སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ང་ཚོ་ནི་ཕ་མ་ལ་སྲི་ཞུ་སྒྲུབ་མཁན་གྱི་མི་རབས་མཐའ་མ་ཡིན་ལ། བུ་བུ་མོས་རིས་སུ་བོར་བའི་མི་རབས་ཐོག་མའང་ཡིན།
རྩོམ་པ་པོ། རྐ་ཕུག་བསོད་རྡོས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-12 9:10:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
ང་ཚོ་ནི་ཕ་མ་ལ་སྲི་ཞུ་སྒྲུབ་མཁན་གྱི་མི་རབས་མཐའ་མ་དེ་ཡིན་ལ།
བུ་བུ་མོས་རིས་སུ་བོར་བའི་མི་རབས་ཐོག་མ་དེ་ཡིན། 
----ལོ་རབས་བརྒྱད་ཅུའི་རྗེས་ཀྱི་བུ་ཕྲུག་རྣམས་ལ་ཆེད་དུ་ཕུལ་བ།
རྩོམ་སྒྱུར་བ།    རྐ་ཕུག.བསོད་རྡོ། 
ཁ་བྱང་གི་འགྲེལ་ལམ་སྒྱུར་པ་པོའི་གཏམ། 
     འབོལ་རྩོམ་འདི་ནི་དྲ་ལམ་ཁག་ཏུ་ཧ་ཅང་རྒྱུག་ཆེ་ལ། ནང་དོན་དངོས་བྲིས་སུ་འདུག་པར། ཀུན་གྱིས་དོ་སྣང་མང་པོ་བགྱིས་ཤིང་སེམས་ཁུར་ཡང་མང་པོ་བརྗོད་ཡོད་སྐད།  བུ་བུ་མོ་ཁེར་སྐྱེས་ཀྱི་མི་རབས་འདི་དང་། ལྷག་པར་དུ་བོད་ས་བོད་ཡུལ་གྱི་མིག་སྔའི་སྤྱི་ཚོགས་ཁོར་ཡུག་ཏུའང་། འདི་འདྲའི་མངར་སྐྱུར་ཚྭ་གསུམ་གྱི་གཏམ་རྒྱུད་བྱུང་དང་འབྱུང་མུས་སུ་ཡོད་པས། སྤྱི་ཕན་དང་དྲང་ནུས་མཚོན་པའི་དཔེ་ཀློག་ནི་ཡ་རབས་ཡར་སྐུལ་གྱི་སྤྱོད་སྟངས་དང་ཡིག་ཐོག་ཞབས་ཕྱིའི་སྨན་དུ་བསམ་ནས་སྒྱུར་སྒྲིག་བྱས་པ་དགེའོ།
     ལོ་རབས་བདུན་ཅུའི་ནང་གི་འཆར་ལྡན་བུ་བཙའ་ནི་སྟབས་བདེ་སྒོས་བརྗོད་ན་མི་གྲངས་ཚོད་འཛིན་བྱེད་རྒྱུ་དེ་ཡིན་ལ། མི་གྲངས་ཚོད་འཛིན་བྱས་ཏེ་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་མི་གྲངས་ཁུར་རོ་ཇེ་ཡང་དུ་བཏང་སྟེ། འབྱོར་ཕྱུག་གི་ལམ་དུ་བསྐྱོད་རྒྱུ་དེ་ཡིན། ཡིན་ཡང་། མི་གྲངས་ཚོད་འཛིན་ནི་མི་སྤྱི་ཡི་གྲངས་ཀ་ཇེ་ཉུང་དུ་གཏོང་རྒྱུ་དེ་ཡིན་ཕྱིར། སྐབས་དེའི་ལམ་ལུགས་ཀྱི་གཡུལ་གཤོམ་ས་ནི་ཕ་མ་བུ་ཕྲུག་གང་ཡོད་དོ་ཅོག་ལས་དལ་འབྱོར་མི་ལུས་འཐོབ་ཏེ་འཇིག་རྟེན་དཀར་ངོགས་ན་ཡོད་པ་དག་མ་ཡིན་པར། འཇིག་རྟེན་ཨ་མའམ་སྦྲུམ་མའི་མཚན་དུ་འབོད་དུས་ཀྱི་མངལ་ཕོང་ཡོད་ཚད་ཡིན་ཕྱིར།  