སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁམས་དོན་གྲུབ་ཚེ་རིང་གི་ལྷུག་རྩོམ《ཞེ་ལ་འཕྲེང་བའི་ཕ་ཡུལ》།
རྩོམ་པ་པོ། ཁམས་དོན་གྲུབ་ཚེ་རིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-16 9:03:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
      ལོ་ཁ་ཤས་ཤིག་གི་ཡར་སྔོན་ནས་བཟུང་། ང་ལོ་རེར་ཕ་ཡུལ་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་ཞིང་། ཕ་ཡུལ་དུ་ལོག་པའི་གྲངས་ཀ་ཡང་ལོ་སྔོན་མ་དག་དང་བསྡུར་ན་མངོན་གསལ་གྱིས་ཇེ་ཉུང་དུ་འགྲོ་བཞིན་འདུག དབྱར་དགུན་གནང་གི་སྐབས་སུ་ཕ་ཡུལ་དུ་ལོག་འདོད་ཀྱི་འདུན་པ་ཇི་ལྟར་ཆེ་ན་ཡང་། སློབ་སྦྱོང་དང་བྱ་བ་ཞེས་པ་འདིས་དུས་རྟག་ཏུ་ཕ་ཡུལ་དུ་ལོག་པའི་སྒོ་ཆེན་དེ་མེད་པར་བཟོས་འགྲོ།
     རྣམ་ཀུན་ཕ་ཡུལ་དུ་ལོག་ཐེངས་རེ་རེར། ཡུལ་མི་དག་གིས་ནམ་ཡོང་བ་ཡིན་ཞེས་འདྲི་ཞིང་ནམ་ཕྱིར་ལོག་དགོས་ཞེས་དྲི་བ་སྣ་ཚོགས་ཞིག་བཏོན་ཡོང་། ཁོ་ཚོས་སྐད་ཆ་དེ་དག་ལབ་ཡོང་དུས། ང་ལ་ཕྱི་རོལ་ཅིག་ཏུ་དུས་ནམ་ཡང་ངེས་གཏན་གྱི་ལོག་མལ་ཞིག་ཡོད་པ་དང་འདྲ་བའི་ཚོར་སྣང་ཞིག་ངང་གིས་འབྱུང་། དེ་དུས་ངའི་ཡིད་ལ་ཆུང་དུས་ནས་མཉམ་པོར་ནར་སོན་ཞིང་། ད་ཞག་ནང་ལོགས་ཀྱི་གྲོང་ཁྱེར་ཁག་ཏུ་ཕུགས་བསམ་འཚོལ་སྙེག་ལ་བརྩོན་བཞིན་པའི་ཆུང་བྱིས་པའི་དུས་ཀྱི་རྩེད་གྲོགས་དག་དྲན་ཡོང་། ཁོ་ཚོ་ཕ་ཡུལ་དུ་ལོག་དུས་འདི་ལྟ་བུའི་དྲི་བ་སྣ་ཚོགས་ལ་འཕྲད་ཀྱིན་ཡོད་དམ། ཁོ་ཚོས་དྲི་བ་འདི་དག་ལ་ལན་ཇི་ལྟར་གདབ་སྲིད་དམ། ངས་མཚམས་རེར་དེ་ལྟར་བསམ་བློ་བཏང་པ་ཡིན།
