སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གཡུལ་འཁྲུག་ཁྲོད་ཀྱི་ཞི་བདེ་ཉི་མ་དང་གཅན་མེ་སྟག
རྩོམ་པ་པོ། ཞི་བདེ་ཉི་མ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-18 11:55:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
《གཡུལ་འཁྲུག་ཁྲོད་ཀྱི་ཞི་བདེ་ཉི་མ་དང་གཅན་མེ་སྟག》
—2019ལོའི་ཟླ2པའི་ཚེས21ཉིན་གྱི་དགོང་མོར་རྨི་ལམ་མཚར་བོ་འདི་ལྟ་བུ་ཞིག་རྨིས་བྱུང་། ནངས་མོ་ཇི་མ་ཇི་བཞིན་ཟིན་བྲིས་སུ་བཏབ་པ་ཡིན་པས་ཁོངས་འདེད་ཀྱི་མེད།
རྩོམ་མཁན། ཞི་བདེ་ཉི་མ།
         མདང་དགོང་རྨི་ལམ་ཞིག་རྨིས།
         རྨི་ལམ་དུ་གཡུལ་འཁྲུག་དྲག་པོ་ཞིག་ལངས།
         མི་རྣམས་ཟིང་ཟིང་ངང་ལུང་འགག་ཅིག་ན་འབྲོ།
         ལུང་འགག་དེའི་ངོས་གཅིག་ནི་ནགས་ཚལ་དང་།
         ངོས་གཅིག་ནི་བྲག་རི་དམར་པོ་ཞིག་རེད།
 
         སྒྱོགས་ཆེན་དང་འབར་མདེལ་གྱིས་བསླངས་པའི་དུད་སྨུག་ནི།
         འགག་འཕྲང་གི་མདོ་ནས་ཕུག་བར།
         དཀར་ལྷོག་ལྷོག་དཀར་ལྷོག་ལྷོག་ངང་འཕྱུར་གྱིན་འདུག
         དུད་སྨུག་འོག་མི་ཚོགས་ཀྱིས་ངུ་འབོད་ཙེར་ཙེར་བྱེད།
 
         འགག་འཕྲང་གི་བར་སྣང་དུ།
         གཤོག་པ་ཡ་གཅིག་ལྕགས་དང་།
         གཤོག་པ་ཡ་གཅིག་དར་ལྕོག་གིས་གྲུབ་པའི།
         གནམ་གྲུ་ཁྲ་ཁྲ་ཞིག་ཕར་འཕུར་ཚུར་འཕུར་བྱེད།
         གནམ་གྲུའི་ཁ་ལོ་བས་སློག་པ་ཞིག་གྱོན་ཞིང་།
         དྲ་མིག་ནང་ལག་པ་གཡུག་གཡུག་བྱེད་ཀྱིན།
         ཐོས་རྒྱུ་མེད་པའི་སྐད་ཆ་ཞིག་ལབ་ཀྱིན་འདུག་ལ།
         སྐབས་སྐབས་སུ་ཁ་ནང་གི་གསེར་སོ་འོད་ལམ་ལམ་བྱེད།
 
         མི་རྣམས་ཀྱིས་གནམ་གྲུ་དེ་དགྲ་ཕྱོགས་ཡིན་ནམ།
         རང་ཕྱོགས་ཡིན་པ་ཆ་མ་འཚལ་བར།
         གོ་མེད་ཚོར་མེད་ངང་དམིགས་ཡུལ་མེད་པར།
         ཕྱོགས་ཕྱོགས་སུ་ར་ཁྱུ་ཞོགས་པ་བཞིན་འབྲོ།
 