འདི་ནི་མིའི་རིགས་སྐྱེ་འཚར་གྱི་དཔྱིད་ཀའི་ས་བོན་མེ་རུ་སྒྲོན་ཏེ། མདངས་མེད་ཀྱི་དབྱར་གཞུང་དང་འབྲས་མེད་ཀྱི་སྟོན་ལྗོངས་ལས་མདོག་མེད་ཀྱི་དགུན་འཁྱགས་མི་བསླེབ་ཀ་མེད་ཡིན་པའི་ཆོས་ཉིད་ལྟར། ལོ་རབས་དགུ་ཅུ་དང་སྟོང་ལོའི་དུས་རབས་སུ་བསླེབས་དུས།  ཀྲུང་གོ་ནི་ལོ་ལོན་དང་ནད་པའི་རྒྱལ་ཁབ་ལྟ་བུའི་གནས་བབ་ཡིན་པ་ངོས་ཟིན་ཤིང་། ལོ་ངོ་སུམ་ཅུ་ལྷག་གི་འཆར་ལྡན་བུ་བཙའ་ཡིས་ཀྲུང་གོའི་བུ་བུ་མོ་ཁེར་སྐྱེས་ཀྱིས་ཀྲུང་གོའི་སྲོལ་རྒྱུན་མགོ་རྟིང་སློག་ཏུ་བཅུག་པར། སྤྱི་ལོ༢༠༡༦ལོར་ཀྲུང་གོའི་འཆར་ལྡན་བུ་བཙའི་སྲིད་ཇུས་ལམ་ལུགས་མཚམས་བཞག་ཏེ། བཟའ་ཟླ་ཡོད་ཚད་ཀྱིས་བྱིས་པ་གཉིས་རེ་བཙའ་ཆོག་པར་རེ་སྐུལ་བྱས་པའོ། །
     དེང་སྐབས་བུ་བུ་མོ་ཁེར་སྐྱེས་ཇེ་མང་ནས་ཇེ་མང་ཡིན་ལ། ཕ་མའི་སེམས་ནང་དུ་རང་གི་བྱིས་པའི་གོ་གནས་ནི་ཇེ་མཐོ་ནས་ཇེ་མཐོར་གྱུར་ཡོད། ཕ་མས་བྱིས་པ་ལ་གཅེས་དགོས་པ་ནི་རང་བཞིན་གྱི་ནུས་པ་རུ་བསམ་ཞིང་། བྱིས་པས་ཕ་མ་ལ་རེ་བ་འདོན་རྒྱུ་ནི་རྒྱུན་ལྡན་གྱི་སྣང་ཚུལ་དུ་སྒོམ།  རང་རེའི་རྒྱལ་ཁབ་ཏུ་ཕ་མ་མང་པོ་ཞིག་གིས་བུ་ཕྲུག་ལྟེ་བར་བཟུང་ནས་འཚོ་ཞིང་།  ཡོད་ཚད་བུ་ཕྲུག་གི་སླད་དུ་ཟུང་ཁྲག་ཤོར་བཞིན་ཡོད། 
     འདི་ནི་རླབས་ཆེ་བའི་ཀྲུང་གོའི་ཕ་མ་ཡིན་ལ། ཁོ་ཚོའི་སྐྱོ་སྡུག་ཁོ་ནའང་ཡིན།  རྒྱུ་མཚན་ཕ་མས་བུ་ཕྲུག་གི་ཆེད་དུ་བློས་བཏང་བ་ཡོད་ཚད་ཁོང་ཚོར་དྲིན་ལན་འཇལ་དགོས་ཟེར་བ་མིན་པར། རང་གི་བུ་དང་བུ་མོས་ཁོང་ཚོར་ཞེན་ལོག་ནས་འདོར་ཨེ་འཇོག་སྙམ་པ་དེ་ཡིན། 
     ང་ཚོའི་མི་རབས་འདི་ནི་བུ་བུ་མོ་ཁེར་སྐྱེས་ཀྱི་དུས་རབས་ཀྱིས་མནར་གཅོད་མྱོང་བའི་དུས་སུ་གྱུར་འདུག 
     ལོ་དེའི་རྒྱལ་སྟོན་དུས་ཆེན་གྱི་ཉིན་བཞི་བ་སྟེ། ཟླ་༡༠པའི་ཚེས་༤ཉིན་གྱི་དགོང་མོའི་དུས་ཚོད་དགུའི་སྟེང་། ཀོང་ཀྲིག་གི་སློབ་ཆེན་ག་གེ་མོ་རུ་དགེ་རྒན་ཆེན་མོའི་འགན་བཞེས་ཡོད་པའི་གྲོགས་པོ་རྒན་པས་ང་ལ་ཁ་པར་འབྱོར་བྱུང་། ཁོ་བོས་ཁ་པར་སྣེ་ལེན་བྱས་པར་གྲོགས་རྙིང་དགེ་རྒན་ཆེན་མོས་ངུ་སྐད་འདྲེས་མའི་ལམ་ནས་སྐད་ཆ་མང་པོ་ཞིག་བཤད་བྱུང་ལ། སྐད་ཆ་མང་པོ་ཞིག་བཤད་པའི་མཐའ་མར་ཁོ་བོས་གྲོགས་པོ་དགེ་རྒན་ཁོང་རང་གི་སེམས་ཁམས་ངོ་མའང་རྟོགས་བྱུང་།  