     སྔོན་ཆད་ཟི་ལིང་ནས་སློབ་གྲྭ་འགྲིམ་སྒང་དག་ཏུའང་། དབྱར་དགུན་གནང་དང་གུང་གསེང་གི་དུས་ཚོད་སྤྱད་དེ་ང་དུས་རྒྱུན་ཕ་ཡུལ་དུ་ལོག་མྱོང་ཡོད། དེ་དུས་ཕྱོགས་སོ་སོར་གྱེས་པའི་ཆུང་དུས་ཀྱི་རྩེད་གྲོགས་དག་ཀྱང་ལྷན་འཛོམས་འབྱུང་བའི་སྐལ་བ་ཡོད་དེ། ལྷན་དུ་རི་བསང་གཏོང་བར་འགྲོ་བ་དང་།  ཁྱིམ་ཁ་གཡས་གཡོན་ལ་ལོ་སར་ཞུ་རུ་འགྲོ་བ། གླིང་ཀ་དང་སྤྲོ་གསེང་གཏོང་བ་སོགས“འབུད་ན་སྒང་གཅིག་དང་ལྷུང་ན་ཁུགས་གཅིག”ཏུ་བྱས་མྱོང་། ང་ཚོ་མི་སུ་དང་སུ་ཡིན་རུང་། ཆུང་བྱིས་པའི་དུས་ཀྱི་འཚོ་བ་བརྒྱུད་ནས་མ་ཡོང་བ་ཞིག་མེད་ཅིང་། དེ་ནི་མི་ཚེའི་འགྲུལ་བཞུད་རིང་མོའི་ཁྲོད་ཀྱི་ཆེས་ཐོག་མའི་ས་ཚིགས་དེ་ཡིན། ད་ལྟ་ཕྱིར་དྲན་རེ་བྱས་ན། བྱིས་པའི་དུས་སྐབས་ཀྱི་དུས་ཚོད་ནི་ད་ལྟའི་དུས་ཚོད་ལས་འགྲོས་མགྱོགས་ཞིང་ཡུན་ཐུང་བའི་སྣང་བ་ཞིག་འདུག་སྟེ། དུས་ཚོད་ཐུང་ཐུང་གི་བག་ཆགས་དེ་ནི་ཆེས་མཛེས་ཤིང་ཡི་གར་འོང་བའི་ཕྱིར་དྲན་གྱི་མེ་ལོང་ཞིག་ཡིན་ལ། མེ་ལོང་དེའི་ངོས་སུ་ཁྱེད་ཀྱི་ན་ཆུང་བའི་འཇིག་རྟེན་གྱི་ལོ་ཟླ་རི་མོ་བཞིན་གསལ་ལེར་ཤར་ཡོད།
     ང་ཆུང་ཆུང་ཆུང་ཆུང་ཡིན་དུས། ཕ་ཡུལ་གྱི་ཁོད་ཡངས་བའི་རྩྭ་ཐང་གི་པང་ཁུགས་ནས་བེའུ་འཚོ་ཞོར་དུ་རང་དབང་གིས་རྩེད་མྱོང་ཡོད་ལ། སྐབས་དེར་བེའུ་འཚོ་རྒྱུ་ལས་གཞན་ད་དུང་ལས་ཀ་ཞིག་ཡོད་པ་ནི་སྟོང་བསམ་དང་འཆར་ཡན་བྱེད་རྒྱུ་དེ་ཡིན་ཞིང་། ནུབ་ཕྱོགས་ཀྱི་གནམ་སའི་མཚམས་སུ་བཞད་པའི་སྤྲིན་པ་དམར་པོ་དེར་ལྟ་ཞོར་གནས་དེ་ན་ཨ་ཕས་གནའ་གཏམ་ལས་གླེང་མྱོང་བའི་ཉི་མ་ལྷ་ས་ཡོད་པར་སྣང་ཞིང་། ལག་ཟུང་ཐལ་མོ་སྦྱར་ནས་གསོལ་འདེབས་ཡང་ཡང་བྱས་མྱོང་། རིམ་གྱིས་རང་ཉིད་ཀྱང་ལྷ་སའི་གླིང་དུ་བགྲོད་པའི་མི་ཕོ་རྫིག་ཆེན་ཞིག་ཏུ་གྱུར་ཞིང་།  