         རྒྱུས་ཡོད་རྒྱུས་མེད་ཀྱི་ངོ་གདོང་ཁྲོད།
         གཅན་མེ་སྟག་དང་ཞི་བདེ་ཉི་མ་གཉིས་མངོན་བྱུང་།
         གཅན་མེ་སྟག་གིས་དམག་ལྭ་ལྗང་ཁྲ་ཞིག་གྱོན།
         ལུས་སྟེང་མ་ལུས་པར་མདའ་རས་ཁེབས།
         ལག་དུ་སྦག་སྦག་མེ་མདའ་ཞིག་བཟུང་ནས།
         དེ་སྔོན་གྱི་དམངས་དམག་ལེན་ཀྲང་ཞིག་དང་འདྲ་བར།
         བྲེལ་སྟབས་ཀྱིས་ཕར་རྒྱུགས་ཚུར་རྒྱུགས་བྱེད།
         ཡ་ཡོ་མེད་པར་མི་ཚོགས་ལ་བཀོད་འདོམས་བྱེད།
         ཁ་ནས་མཚམས་མ་ཆད་པར་"ཨ་བ་ཨ་མ་ཚོ"ཟེར་ནས།
         ཚམ་ཚོམ་མེད་པར་མེ་མདའ་སྲན་མ་བརྔོ་བརྔོ་བྱེད།
 
         ཞི་བདེ་ཉི་མའི་ལག་དུ་ཕྲེང་མདའ་རིང་པོ་ཞིག་བཟུང་།
         རྐང་པ་གཉིས་རས་ལེབ་ཅིག་གིས་དཀྲིས་ནས།
         པ་ལུའུ་དམག་མི་འདྲ་བ་ཞིག་དུ་བཅོས།
         མི་ཚོགས་ཀྱི་རྒྱབ་ཕྱོགས་སུ་ཁ་ཕྱོགས་མེད་པར་མེ་མདའ་རྒྱག
         སྐབས་རེར་སྐད་གཟེངས་མཐོན་པོས།
         "ཚང་མ་སྐྲག་མི་དགོས"ཟེར་བཞིན།
         རང་ཉིད་རྡོ་ཕ་བོང་ཞིག་གི་རྒྱབ་དུ་གཞའ།
         སྐབས་རེར་གནམ་གྲུ་ཁྲ་ཁྲ་དེ་དང་།
         ཁ་ལོ་བ་གསེར་སོ་ཅན་དེ་ཡོང་བར་སྐྲག་ནས་སྒྱིད་པ་འདར་འདར་བྱེད།
 
         འབར་གས་ཀྱིས་གནམ་ས་གཡོ་བའི་ཁྲོད།
         འགག་འཕྲང་གི་ཟམ་པ་མི་ཚོགས་ཀྱི་འཚང་ཁས་འཁྱོམ།
         གཅན་མེ་སྟག་དང་ཞི་བདེ་ཉི་མ་གཉིས།
         ཟམ་འོག་གི་ལྕགས་ཐག་ཅིག་དང་འཁྱུད་ནས་འགྲོ
         མེ་སྒྱོགས་ཀྱིས་ཟམ་པ་ཡམ་ཡམ་འཁྱོམ་འཁྱོམ་བྱེད།
         ཁོ་གཉིས་ལྕུག་ཕྲན་སྟེང་གི་སྤྲེའུ་བཞིན་ཕར་གཡོ་ཚུར་གཡོ་བྱེད།
         ཞི་བདེ་དང་བསྡུར་ན་མེ་སྟག་ལ་བདེ་རྩལ་ལྡན་ལ།
         ཁོ་ལྕགས་ཐག་དང་དམ་དམ་དུ་འཁྱུད་བཞིན།
         ‘’ཨ་བ་ཨ་མ། ཤུ་རེ་བྱོས‘’ཟེར།
 