དགེ་རྒན་ཆེན་མོ་ཞིག་འདི་ལྟར་ངུ་ངག་གི་སྡུག་ལ་སྦྱར་བའི་གཞི་རྩ་ནི་འདི་ལྟ་སྟེ། ལོ་དེའི་ཟླ༡༠པའི་ཚེས༡ཉིན་གྱི་ཞོགས་པར། རྒན་བཟའ་ཟླ་གཉིས་མྱུར་བགྲོད་མེ་འཁོར་ལ་བསྡད་དེ་ནན་ཅིན་སློབ་ཆེན་དུ་རང་གི་བུ་མོར་སྐོར་རྒྱག་གི་སོང་བ་ཡིན་ལ། རྒན་བཟའ་ཟླ་གཉིས་ཀྱིས་རང་གི་བུ་མོར་དགའ་སྤྲོ་ཞིག་སྐྱེ་རུ་འཇོག་བསམ་ནས་བུ་མོར་ཁ་པར་མ་གཏང་བར་ཐད་ཀར་བུ་མོར་ཐུག་གི་སོང་བ་ཡིན་མོད། འོན་ཀྱང་། མ་བསམ་ས་ནས། བུ་མོས་ཕ་མ་གཉིས་གློ་བུར་དུ་རང་གི་གམ་དུ་འབྱོར་བར་དགའ་སྤྲོ་སྐྱེ་བ་ནི་ཕར་ཞོག  དེ་ལས་ལྡོག་སྟེ་སྣ་གཉེར་ཞིག་བསྟན་ཏེ་ཕ་མ་གཉིས་ལ་ལེ་བདའ་བྱས་ཤིང་། བུ་མོས་བཤད་རྒྱུར། མོ་རང་མོས་མཐུན་མ་བྱུང་བར་ཁྱོད་གཉིས་ལྟ་རུ་ཡོང་བ་ནི་མོར་བརྩི་བཀུར་མ་བྱས་པའི་རྒྱུ་མཚན་དང་མོར་ཁ་པར་མ་བཏང་བར་ལྟ་རུ་འོང་བ་ནི་སྒེར་སེམས་ཆེ་བ་སོགས་ཀྱི་ལུགས་མེད་གནས་ལུགས་མང་པོ་ཞིག་འཆད་དེ། ཕ་མ་གཉིས་དང་འཕྲད་ན་དགའ་བའི་རྣམ་འགྱུར་ནི་ཕར་ཞོག   ཁོག་པ་ཡོད་ཚད་ཁོང་ཁྲོ་ཞིག་གིས་ཁེངས་ནས་འདུག་པར།  ཨ་མས་བུ་མོར། ཕ་མ་གཉིས་ཀྱིས་ཁྱོད་རང་དྲན་པས་ལྟ་རུ་ཡོང་བ་ཡིན་ཞེས་བཤད་ནའང་། བུ་མོས་ང་ཚོས་རྒྱུན་དུ་སྐད་འཕྲིན་གཏོང་གི་ཡོད་པས་དྲན་དགོས་དོན་མི་འདུག་ལ། ཁྱོད་གཉིས་ཀྱིས་བརྩེ་བ་དོན་མེད་དེར་ངོ་མ་ཅིག་སུན་པོ་འདུག་སྐད།  ཨ་ཕས་བུ་མོར། ཁྱོད་ཀྱི་ཨ་མ་ནན་ཅིན་དུ་ཐོག་དང་པོར་ཡོང་བ་ཡིན་པས།  ཁྱོད་ཀྱིས་རང་གི་ཨ་མ་ནན་ཅིན་མཁར་ལ་སྐོར་བར་ཅིག་ཁྲིད་ན་མི་བཟང་ངམ། བུ་མོས་ཨ་ཕའི་སྐད་ཆ་དེ་གོ་མ་ཐག་ང་རང་སློབ་གྲོགས་དང་དུས་བཅད་བྱས་ཡོད། ང་དང་སློབ་གྲོགས་སུའུ་ཀྲིག་ཏུ་རྩེ་རུ་འགྲོ་དགོས་པས།  ཁྱོད་གཉིས་ནན་ཅིན་དུ་གནས་སྐོར་བྱོས་ཟེར་ནས་བྲེལ་ཟིང་ངང་ཕ་མ་གཉིས་དང་ཁ་གྱེས་ནས་བུད་སོང་། དེའི་རྗེས་སུ་རྒན་བཟའ་ཟླ་གཉིས་ནན་ཅིན་དུ་ཉིན་གཅིག་ལ་བསྐོར་བ་བྱས་རྗེས། གནས་སྐོར་གྱི་སེམས་ཁམས་ཅི་ཡང་མེད་ལ་དོན་སྙིང་ཅི་ཡང་མེད་པར་འུ་ཐུག་སྒོས་ཕྱིར་ཀོང་ཀྲིག་ཏུ་མི་ལོག་ཀ་མེད་བྱུང་།
     གྲོགས་པོ་རྒན་པོས་གནས་ཚུལ་གསལ་བོར་བཤད་རྗེས། ཁོས་ང་ལ་ཁྱོད་ཀྱིས་བཤད་ན་ང་རང་གང་ནས་ནོར་འདུག་གམ་ཞེས་དྲི་བ་འདི་བཏོན་བྱུང་ལ། ངས་དྲི་བ་འདི་ལ་ལན་ཇི་ལྟར་འདེབས་དགོས་པ་མ་ཤེས......
     ང་རང་ཉིན་དེར་ཐའེ་ཡོན་ནས་རི་བོ་ཧྥོ་ཧྲན་གྲོང་ཁྱེར་དུ་འགྲོ་དགོས་བྱུང་བས།  ཞོར་དུ་སློབ་གྲོགས་རྙིང་བ་དང་ལྷན་འཛོམས་ཤིག་བྱེད་བསམ་ཡོད་མོད། འོན་ཀྱང་། བློ་ཡུལ་ལས་འདས་པ་ཞིག་ལ་སློབ་གྲོགས་ཚང་གི་གནས་ཚུལ་ཡང་གོང་གི་གྲོགས་པོ་དགེ་རྒན་ཆེན་མོ་ཚང་དང་གཅིག་འདྲར་གྱུར་ཡོད་པ་སྟེ། སློབ་གྲོགས་ཀྱི་བུ་མོ་ད་ལོའི་ཟླ་དགུ་བར་ཀོང་ཀྲིག་གི་སློབ་ཆེན་ག་གེ་མོ་ཞིག་ཏུ་རྒྱུགས་འཕྲོད་དེ། ཁོ་རང་ཆེད་དུ་བུ་མོར་སྐོར་རྒྱག་ཏུ་ཡོང་བ་ཡིན་མོད། འོན་ཀྱང་། བུ་མོས་རང་གི་ཨ་ཕར་ཁ་ཡ་དེ་འདྲ་མི་བྱེད་པར་མ་ཟད། ད་དུང་ཁ་པར་ལ་མགོ་འཁོར་ནས་འདུག་ལ། མོའི་ཉལ་ཁང་དུ་འགྲོ་བསམ་ཡང་བུ་མོས་ནང་དུ་འགྲོ་རུ་མི་འཇོག ཁོ་བོས་ཁྱོད་ཀྱི་བུ་མོ་ཅིའི་ཕྱིར་འདི་འདྲའི་སྤྲོ་སེམས་མེད་པ་ཞིག་ཡིན་ནམ་ཞེས་དྲིས་བར།  སློབ་གྲོགས་ཀྱིས་བུ་མོས་བཤད་ན་ང་ཚོའི་བསམ་བློའི་རིན་ཐང་མི་གཅིག་པ་ཡིན་ལ། གཉིས་ནས་ཨ་ཕ་ང་ནི་ནམ་རྒྱུན་བུ་མོར་སྐྱོན་ཡོན་བརྗོད་རྒྱུར་དགའ་བོ་འདུག་ཞེས་ཁ་བདེ་ལྕེ་བདེའི་ངང་འདི་ལྟར་བཤད་བྱུང་སྐད། སློབ་གྲོགས་ཀྱིས་ཨ་ཕ་ང་རང་མྱུར་དུ་ཕ་ཡུལ་ལ་འགྲོ་འདོད་སྐྱེས་ཞེས་ཀུ་རེ་ལབ་པར། བུ་མོ་དེ་ཐག་དགའ་འཛུམ་མངོན་ཏེ་ཁ་པར་ལས་མེ་འཁོར་པ་སེ་ཉོས་བྱུང་ཟེར།
     སྐབས་དེར། སློབ་གྲོགས་ཀྱིས། ད་ལྟའི་བུ་ཕྲུག་དང་ང་ཚོའི་དུས་རབས་ཀྱི་མི་གཉིས་མི་གཅིག་པ་རེད། ང་ཚོའི་དུས་རབས་སུ་སློབ་གྲྭ་རུ་སློབ་མ་ཡིན་དུས།ནམ་རྒྱུན་ཕ་མ་ཚོ་སྐོར་ཞིག་རྒྱག་ཏུ་ཨེ་ཡོང་སྙམ་ནས་རེ་སྒུག་བྱེད་པ་ཡིན་ལ། ཕ་མ་ཚོ་ཡོང་ཚེ་དགའ་ནས་མིག་ཆུའང་ཤོར་འགྲོ་བ་རེད་ཟེར།  སྐབས་དེར། ཁོང་རང་མིག་ཆུ་ཤོར་བྱུང་ལ། ང་རང་ཡང་མིག་ཆུ་ཤོར་བྱུང......