པོ་ཏ་ལའི་ཐང་ཆེན་དུ་འདྲ་པར་ཞིག་བརྒྱབ་ཡོད་ཀྱང་སྲིད། བྱང་ཕྱོགས་ཀྱི་རི་བོའི་ཕ་རོལ་དུ་པེ་ཅིན་ཟེར་བའི་གྲོང་ཁྱེར་ཆེན་མོ་ཞིག་ཡོད་ལ། སྨྱུག་མ་དང་དབྱུ་གུའི་རླངས་འཁོར་ལ་ཁ་ལོ་བསྒྱུར་བཞིན་གྲོང་ཁྱེར་དེར་ཐེངས་ག་ཚོད་ལ་སོང་མྱོང་ཡོད་ཨང་། དེ་དུས། བེའུ་འཚོ་རྒྱུ་ལས་གཞན་ད་དུང་ལས་ཀ་ཞིག་ཡོད་པ་ནི་འདི་ལྟ་བུའི་སྟོང་བསམ་དང་འཆར་ཡན་བྱེད་རྒྱུ་དེ་ཡིན་ལ། འདི་དག་ནི་ངས་རང་གི་གྲོགས་པོ་ལྟ་བུའི་བེའུ་དག་ལ་གླེང་མྱོང་ཡོད་ཀྱང་སྲིད།   དེ་ལྟར་ཉིན་རྒྱུན་རི་མགོ་ནས་བེའུ་འཚོ་ཞོར་དུ་ཐག་ཉེ་རིང་གི་རི་ཀླུང་ཀུན་ལ་མིག་ཟུམ་ཟུམ་གྱིས་ལྟ་དུས། སེམས་ན་སུན་སྣང་དང་རེ་ཆད་མེད།  གནོན་ཤུགས་དང་ངལ་བ་མེད། སྟོང་བསམ་དང་འཆར་ཡན་ནི་ངས་རང་ཉིད་ལ་བསྐྲུན་པའི་བདེ་སྐྱིད་ཅིག་མིན་པའི་ངེས་པའང་མེད། དེ་ལྟ་བུའི་སྟོང་བསམ་དང་འཆར་ཡན་ནི་ངས་ཆེས་ཐོག་མའི་མི་ཚེ་བསམ་གཞིགས་དང་རྨི་ལམ་ཡིན་ཀྱང་སྲིད་དེ། སྟོང་བསམ་དང་འཆར་ཡན་གྱི་ཀློང་ནས་ངས་ཀྱང་རང་གི་མི་ཚེ་ལྡེབས་ངོས་སུ་རང་ཉིད་མི་གང་འདྲ་ཞིག་ཏུ་འགྱུར་བར་སྔོན་འགྲོ་ལྟ་བུའི་སྐྱ་རིས་རི་མོ་ཞིག་ཇུས་འགོད་བྱས་ཡོད་ལས་ཆེ།  གང་ལྟར།  ངས་བྱིས་པ་ཞིག་གི་མཐོང་སྣང་ལས་བརྒལ་བའི་རྨི་ལམ་མང་པོ་ཞིག་རྨིས་མྱོང་།  རྨི་ལམ་དེ་དག་གི་ཁྲོད་ནས་ང་རིམ་གྱིས་འཚར་ལོངས་བྱུང་པ་ཡིན། 
     ད་ལྟ། ང་ཚོས་དུས་རབས་གསར་བ་ཞེས་ཕ་ཡུལ་དང་རྒྱང་ནས་རྒྱང་དུ་བཀྱེད། རི་བོའི་ཕ་རོལ་གྱི་ནམ་མཁའ་དེར་ཅི་མི་སྙམ་པའི་གདེངས་འཇོག་དང་ཡིད་སྨོན་བྱེད། ཆེས་ཐོག་མའི་རྩ་བ་དང་གཏན་ཚིགས་བརྗེད། ཕ་ཡུལ་གྱི་གཡའ་དག་པའི་ནམ་མཁའ་ལས་དུས་གཏན་དུ་བརྒལ་འདོད་ཀྱི་ཚོད་ལྟ་དང་ཨུ་ཚུགས་ཡང་ཡང་བྱེད། ང་ཚོ་ཇི་ལྟར་རིང་དུ་གནས་ཀྱང་། ཕ་ཡུལ་དང་མེས་པོ་དག་གིས་གནང་བའི་བག་ཆགས་ལས་བརྒལ་ཐབས་མེད། བག་ཆགས་དེ་ནི་ང་ཚོའི་ཤ་རུས་ཀྱི་གསེང་ན་རྒྱུ་བའི་ཟུངས་ཁྲག་དེ་ཡིན་ལ། ངོ་གདོང་ན་དུས་གཏན་དུ་འཛུམ་པའི་དམར་སྨུག་གི་ཁ་དོག་དེ་ཡིན་ཀྱང་སྲིད། ཕ་ཡུལ་དུ་ལོག་ཐེངས་རེ་རེར། སློབ་གཉེར་གྱི་རྒྱུན་ལ་ཞུགས་མ་ཐུབ་པར་རི་ཁ་ན་ཕྱུགས་ལས་གཉེར་བའི་ཆུང་དུས་ཀྱི་རྩེད་གྲོགས་དག་གིས། ཧ་ཅང་ཡིད་སྨོན་གྱི་མིག་མདངས་ཞིག་གིས་བསུ་མ་ཡང་ཡང་བྱེད། ད་ལྟ་བསམས་ན། ནམ་ཡང་མེས་པོ་དག་གི་བག་ཆགས་མིག་འབྲས་བཞིན་སྲུང་སྐྱོབ་བྱེད་མཁན་ནི་ཁོ་ཚོ་ལས་མ་འདས་ཏེ། ཁོ་ཚོའི་ལུས་སྟེང་ནས་ང་མེས་པོ་དག་དང་ཉེ་བར་བཅར་བྱུང་ལ། འབྲོག་པ་ཞེས་པའི་གནའ་བོའི་མཐོ་སྒང་གི་རི་ཆུ་སྲུང་མཁན་གྱི་དཔའ་བོ་དེ་དག་གི་སྣང་བརྙན་ཀྱང་མཐོང་སོང་བ་འདྲ།
     བོད་ཀྱི་ཁ་དཔེ་ཞིག་ཏུ“དོག་མོ་ཁ་ཞེང་ཆེ་རུང་མི་རྙེད་པ་ཕ་ས། མགོ་ནག་རྐང་གྲངས་མང་རུང་མི་རྙེད་པ་ཕུ་ནུ”ཞེས་པ་བཞིན།  རྒྱ་གྲོང་གི་ཁོར་ཡུག་དང་མི་ལ་ཇི་ལྟར་གོམས་ལོབས་སུ་སོང་ཡང་། ངས་དུས་རྟག་ཏུ་བརྗེད་དུ་མེད་པ་དང་། ངས་དུས་རྟག་ཏུ་དྲན་བཞིན་པ་ནི་རང་གི་ཕ་ས་ཕ་ཡུལ་ཡིན།  ཕྱི་ལོག་ནས་ཅི་མི་སྙམ་པའི་སྙིང་སྟོབས་ཤིག་གིས་ཁེར་ཚུགས་སུ་བགྲོད་ཐུབ་པ་འདི་ཡང་། ཕ་ཡུལ་ཞེས་པའི་རྒྱབ་རི་བརྟན་པོ་ཞིག་གིས་ངའི་འདས་མ་ད་གསུམ་གྱི་བདེ་སྡུག་ཡོད་ཚད་ལ་རྒྱང་བལྟས་བྱས་ཡོད་པས་ཡིན་པ་འདྲ། ཕ་ཡུལ་དང་རིང་དུ་གྱེས་པས་ཕ་ཡུལ་ལ་ལྷག་ཏུ་དུངས་རྒྱུ་ཞིག་བྱུང་།  རང་གི་ལུས་སེམས་གཉིས་ཀར་ལྷོད་བག་ཅིག་བྱིན་ནས་རེ་ཞིག་དྲན་གདུང་དང་ངལ་བ་ཡོད་ཚད་ས་རུ་ཕོགས་ཏེ། རང་གི་ནང་ཉམས་ངོ་མ་བོ་བསྟན་ནས་ཕ་ཡུལ་གྱི་གཞི་རུ་ཆག་ཆག་བརྩམས་ཙ་ན། ང་རང་དུས་ཚོད་ཀྱིས་ཕྱི་རུ་དེད་ཚར་བའི་ལོ་ཟླ་རིང་མོ་ཞིག་གི་པང་དུ་འཁྱུད་བྱུང་བ་སྙམ་བྱུང་། རི་རྩེ་ན་ལྷབ་ལྷུབ་བསྐྱོད་པའི་དར་ལྕོག་དང་རི་ལུང་གི་ཉིན་སྲིབ་བཀང་བའི་ནོར་ལུག ལྭ་བ་གཡང་ཤམ་ལ་ལོབས་པའི་རྫི་བོ།  རྫ་གསེང་ནས་ལ་གཞས་གཏོང་བའི་བུ་མོ། ས་གཞི་ལ་འཁོར་བའི་རྒོད་པའི་གྲིབ་སོ།  