         གནམ་གྲུ་ཁྲ་ཁྲ་དེ་མགོ་ཐོག་ནས་ལྡིང་འཁོར་ལན་གསུམ་བརྒྱབ་བྱུང་།
         འབར་མདེལ་རྟ་རོ་འདྲ་བ་ཞིག་ཡ་ཡོ་མེད་པར་འཕངས་བྱུང་།
         མི་རྣམས་ཀྱིས་མགོ་ཐོག་གི་འབར་མདེལ་དེར་ལྟ་བཞིན།
         རང་རང་གི་གནས་སུ་གྲགས་འགུལ་མེད་པར་གྱུར་སོང་།
         མི་རྣམས་ཀྱིས་ཁ་གདངས་ཤིང་མིག་ཅེར་བྱུང་།
         འབར་མདེལ་དེ་ཟམ་ཆེན་གྱི་དཀྱིལ་ནས་གས་སོང་།
         ཟམ་ཆེན་དེ་གས་གཉིས་སུ་གཏོར་སོང་།
         མི་རྣམས་རླུང་རྟ་བཞིན་བར་སྣང་དུ་སྤུར་བྱུང་།
         ཞི་བདེ་ཉི་མ་ནི་གཤོག་ཟུང་ཆད་པའི་ཁྭ་ཏ་ཞིག་དང་འདྲ་བར།
         ནག་ལྷབ་ལྷབ་གཙང་པོའི་ནང་མགོ་གཏིང་ལོག་ནས་ལྷུང་སོང་།
         གཅན་མེ་སྟག་ནི་རྫི་བོས་འུར་རྡོ་འཕངས་བ་བཞིན།
         བར་སྣང་གི་སྤྲིན་པའི་ཁྲོད་དུ་ནག་རིལ་རིལ་ཡལ་སོང་།
 
         རེ་ཞིག་ངང་མི་རྣམས་ཆུ་ཁར་རིལ་མ་ལྟར་གཡེང་བྱུང་།
         ཆུ་ནང་དུ་འབར་མདེལ་མེ་ཏོག་བཞིན་བཀད་ཡོང་།
         ཞི་བདེ་ཉི་མས་གཙང་ཞབས་ནས་འཕག་འཚག་བརྒྱབ་བྱུང་།
         ཞི་བདེ་ཉི་མས་གཙང་ཞབས་ནས་འཕག་འཚག་བརྒྱབ་བྱུང་།
         ཞི་བདེ་ཉི་མས་གཙང་ཞབས་ནས་འཕག་འཚག་བརྒྱབ་བྱུང་།
 
         ཞི་བདེ་ཉི་མའི་ལུས་ཤུགས་རིམ་གྱིས་ཟད་སོང་།
         ཞི་བདེ་ཉི་མའི་སེམས་ཤུགས་རིམ་གྱིས་ཉམས་སོང་།
         ཞི་བདེ་ཉི་མའི་མིག་ལམ་རབ་རིབ་དུ་གྱུར་སོང་།
 
         གློ་བུར་དུ། ཞི་བདེ་ཉི་མའི་གམ་དུ་སྲོག་ཆགས་ཡ་མཚན་ཞིག་ཐོན་ཡོང་།
         རུས་སྦལ་ཆེན་པོ་མི་ཡི་མགོ་བོ་ཅན་ཞིག་ཐོན་ཡོང་།
         རུས་སྦལ་དེས“མྱུར་དུ་སྒལ་སྟེང་ལ་ཞོན”ཟེར།
         ཞི་བདེ་ཉི་མ་ཚམ་ཚོམ་མེད་པར་རུས་སྦལ་ལ་ཞོན།
         རུས་སྦལ་དེས“མིག་ཚིམས་ནས་དམ་དམ་དུ་འབྱོར”ཟེར་བཞིན།
         ལན་རེར་གཙང་འོག་ནས་ཤུར་ཤུར་གྱིས་བསྐྱོད།
         ལན་རེར་གཙང་ངོས་སུ་གཤོག་ཐོག་བཞིན་འཕུར།
         སྐབས་རེར་གཡས་འགྱེལ་གཡོན་འཁྱོར་བྱེད།
         མཇུག་མཐར་བྲག་རི་གཟར་བོ་ཞིག་གི་གཤམ་དུ་བསྡད།
 
         “ཨ་བ་ཨ་མ། མིག་ཕྱེས་ཤོག”
         ཞི་བདེ་ཉི་མས་མིག་རིམ་གྱིས་ཕྱེས་སོང་།
         རུས་སྦལ་དེ་གློ་བུར་དུ་གཅན་མེ་སྟག་ལ་གྱུར་སོང་།
         ཞི་བདེ་ཉི་མ་ཧ་ལས་ནས“ཁྱོད་ལྷ་ཞིག་ཡིན་ནམ་འདྲེ་ཞིག་ཡིན”ཟེར།
         གཅན་མེ་སྟག་ཧང་སང་བཞིན་སྡང་མིག་ཅིག་བགྲད་བྱུང་།
         “ང་གནའ་མཁར་འདྲེ་བཞིའི་གྲས་ཀྱི་འདྲེ་ཞིག་ཡིན”
 