     ལོ་འགའི་སྔོན་དུ་ང་རང་ཨ་རིའི་ཧྭ་ཧྥོ་སློབ་ཆེན་དུ་རིག་གཞུང་བརྗེ་རེས་བྱེད་དུ་སོང་བ་ཡིན་ལ། སྐབས་དེར་ཞིབ་འཇུག་ལྟེ་གནས་སུ་ཉམས་ཞིབ་པ་ཞིག་གིས་ཞིབ་འཇུག་དཔྱད་གཞི་ཞིག་ལ་གྲོས་བསྡུར་བྱེད་བཞིན་ཡོད་པ་སྟེ། གྲོས་ཞིབ་ཀྱི་ཁ་བྱང་ལ་མ་འོངས་པའི་ཀྲུང་གོ་ལ་ཅི་ལྟར་འབྲེལ་བ་བྱེད་དགོས་ཞེས་པ་དེ་ཡིན།  ངས་ཉམས་ཞིབ་པ་དེར་ཁྱེད་ཀྱིས་གནད་དོན་འདི་ལ་ཞིབ་འཇུག་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་དྲིས་པར། ཨ་རིའི་ཉམས་ཞིབ་པས་བཤད་རྒྱུར། ལོ་ངོ་སུམ་ཅུའི་རྗེས་སུ། མིའི་རིགས་ཀྱི་ལོ་རྒྱུས་ཀྱིས་བུ་བུ་མོ་ཁེར་སྐྱེས་ཀྱིས་གྲུབ་པའི་རྒྱལ་ཁབ་ཅིག་བསུ་མ་བྱེད་རྒྱུ་རེད་ཟེར། 
     ཉམས་ཞིབ་པ་དེའི་སྐད་ཆ་གོ་རྗེས། ངས་བསམ་པར། རྒྱལ་ཁབ་དེ་ནི་ཆུང་བ་ཞིག་མིན་པར་རྒྱལ་ཁབ་ཆེ་བ་ཞིག་རེད། དེའི་ཕྱིར། ཁོ་ཚོས་འཛམ་གླིང་ལ་ཇི་ལྟར་མཉམ་གནས་བྱེད་རྒྱུ་ཡིན་པ་དང་། དཔྱད་གཞི་དེ་ནི་འཕྲིན་བཟང་ཞིག་གམ་ཡང་ན་གོད་ཆག་ཅིག་ཡིན་པ་ད་རུང་སུས་ཀྱང་མི་ཤེས་མོད། འོན་ཀྱང་། ཨ་རིའི་ཉམས་ཞིབ་པས་འཛམ་གླིང་ཞིབ་འཇུག་སྔོན་ཇུས་ནང་ཅིས་ཀྱང་འཇོག་དགོས་པའི་འཆར་ཇུས་ཤིག་རེད།   ཞིབ་འདང་ཞིག་རྒྱབ་ཚེ།  ངས་ད་གཟོད་ཨ་རི་བའི་མིག་རྒྱང་མཐོང་ཞིང་། བུ་བུ་མོ་ཁེར་སྐྱེས་ནི་ཁྱད་པར་ཅན་གྱི་མི་རབས་ཤིག་ཡིན་པ་གསལ་བོར་རྟོགས།
     སྐད་ཆ་ཚིག་གཅིག་ཏུ་བསྡུས་ནས་བརྗོད་ན། དེང་སྐབས་ཀྱི་ང་ཚོ་སྟེ།དར་མའི་མི་ལ་མཚོན་ནས་བརྗོད་ན།  ངེས་དོན་གྱིས་གདུག་རྩུབ་ཆེ་བ་ཞིག་ནི། ང་ཚོ་ནི་ཕ་མ་ལ་སྲི་ཞུ་སྒྲུབ་མཁན་གྱི་མི་རབས་མཐའ་མ་དེ་ཡིན་ལ། བུ་བུ་མོས་རིས་སུ་བོར་བའི་མི་རབས་ཐོག་མ་དེ་ཡིན། ང་ཚོས་རང་གི་བུ་ཕྲུག་སྲོག་བཞིན་གཅེས་རུང་། བུ་ཕྲུག་ཚོས་ཕ་མ་སྙིང་བཞིན་བཀུར་རམ། 
