་འདྲ།
     ངས་“ཤྭ་བ་སེར་ཆེན་གྱི་འབོད་སྐད་ཐོས་བྱུང་”ཞེས་བཤད།
     ཀོ་ལྭས་རྣ་བ་གཡོན་ནས་མཉན་“འུན། ངས་ཀྱང་ཐོས་བྱུང་”ཟེར།
     ངས་ད་དུང་མི་ཞིག་འགྲོ་འོངས་བྱེད་པའི་སྒྲ་ཐོས་བྱུང་། རེད། གོམ་སྒྲ་རེད། ཐྲིག་ཐྲིག་ཐྲིག་གིས་གོམ་པ་ཁངས་སྟེང་དུ་སྤོ་བཞིན་ནགས་སྲུང་པའི་ཁང་ཆུང་དེའི་ཕྱོགས་སུ་འོངས་གིན་འདུག དངོས་གནས། བྲེལ་མྱུར་གྱིས་སྒོ་རྡུང་བའི་སྒྲ་ཞིག་ཐག་ཐག་ཐག་གྲགས་བྱུང་། སྒོ་ཕྱེ་བ་ན། ཁ་བ་ནི་བཟའ་འཐོར་གྲོས་ཆིངས་བསྐྱར་དཔར་བྱས་ཏེ་ཚལ་བར་གཤགས་པ་ལྟར་ངའི་གདོང་དུ་གཡུགས་བྱུང་། ངས་རང་ཉིད་ཀྱི་ངོ་གདོང་ཧ་ཅང་འཁྱག་པ་ཚོར་བྱུང་ལ། མིག་ཕྱེ་མ་ཟུམ་གྱིས་མི་གཉིས་ཁང་པའི་ནང་འཛུལ་བ་མཐོང་། ཁང་པའི་ནང་གི་གནས་བབ་མྱུར་མོར་ཉེན་ཁའི་གནས་སུ་ལྷུང་། སྔོན་ལ་ཀོ་ལྭ་རྐུབ་བཀྱགས་སྟེང་ནས་ཐོལ་གྱིས་ཡར་ལངས་ཏེ། ནག་ཐིང་ཐིང་གི་མདའ་ཁ་དང་པོར་ནང་དུ་འཛུལ་ཡོང་མཁན་མི་སྟོབས་ཆེན་དེའི་ཐོག་བཙུགས་ནས། “མེ་མདའ་མར་ཞོགས། དེ་མིན་ངས་མེ་མདའ་རྒྱག་རྒྱུ་ཡིན་”ཞེས་སྐད་ཅོར་བརྒྱབ། མི་སྟོབས་ཆེན་དེས་ཀྱང་ཕྱེད་རང་འགུལ་གྱི་མེ་མདའ་བཀྱགས་ནས་“ང་ཚོ་མི་གཉིས་ཡོད། གསོན་འདོད་ན་མེ་མདའ་ཚུར་གཡུགས་”ཞེས་སྐད་བརྒྱབ། ཁོའི་རོགས་པ་གཟུགས་ཐུང་དེས་དཀྲུམ་མདའ་ཞིག་ཀོ་ལྭར་བཙུགས་ཅིང་། གདོང་ཡོངས་ཞེ་སྡང་གིས་ཁེངས་འདུག ཁ་བ་ནི་ཕྱེ་ནས་བཞག་ཡོད་པའི་སྒོ་སྲུབས་བརྒྱུད་ནས་ཡང་བསྐྱར་ཁང་པའི་ནང་བཙངས་བྱུང་། ཇོ་བོ་རིན་པོ། ངས་ཅི་བྱེད་དམ། ངས་རང་ཤུགས་ཀྱིས་སྒོ་བརྒྱབ་རྗེས། འགྲམ་དུ་བུད། ངའི་སྙིང་ནི་རླུང་གིས་སྒུལ་བའི་བྱ་ཚང་དང་འདྲ་བར། ལྟིག་ལྟིག་གིས་གཡུགས་བྱུང་། མི་སྟོབས་ཆེན་དེས་མིག་ཆེར་བགྲད་ཅིང་། མཚམས་མེད་པར་ངའི་ཕྱོགས་སུ་སྐད་ཅོར་རྒྱག “ནགས་སྲུང་པ། ཧོན་ཐོར་ནས་མ་འདུག མྱུར་མོར་ཁོའི་མེ་མདའ་ལོངས། ཁོ་ནི་རྔོན་རྐུན་རེད། ”ཀོ་ལྭས་སྐད་ཆ་དེ་ཐོས་རྗེས་རང་དགར་མི་འདུག་སྟེ། སྐད་འགྲག་གིས་“ཁོ་ཚོ་ནི་རྔོན་རྐུན་ངོ་མ་རེད། ནགས་སྲུང་པ་ཁྱོད་ཀྱིས་དབྱེ་འབྱེད་གསལ་བོར་བྱེད་དགོས།” མི་སྟོབས་ཆེན་དེས་གོང་ཁར་སྤུ་ཡོད་པའི་ཁ་གོས་ཤིག་གྱོན་འདུག རྐང་པར་གྱོན་པའི་ཀོ་ལྷམ་ཡུ་རིང་དེ་བལྟས་ཚོད་དུ་ལྗིད་རྫོབ་ཆེ། ཁོས་མེ་མདའ་བཟུང་ནས་མདའ་ཁ་ཀོ་ལྭའི་སྨིན་དཀྱིལ་དུ་བཙུགས་འདུག ཀོ་ལྭས་ཀྱང་ངག་ངོག་མི་བྱེད་དེ། མེ་མདའ་མི་སྟོབས་ཆེན་དེའི་མིག་གཡོན་པར་དམིགས་འདུག ཡིན་ཡང་མི་གཟུགས་ཐུང་དེ་སྐམ་ཅིང་རིད་པས། ཁོས་མེ་མདའ་བཟུང་བའི་ལག་པ་དེ་བར་མེད་དུ་འདར་གྱིན་འདུག ངས་དངོས་གནས་སུའི་ཁར་ཉན་དགོས་པ་མི་ཤེས། ང་རང་སྒྲོག་ཙེའི་འགྲམ་དུ་ཕྱི་སྣུར་བྱས་ཏེ། མར་ཙོག་རྗེས་འཐེན་སྒམ་ལས་རི་སྐོར་ཉིན་ཐོ་བླངས་ནས་དེའི་ཐོག་ཡི་གེ་བསྣན། ངས་མྱུར་མོར་བོད་ཡིག་གིས་བྲིས་དོན། ཡང་མི་གཉིས་བསླེབས་བྱུང་། མི་སྟོབས་ཆེན་ཞིག་དང་གཟུགས་ཐུང་ཞིག ཚང་མར་མེ་མདའ་ཡོད། གློ་བུར་དུ་ངས་རང་ཉིད་ལྟད་མོ་ལྟ་མཁན་དུ་གྱུར་བ་ཚོར་བྱུང་། ཁོ་ཚོ་ཚང་མས་གཞན་དེ་ནི་རྔོན་རྐུན་རེད་ཟེར། ངས་དངོས་གནས་སུའི་ཁར་ཉན་དགོས་པའང་མི་ཤེས། མི་སྟོབས་ཆེན་དེས་སྐད་ཆ་བཤད་བྱུང་། དེ་ནི་ང་ལ་བཤད་པ་ཧ་ཅང་མངོན་གསལ་རེད།
     “དེ་རིང་ལམ་འགྲོ་རྒྱུགས་མ་བྱུང་། ”ཁོས་ཆིག་ལབ་རྒྱག་བཞིན་ལག་གི་མེ་མདའ་སྔར་བཞིན་གཉའ་མི་ཆག་པར་ཀོ་ལྭར་བཙུགས་འདུག 
     ཀོ་ལྭས་ཡིད་རྩེ་གཅིག་གིས་མི་སྟོབས་ཆེན་དེར་ཅེར་ནས། རྣམ་གཡེང་སྤུ་ཙམ་ཡང་བྱེད་མི་ཕོད།
     མི་སྟོབས་ཆེན་དེས་བཤད་རྒྱུར། མདང་དགོང་ང་རང་གཉིད་ཡེར་སོང་ཟེར། ཞོགས་པ་ཡར་ལངས་རྗེས། ལྷབ་ལྷུབ་ཏུ་འབབ་པའི་ཁ་བའི་འདབ་མར་ལྟ་བཞིན། དེ་ནི་ནམ་མཁའི་འཇིག་རྟེན་གས་རྡིབ་བྱུང་བ་དང་འདྲ། ང་དང་ལས་གྲོགས་མཱ་ཁྲིན་ཡ་གཉིས་ཀྱིས་མདང་དགོང་མངགས་གཏོང་ཁང་གི་ས་འགག་སོ་ཁང་ཞིག་ནས་གནས་ཚང་གཡར། ཚང་མས་ཤེས་གསལ་ལྟར། ནགས་ཚལ་གྱི་སྤྱི་བདེ་མི་སྣས་རྔོན་རྐུན་གྱི་གཏེ་བོ་རྒྱ་རྡོ་བདའ་འདེད་བྱས་ནས་ཡུན་རིང་འགོར། ཉེ་ལམ་ང་ཚོར་ཁུངས་སྣེའི་སྙན་སེང་འབྱོར་ནས། ཁོ་རང་ཡང་བསྐྱར་ནགས་ཁུལ་འདི་རུ་ཡོང་སྲིད་པ་ཤེས། ང་ཚོའི་མགོ་ཁྲིད་ཁུངས་སྣེ་འདིར་ཡིད་དེ་འདྲ་མི་ཆེས། ཡིན་ཡང་ངེད་གཉིས་ཡིད་ཤིན་ཏུ་ཆེས། དེའི་ཕྱིར་ངེད་གཉིས་ཀྱིས་རེ་འདུན་ཞུས་ནས་ས་འདིར་སྒུག་ཏུ་འོངས་བ་ཡིན། སྐབས་དེར་མགོ་ཁྲིད་ཀྱིས་སྐད་འགྲག་གིས་“དཔའ་བོ་རྡོ་རྗེ། ཁྱོད་ཀྱིས་ཁུངས་སྣེ་དེ་བདེན་པ་ཡིན་པ་ཐག་གཅོད་ཐུབ་བམ་”ཟེར། ངས་“གཅོད་ཐུབ”ཞེས་ལན་བཏབ་པ་ཡིན། མགོ་ཁྲིད་ཀྱིས་“གལ་ཏེ་ལག་ཏུ་འཐོབ་བྱ་ཅི་ཡང་མེད་ཚེ་ཁྱོད་ཀྱི་ཟླ་ཕོགས་གཅོག་རྒྱུ་ཡིན”ཟེར། ངས་“ལེགས་སོ”ཞེས་བཤད་པ་ཡིན།
     ང་དང་ངའི་ལས་གྲོགས་ས་འགག་སོ་ཁང་ནས་བྲལ་རྗེས། རླངས་འཁོར་བཏང་ནས་ནགས་ཁུལ་གྱི་ཆེས་གནད་འགག་གི་ལམ་མདོར་བསླེབས། ས་དེ་ནས་ཁྱོད་རང་འགྲོ་འདོད་པའི་གནས་གང་ཡིན་རུང་སོང་ཆོག ཤར་ལྷོ་ནུབ་བྱང་། ཧུང་ཀྲུང་ཧྥ་ཚེ། ཧེ་་་་བཤད་ནས་ཉོག་སོང་། མཱ་ཅང་གི་ཐོག་བསྐོར་འདུག ཁ་བ་ནི་འབབ་ཀྱིན་ཇེ་ཆེ་ནས་ཇེ་ཆེ་རེད། ཅང་མ་འགོར་བར་ང་ཚོའི་རླངས་འཁོར་གྱི་ཀླད་ཐོག་ཁ་བ་མཐུག་པོས་མནན་སོང་། ངེད་གཉིས་ཀྱིས་རླངས་འཁོར་ནང་ནས་ཆང་དཀར་ཁྲོན་ཆིའུ་ཞིག་བཏུང་ནས་བསྡད། བཟི་འདོད་པ་མ་ཡིན་ཏེ་ལུས་པོར་དྲོད་ཁུག་ཆེད་ཡིན། ངེད་གཉིས་ཀྱི་ལའེ་པོ་རྙིང་པ་དེའི་དྲོད་རླངས་ཀྱི་མ་ལག་གི་ནུས་པ་ཧ་ཅང་ཞན། ངས་ནམ་ཡང་ནགས་ཁུལ་ནི་འདི་འདྲའི་མཛེས་སྡུག་ལྡན་པ་ཞིག་ཡིན་པ་ཡིད་ལའང་ཤར་མ་མྱོང་། དེ་ནི་འཁྲིག་པ་ཐེངས་གཅིག་སྤྱད་རྗེས་ད་དུང་ཐེངས་གཅིག་སྤྱོད་པར་རེ་སྒུག་བྱེད་པའི་འཆལ་མོ་ཞིག་དང་གཉིས་སུ་མེད། ངའི་ལས་གྲོགས་ཀྱི་སྙན་ངག་དེ་ད་དུང་ངག་སྐྱོར་ཐེབས་མི་འདུག རི་ཀླུང་དེ་འདྲ་མཛེས་ཤིང་སྡུག དཔའ་བོ་གྲངས་མེད་་་་་རླངས་འཁོར་ཅིག་འུར་འུར་གྱིས་ཚུར་འོངས་བ་ཐོས། ངེད་གཉིས་ཀྱིས་མཉམ་གཅིག་ཏུ་རླངས་འཁོར་གྱི་སྒོ་ཕྱེ་ནས་ཐོན། རླངས་འཁོར་དེ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་པུར་སྲེག་ཁང་དུ་ཕྱིན་སོང་། མཱ་ཁྲིན་ཡས་ཁོའི་ཨ་ཕས་ཨ་མ་བོར་བརླགས་བྱུང་ནས་འཛམ་གླིང་བསྐོར་ཏེ་བཙལ་བཞིན་པ་དང་འདྲ་ཟེར། 
གཙོ་ངོས།ཤོག་ངོས་གོང་མ།12ཤོག་ངོས་འོག་མ།ཤོག་ངོས་མཐའ་མ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...