         “ཧ་ཧ་ཧ”ཞི་བདེ་ཉི་མ་དགད་བྱུང་།
         “ཧུ་ཧུ་ཧུ”གཅན་མེ་སྟག་དགད་བྱུང་།
         དགོད་སྒྲ་རི་གཟར་གྱི་བྲག་ཅ་ལ་འཁྱུག་སོང་།
         རི་གཟར་གྱི་རྦབ་རྡོ་ཉི་ལི་ལི་རིལ་ཡོང་།
         འདབ་ཆགས་ལ་ཤས་ཀྱིས་ནམ་འཕང་བཅད་ནས་འཕུར་སོང་།
         རི་དྭགས་ཁ་ཤས་ནས་སྣ་ཕུ་འདེབས་བཞིན་བལྟས་སོང།
 
         དུས་དེར་རྒྱབ་ཕྱོགས་ཀྱི་སྤྲིན་པའི་ཁྲོད།
         གནམ་གྲུ་ཁྲ་ཁྲ་དེ་ཁོ་གཉིས་ཀྱི་ཕྱོགས་སུ་འཕུར་ཡོང་།
         ཞི་བདེ་ཉི་མ་ཅི་བྱུང་འདི་བྱུང་མེད་པར་བྲོས་བྱུང་།
         གཅན་མེ་སྟག་ཕྱི་བཞིན་འབྲང་ནས་བྲོས་བྱུང་།
         ཁོ་གཉིས་ཀྱི་རྗེས་སུ་སྒྱོགས་མདེལ་རེ་རེ་བཞིན་གས་ཡོང་།
 
         ཁོ་གཉིས་ཐད་ཀར་བྲག་རིའི་ངོས་སུ་འགོས་བྱུང་།
         བྲག་རིའི་ངོས་སུ་སྲོག་བསྡོས་ཀྱིས་འགོས་བྱུང་།
         གཡས་གཡོན་དུ་སྒྱོགས་མདེལ་ལྷོག་ལྷོག་དུ་གས་ཡོང་།
         ཁོ་གཉིས་བྲག་ངོས་སུ་ཤི་འཐམ་རོ་འཐམ་བྱས་སོང་།
         འགོས་ཀྱིན་འགོས་ཀྱིན་ལག་པ་འབྱར་སའི་ས་རྡོ་ཉིལ་ཡོང་།
         གོག་གྱིན་གོག་གྱིན་རྐང་བ་འཇོག་སའི་ཐེམ་པ་བཤིག་སོང་།
         མཇུག་མཐར་ཤིང་སྡོང་གི་ཡལ་ག་སྐམ་པོ་ཞིག་དང་ལྷན་དུ།
         ཁོ་གཉིས་བྲག་ཐེམ་ཞིག་དུ་འཕྲོ་རིམ་འཕྲོར་ལྷུང་སོང་།
 