     རི་བོ་ཧྥོ་ཧྲན་གྲོང་ཁྱེར་གྱི་ཨ་མ་ཞིག་གིས་ཨ་རི་ནས་བསྐུར་འོང་བའི་འཕྲིན་ཐུང་ཞིག་གིས་ང་ཡི་སེམས་པ་དབང་མེད་དུ་སྒུལ་སོང་།  འཕྲིན་ཐུང་དུ་འདི་ལྟར་བྲིས་ཡོད་དེ། དགེ་རྒན་ལུང་ལགས། ཁྱེད་རང་བདེ་མོ་ཡིན་ནམ།  རི་བོ་ཧྥོ་ཧྲན་གྱི་གྲོགས་པོ་མང་པོ་ཞིག་གིས་ཁྱེད་ཀྱིས་བྲིས་པའི་བུ་བུ་མོ་ཁེར་སྐྱེས་སྐོར་གྱི་སྐད་འཕྲིན་རྩོམ་ཡིག་དེ་བརྒྱུད་བསྐུར་བྱེད་བཞིན་ཡོད་ལ། ངས་ཕྱོགས་གཅིག་ནས་བཀླགས་ཤིང་ཕྱོགས་གཅིག་ནས་མིག་ཆུ་ཕྱིས་པ་ཡིན། ང་ནི་སྐྱ་ཡ་མེད་པའི་ཨ་མ་ཞིག་ཡིན་ལ། ལོ་སོ་བརྒྱད་ལ་བུད་པའི་སྐབས་དེར་ངས་ལོ་བརྒྱད་ཅན་གྱི་བུ་མོ་གཉོར་ཏེ་འཚོ་བ་རོལ་བ་ཡིན། བུ་མོས་སློབ་སྦྱོང་གི་གྲུབ་འབྲས་ཧ་ཅང་བཟང་བས། མཐའ་མར་པེ་ཅིན་ཆིན་ཧྭ་སློབ་ཆེན་ནས་འབུམ་རམས་པ་མཐར་ཕྱིན་ཏེ་ཨ་རི་ནས་ཞིབ་འཇུག་གི་བྱ་བ་ལས་བཞིན་ཡོད། ངས་མག་པའང་ལོ་ན་ཆུང་མོད།  ཨ་རིའི་ཀྲི་ཅྰ་ཀོ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡིན། ཁོ་གཉིས་ལ་ལོ་བཞི་ཅན་གྱི་བུ་ཞིག་ཡོད་ལ། ཧྲང་ཧའེ་ཡི་སྤོ་བོ་དང་རྨོ་མོ་གཉིས་ཀྱིས་ལོ་ངོ་གཉིས་ལྷག་ལ་གཉོར་སྐྱོང་བྱས་ནས། ད་ལོའི་ཟླ་དྲུག་པར་ཕྱིར་ཧྲང་ཧའེ་རུ་ལོག་སོང་། འདི་ལས་གནད་དོན་གལ་ཆེན་ཞིག་ཡོད་པ་ནི་ངའི་བུ་མོ་དང་ཁོ་ཚོའི་མཐུན་སྒྲིལ་མི་བཟང་བས་རྒྱུན་པར་བཟའ་འཁོན་རྒྱག་གིན་ཡོད། དེའི་ཕྱིར། སྔོན་ཆད་ཧྲའེ་ཧའེ་ཡི་ཐིན་རིམ་པའི་ལས་བྱེད་པ་སྤོ་བོ་ཁོང་ཁྲོ་ཆེན་པོ་གཅིག་གིས་རྨོ་མོ་ཁྲིད་དེ་ཕྱིར་ཧྲང་ཧའེ་རུ་ལོག་པ་ཡིན་ལ། སྤོ་བོས་བཤད་རྒྱུར། རྗེས་ཕྱོགས་ཨ་རི་ལ་སྔུག་བསྔལ་མྱོང་གི་མི་ཡོང་ཐག་གཅོད་ཡིན་ཟེར།   གནས་ཚུལ་དེའི་དབང་གིས་ངའི་བུ་མོ་དང་མག་པ་གཉིས་ཀྱིས་རྒྱུན་པར་ང་ལ་ཁ་པར་ཡོང་ནས་ང་རང་ཀྲི་ཅྰ་ཀོ་རུ་ཁོ་ཚོར་བྱིས་པ་བདག་སྐྱོང་བྱེད་དུ་འབོད་ཀྱིན་འདུག ང་རང་ཨ་མ་ཞིག་ཡིན་ཕྱིར། བུ་མོའི་དཀའ་ཁག་བསམ་ནས་མཐར་ཨ་རི་ལ་མི་འགྲོ་ཐབས་མེད་བྱུང་། ཡིན་ཡང་། ང་རང་ཨ་རི་ནས་ཁོ་ཚོའི་བྱིས་པ་བདག་སྐྱོང་བྱེད་པའི་ལོ་ཟླ་དེར། ས་ཆ་དང་མི་ལ་མི་ལོབ་པ་ནི་ཕར་ཞོག  