ན་ཤུར་དང་གྲོག་མོ། ཐ་ན་རྩྭ་དང་རྩི་ཤིང་རེ་རེའང་སྔར་བཞིན་ཕ་ཡུལ་གྱི་སྣོད་བཅུད་ལ་ཐིམས་འདུག ཞིབ་ཏུ་བསམ་བློ་རེ་བཏང་ན།  དེ་དག་ནི་སྐད་ཅིག་སྐད་ཅིག་ཙམ་གྱི་ལོངས་སྤྱོད་ཕྲ་མོ་ཙམ་ལས་ངའི་འཚོ་གནས་དང་བར་ཐག་ངེས་ཅན་ཞིག་གིས་ཆོད་འདུག་པ་འདྲ། ཆུང་དུས་སུ།  ཕ་ཡུལ་གྱི་པང་ནས་ཀན་རྐྱལ་དུ་ལོག་སྟེ། ནམ་ཞིག་རང་ཉིད་ནང་ལོགས་ཀྱི་གྲོང་ཁྱེར་ཆེན་མོ་ཞིག་ཏུ་འགྲོ་བའི་རྣམ་པར་འཆར་ཡན་ཡང་ཡང་བྱས་མྱོང་པ་བཞིན། ང་ཕ་ཡུལ་དུ་སྡོད་དུས་ངས་ཕ་ཡུལ་ལྷག་ཏུ་དྲན་རྒྱུ་ཞིག་བྱུང་། ནམ་ཞིག་རང་ཉིད་གཞི་ནས་ཕ་ཡུལ་གྱི་པང་དུ་ལོག་ཆོག་ཨང་སྙམ།
     དུས་ཚོད་ཟེར་བའི་གཟུགས་མེད་ཀྱི་ཆོ་འཕྲུལ་ཆེན་པོ་དེས།  ང་ཚོའི་ན་ཆུང་བའི་འཇིག་རྟེན་གྱི་ལོ་ཟླ་ཕར་ལ་དེད། སྤོབས་སེམས་དང་ཡིད་ཆེས་ཀྱིས་ཁེངས་བའི་གཞོན་པའི་ལོ་ཟླ་ཚུར་ལ་བསུས། ཕ་ཡུལ་གྱི་རུམ་ཁ་ནས་སོ་སོར་གཏོར་དེ་ཕུགས་བསམ་དང་།  བྱ་བ།  འཚོ་བ། རྒྱུ་ནོར་སོགས་ཀྱི་འགན་ཁུར་ཕྲག་ཏུ་གཡུགས།  ཕ་ཁུ་དག་ཀྱང་ཚ་བོ་ཚ་མོའི་སློབ་ཞུགས་ལ་སྟབས་བདེ་བསྐྲུན་ཆེད་མཁར་གྲོང་གི་ཐོག་ཁང་དུ་སྤར།  ཕ་ཡུལ་ནི་ནམ་ཡང་སུ་ཞིག་གི་ལོག་ཕེབས་ལ་མིག་ཟུང་འཁྲེང་བའི་རྒས་འཁོགས་ཞིག་དང་འདྲ་བར།  མདངས་མ་ཡལ་བའི་ཁྲེལ་གཞུང་ཞིག་གིས་ང་ཚོ་དུས་གཏན་དུ་འཚོས་ཡོད།  ཕ་ཡུལ་དང་གྱེས་བའི་ད་བཟོད་ཕ་ཡུལ་དྲན་པ་ཡིན་ཞིང་།  ཕ་ཡུལ་དང་རིང་དུ་གྱེས་དོན་ཡང་།  ནམ་ཞིག་སེམས་གཏིང་ནས་ཕ་ཡུལ་ལ་ཐེངས་གཅིག་ལོག་འདོད་པས་ཡིན་པ་འདྲ།
     གཞི་ནས་ཕ་ཡུལ་གྱི་པང་དུ་ལོག་སྟེ།  ཆུང་དུས་ཀྱི་ལྷད་མེད་པའི་སྤྲོ་སྣང་རེ་རེ་ཐེངས་གཅིག་བཏུ་ཐུབ་ན་ཇི་འདྲའི་སྐྱིད་ཨང་།  དེ་ནི་ཤིན་ཏུ་སྐྱིད་ངེས།
 2019/9/7ཉིན་གྲུབ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...