         བྲག་ཐེམ་ལག་མཐིལ་ལྟ་བུ་དེ་ཅི་འདྲའི་དོག་པ་ལ།
         ཡར་ལྟས་ན་མགོ་ཐོག་དུ་གནམ་གྲུས་མནན་ཡོང་།
         མར་གཟིགས་ན་གཙང་པོ་དམར་ལྷོག་ལྷོག་འཁྲུག་ཡོང་།
         ཕར་ལྟས་ཚེ་བྲག་ཐེམ་ལག་མཐིལ་ལྟ་བུ་ཞིག་མཐོང་སོང་།
         “གན་ན་བྲག་ཐེམ་ཞིག མྱུར་མོར་ལྡིང་ཡ”
         ཞི་བདེ་ཉི་མ་གླ་བོ་བཞིན་བྲག་ཐེམ་གཞན་ཞིག་ལ་ལྡིང་སོང་།
         གཅན་མེ་སྟག་ལྡིང་མ་ཕོད་པར་ཤུལ་དུ་ལུས་སོང་།
         “སྐྲག་ཤོར། ལྡིང་ཤོག མྱུར་དུ་ལྡིང་ཤོག”
         “ཁྱོའི་ཨ་བ་ཨ་མ། ང་ལྡིང་ཐུབ་རྒྱུ་མ་རེད་”
         “ང་ལྡིང་ཐུབ་ས་ནས། ཁྱོད་ཅི་ལ་ལྡིང་མི་ཐུབ”
         “ཁྱོད་ཀྱི་རྐང་བ་རིང་། ངའི་རྐང་བ་ཐུང”
         “ཁྱི་ཁ་ཚུམས། ད་ནི་རྐང་བའི་རིང་ཐུང་བཤད་པའི་དུས་ཤིག་མིན”
         “ཁྱི་ཁ་ཁྱོས་ཚུམས། ང་ལ་སྲོག་དགོས”
         “གླེན་བཤད་མ་རྒྱག སྲོག་མི་དགོས་པ་སུ་རེད། མྱུར་མོར་ལྡིང་ཤོག”
 
         གནམ་གྲུ་ཁྲ་ཁྲ་དེ་མགོ་ཐོག་དུ་ཐོན་བྱུང་།
         གསེར་སོ་ཅན་གྱི་ཁ་ལོ་བས་མར་ལྟ་བཞིན་ཁྲེལ་དགོད་ཅིག་བྱས།
         གཅན་མེ་སྟག་སྐྲག་མ་དངངས་ཀྱིས་བྲག་ཐེམ་དུ་ལྡིང་བྱུང་།
         ཁོ་བྲག་ཐེམ་ལ་མ་སླེབས་པར་མར་གཡང་ལ་ལྷུང་སོང་།
         ཞི་བདེ་ཉི་མས་ལག་གཉོབ་གཅིག་གིས་ཁོ་བཟུང་བྱུང་།
         ཁོ་ནི་མི་དྲེད་ཀྱི་ལག་མགོའི་རྩེད་ཆས་ལྟར།
         གཡང་གཟར་གྱི་བར་སྣང་དུ་ཕར་གཡུག་ཚུར་གཡུག་བྱས་སོང་།
         “ཨ་ཕ་ལེ་ལེ།ཁྱོས་ང་སྐྱོབས་དང་ངས་ཁྱོད་ལ་ཅི་ཞིག་དགོས་ན་དེ་སྟེར”
         “བཤད་རྒྱུ་མ་མང་། ཤུ་རེ་བྱོས”
         ཞི་བདེ་ཉི་མས་འཐེན་ཐེངས་གཅིག་གིས་ཁོ་རང་བྲག་ཐེམ་ལ་བླངས།
 
         གཅན་མེ་སྟག་སེམས་འགུལ་ཐེབས་བྱུང་།
         ཁོས་ལག་ཟུང་ཐལ་མོ་སྦྱར་ནས་ཕྱག་འཚལ་བར་བརྩམས་སོང་།
         “ཁྱོད་མི་ཞིག་མ་རེད། ལྷ་ཞིག་རེད།ངས་ཁྱོད་ལ་ཕྱག་ཅིག་འཚལ”ཟེར།
         “ང་ལྷ་མིན།ང་མི་ཡིན། རྨོངས་དད་མ་བྱེད ”
         ཞི་བདེ་ཉི་མས་གཅན་མེ་སྟག་ལ་འགྲམ་ལྕག་ཅིག་བཞུས་སོང་།
         གཅན་མེ་སྟག་གཉིད་ལས་སད་པ་ལྟར་བྱས་སོང་།
 