གཙོ་བོ་ཞིག་ནི་ངའི་བུ་མོ་དང་མག་གཉིས་ཀྱིས་ང་ལ་ཁ་བརྡ་དང་འབྲེལ་འདྲིས་མེད་པ་དེ་རེད།  ཁོ་ཚོ་ནམ་རྒྱུན་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱེད་པ་དང་། ཡུལ་ལ་འབྱོར་ཚེ་མྱུར་དུ་ཉལ་སར་རོལ་རྒྱུ་ཁོ་ན་བྱེད་པས། ང་རང་གཅིག་པུ་ཁོམ་ལོང་ངང་མི་འདུག་ཀ་མེད་བྱུང་། གནང་ང་དང་ངལ་གསོའི་དུས་སྐབས་སུ། ཁོ་ཚོས་བྱིས་པ་ཁྲིད་ནས་ཁམས་གསེང་བྱེད་དུ་བུད་འགྲོ་ལ། ཤུལ་དུ་ང་རང་གཅིག་པུ་བསྡད་པ་ཡིན། ངས་ངོ་མས་ཧ་མི་གོ་བ་ཞིག་ནི་ཁོ་ཚོས་དོན་ངོ་མ་ཅི་ཞིག་བསམ་བཞིན་ཡོད་པ་དེ་ཡིན།  དོན་ངོ་མར་ཨ་རིས་ཁོ་ཚོར་བཅོས་བསྒྱུར་བྱས་པ་ཡིན་ནམ། ཡང་ན་བུ་བུ་མོ་ཁེར་སྐྱེས་ཚང་མ་འདི་འདྲའི་གཤིས་སྤྱོད་མངའ་བ་ཡིན་ནམ།  ཡང་ན་ངེད་ཚང་གི་ཁྱིམ་ཚང་སློབ་གསོར་ཕམ་ཁ་མྱངས་བས་ཡིན། གལ་ཏེ་ང་རང་ཤེས་ཡོན་དམའ་བས་སློབ་གསོའི་མ་འདང་བ་ཡིན་ན། འོ་ན། ངའི་བུ་མོའི་སྒྱུག་པོ་དང་སྒྱུག་མོ་གཉིས་ནི་གཅིག་ནི་སྲིད་གཞུང་གི་དཔོན་པོ་ཡིན་ལ། གཅིག་ནི་ཧྲང་ཧའེ་ཐུང་ཅི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡིན། ཡིན་ཡང་། ཁོ་ཚོའི་བུ་ཡང་ཅིའི་ཕྱིར་འདི་འདྲ་ཞིག་ཡིན་དགོས་པ་རེད།
     རྒྱལ་སྟོན་གྱི་ཉིན་དེར།  ངའི་གཉེན་ཚང་གིས་ང་ལ་ཁ་པར་འབྱོར་བྱུང་ལ། ཁ་པར་ལས། ཁྱེད་ཀྱིས་དཀའ་ལས་མྱངས་སོང་། བུ་བུ་མོ་ཁེར་སྐྱེས་ཀྱིས་ང་ཚོ་བརྣགས་སོང་། ང་ཚོས་ཁོ་ཚོར་སེམས་ཁུར་དང་མ་གཅེས་བསམ་པ་ཞིག་མེད། རྗེས་མར་ཁོ་ཚོ་རང་ཉིད་ཀྱིས་ཁྱིམ་གཡོག་བུ་རྫི་གླ་རུ་འཇོག་པ་ལས་ཐབས་གཞན་མེད། ཁྱོད་རང་ཡང་ཕྱིར་ཡུལ་ལ་ལོག་ནས་རང་ཉིད་ཀྱི་འཚོ་བ་རོལ། ཁོ་ཚོར་ཁ་ཡ་མ་བྱེད་ཅིག་ཟེར། 
     ལོ་དེར།  བུ་མོ་སློབ་ཆེན་དུ་རྒྱུགས་སྤྲོད་སྐབས། ངས་ཧྥོ་ཧྲན་སློབ་འབྲིང་དང་པོའི་ར་སྐོར་ཕྱི་ནས་ཉིན་གསུམ་ལ་སྲུང་ཞིང་། བུ་མོ་སློབ་ཆེན་དུ་རྒྱུགས་འཕྲོད་པར་སྐྱབས་འཇུག་ཞུ་བ་ཡིན། ཆིན་ཧྭ་སློབ་ཆེན་གྱི་སློབ་བསྡུ་བརྡ་སྦྱོར་འབྱོར་བའི་དགོང་མོ་དེར། བུ་མོས་