         “ཧ་ཧ་ཧ”གཅན་མེ་སྟག་བགད་བྱུང་།
         “ཧ་ཧ་ཧ”ཞི་བདེ་ཉི་མ་བགད་བྱུང་།
         མགོ་ཐོག་གི་གནམ་གྲུ་ལས།
         གསེར་སོ་ཅན་གྱི་ཁ་ལོ་བ་དེ་བགད་བྱུང་།
         ཁོ་དགོད་ཀྱིན་དགོད་ཀྱིན་ངོ་མདོག་སྤྲིན་ནག་ལྟར་འཁྲུག་སོང་།
 
         ཞི་བདེ་ཉི་མས་དལ་གྱིས་མེ་མདའ་ལག་ཏུ་བླངས་བྱུང་།
         གཅན་མེ་སྟག་གིས་མེ་མདའ་གནམ་གྲུ་ལ་གཏད་བྱུང་།
         ཁོ་གཉིས་ཀྱིས་མ་ཤུ་གནོན་ཅི་ཐུབ་བྱས་ཀྱང་།
         མེ་མདའ་ཁ་གྲག་རྒྱུ་མེད་སོང་།
         ཁོ་གཉིས་འཚུབ་ཆ་ལངས་བྱུང་།
         ཁོ་གཉིས་ཀྱི་གདོང་ལས་རྔུལ་ཆུ་ཁྲོམ་ཁྲོམ་དུ་བབས་བྱུང་།
 
         རིམ་གྱིས་གནམ་གྲུའི་འོག་ཏུ་ནག་དོང་དོང་གི་སྒོ་ཆེན་ཞིག་ཕྱེས་ཡོང་།
         སྒོ་ཆེན་ལས་འགད་མདེལ་རྫ་མ་ལྟ་བུ་ཞིག་འཕངས་བྱུང་།
         ནག་ཡོར་ཡོར་གྱི་འགད་མདེལ་ཇེ་དམའ་ནས་ཇེ་དམའ་རུ་ཟེགས་ཡོང་།
         ཞི་བདེ་ཉི་མའི་ལག་གི་མེ་མདའ་ཐང་ལ་ལྷུང་སོང་།
         འགད་མདེལ་ཇེ་དམའ་ནས་ཇེ་དམའ་རུ་ཟགས་ཡོང་།
         གཅན་མེ་སྟག་གི་མིག་ལས་མཆི་མ་ཁྲོམ་ཁྲོམ་དུ་བབས་བྱུང་།
         འགད་མདེལ་ཇེ་དམའ་ནས་ཇེ་དམའ་རུ་ཟེགས་ཡོང་།
         “ཨ་བ་ཨ་མ། བདེ་མོ་གྱིས”
         གཅན་མེ་སྟག་གིས་དེ་ལྟར་བཤད་ཞོར་གཡང་གཟར་ལ་ལྡིང་སོང་།
 
         ཞི་བདེ་ཉི་མ་འགུལ་མེད་ཚོར་མེད་དུ་ཧད་སོང་།
         འགད་མདེལ་མགོ་ཐོག་དང་ཇེ་ཉེ་ནས་ཇེ་ཉེ་ངང་མནན་བྱུང་།
         ཞི་བདེ་ཉི་མས་མགོ་བོ་སྐྱོར་ཞིང་ཆོ་ངེ་དྲག་པོ་ཞིག་བཏབས་སོང་།
         ཆོ་ངེ་དེ་རི་འགག་གི་བྲག་ཅ་བརྒྱུད་ནས་བར་སྣང་དུ་འཁོར་བྱུང་།
         ཨ———— 
         ཨ————
         ཨ————
 
         ཞི་བདེ་ཉི་མས་འགྲེ་ལོག་ཅིག་བརྒྱབ་ནས་གཉིད་ལས་སད་བྱུང་།
         ཉེ་འགྲམ་གྱི་མི་དག་གིས་ཡ་མཚན་ངང་ཁོ་ལ་བལྟས་སོང་།
         ཞི་བདེ་ཉི་མ་དོག་མི་བདེ་བས་ངང་མགོ་བོ་ཕྲེད་གཡུག་ཅིག་བྱས་སོང་།
2019/2/21ཉིན་རྨི་ལམ་ཇི་བཞིན་འཕྲལ་མར་ཟིན་བྲིས་སུ་བཏབས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...