ང་ལ་པང་ཞིང་ངོ་གདོང་ནས་མིག་ཆུ་ཉིལ་ཉིལ་བཞུར་བཞིན་ཨ་མ་ལགས། ལོ་འདི་དག་རིང་ལ་ཁྱེད་ཀྱིས་དཀའ་ལས་མྱངས་སོང་། རྗེས་ཕྱོགས་ང་ལ་འཇོན་ནུས་ཡོད་ཚེ། ངས་ཁྱེད་ལ་དྲིན་ལན་དང་སྲི་ཞུ་བསྒྲུབས་ངེས་ཞེས་པའི་སྐད་ཆ་དེ་བཤད་སྐབས། ང་རང་ཇི་འདྲའི་དགའ་ཞིང་། ངས་སྡུག་མྱངས་པ་ཡོད་ཚད་རིན་ཐང་ཡོད་དོ་སྙམ་སོང་ལ། བུ་མོའི་བསམ་ཤེས་ཀྱི་སྐད་ཆ་ལས། ངས་འཇིག་རྟེན་སྟེང་ན་མུན་པ་ཞིག་མེད་པར་བསམ་སོང་། 
     ཡིན་ཡང་།  དུས་ད་ལྟ་བུ་མོར་འཇོན་ནུས་ཡོད་པའི་དེ་རིང་།  ང་ཡི་ཡ་ཆུང་སེམས་པའི་ཟབ་ས་རུ་སྔར་ཡོད་མ་མྱོང་བའི་སྡུག་བསྔལ་ཞིག་གིས་མི་གཏོང་ལ། བུ་མོས་རང་གིས་བཤད་པའི་སྐད་ཆ་དེ་དག་བརྗེད་སོང་ཡོད་པ་མི་ཤེས་ཤིང་།  བུ་མོའི་ཆེད་དུ་ཨ་མས་ཡོད་ཚད་བློས་བཏང་བའང་བརྗེད་སོང་ཡོད་པ་འདྲ། ང་རང་ངའི་བུ་མོར་ཧ་ཅང་དགའ་རུང་། ངའི་བུ་མོ་ང་ལ་དགའ་བཞིན་ཡོད་དམ།
     ཨ་མ་འདིའི་འཕྲིན་ཐུང་བཀླགས་ཚར་རྗེས།  ང་རང་ལ་སྔར་ལས་འདང་རྒྱག་ཅིག་དང་སེམས་ཁམས་ཤིག་ཤར་འོང་བ་ནི་ང་ཚོས་རང་གི་བུ་ཕྲུག་སྲོག་བཞིན་གཅེས་རུང་། བུ་ཕྲུག་ཚོས་ཕ་མ་སྙིང་བཞིན་བཀུར་རམ། འདི་ནི་ཨ་མ་ཞིག་གི་འདྲི་རྩད་མིན་པར། ཀྲུང་གོའི་མི་རབས་ཤིག་གི་དོགས་གནད་རེད། འདི་ལྟ་བུའི་འདྲི་རྩད་དང་དོགས་གནད་ལ།་ཀྲུང་གོའི་མི་རབས་གཉིས་ཀྱི་མིས་ལན་གདབ་དགོས། 
     རྒྱ་ནག་མཁས་པས་བཤད་རྒྱུར། ཕ་མ་དང་བུ་ཕྲུག་གི་ལས་འབྲེལ་ནི་ཚེ་རབས་གང་དེའི་མི་ཚེའི་ལམ་བུའི་ཁྲོད། མིག་ཟུང་གིས་སྐྱེལ་མ་བྱེད་རེས་ཙམ་དུ་སྣང་བས། བར་མཚམས་འདིར་ཁྱོད་ལ་རྒྱུ་རྐྱེན་ག་འདྲ་ཞིག་དང་འཕྲད་ནའང་། བུ་ཕྲུག་ཚོས་རང་གི་དྲིན་ཆེན་ཕ་མ་ཡབ་གཞིས་ལ་ཆེས་མ་མཐའི་བསྙེན་བཀུར་དང་བརྩི་མཐོང་བྱེད་རྒྱུ་ལས།  ཁེར་རྐྱང་དང་རིས་སུ་བོར་མི་རུང་ལ། དོན་དངོས་ཀྱི་བརྩེ་བ་དང་ལག་ལེན་ལས་ཁོང་ཚོའི་ཡ་ཆུང་སེམས་སུ་དྲོད་ཁོལ་སྦྱིན་དགོས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...