སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྟག་རིག་འབྲུག་ཐར་གྱི་ལྷུག་རྩོམ《ཉི་མར་བླངས་པའི་གླུ》།
རྩོམ་པ་པོ། སྟག་རིག་འབྲུག་ཐར། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-10-10 8:34:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 ཉི་མར་བླངས་པའི་གླུ།
སྟག་རིག་འབྲུག་ཐར། (མཚོ་ལྷོ)
     ཐོ་རེངས་ཀྱི་ཡོལ་བ་བཀྱགས་མ་ཐག ཐང་མར་བརྡལ་བའི་སྐར་ཚོགས་ཀྱི་མིག་ཟུང་། རྗེས་མེད་ཤུལ་མེད་དུ་གནས་གང་ཞིག་ལ་ཤུགས་ཀྱིས་སྤྱུགས་པ་ལྟར་དཀར་གསལ་གྱི་སྣང་བས་མུན་ནག་གི་ཁམས་ཆེན་མོ་ཧྲུག་ཧྲུག་ཏུ་འཆོས། 
     རྟ་བདུན་གཞོན་ནུ་རི་གསུམ་རྩེ་རུ་ཁད་ཀྱིས་འཆར་དུས། གསེར་རྡོག་ཅིག་གི་འོད་རྣོན་མཁའ་མཐར་མཆེད་པ་ལྟར་མི་ཡུལ་གྱི་མགྲོན་དུ་ཕེབས་བྱུང་། གཟུར་མེད་ཕེབས་བསུ་ལ་སྐད་གསང་མཐོ་བའི་བྱ་ཕོའི་གསུང་དབྱངས་ཀྱང་གཅིག་མཇུག་གཉིས་མཐུད་དུ་སྤྲིན་གསེབ་ཏུ་རིམ་གྱིས་འཁྲིལ།
     གོར་གོར་གཞོང་པ་ལྟ་བུའི་ཉི་མ་ནི་མིག་ལ་འཇེབས་པའི་དོ་ཤལ་གྱི་རྒྱན་ཆ་ཞིག་སྟེ། སྐྱེ་བོ་ཡོད་དོ་ཅོག་གི་མཐོང་ལམ་དུ་ནམ་ཡང་ཉམས་པ་མེད་པའི་གསེར་གྱི་གོང་བུ་ཞིག་དང་གླིང་བཞི་གསལ་བར་འབྱེད་པའི་ལམ་སྟོན་གྱི་སྒྲོན་མེ་ཞིག ས་བོན་རྡོག་གཅིག་ལ་འབྲས་བུ་རི་ལྟར་སྨིན་པའི་དངོས་གྲུབ་ཀྱི་བདག་པོའང་ངོ་།།
     ཞོགས་པའི་ཉི་གཞོན་དལ་གྱིས་འཆར་དུས། སྒྲོ་ལྡན་འདབ་ཆགས་ཀྱི་ཚོགས་ནི་ལྗོན་རྩེའི་ཡལ་ག་དང་བར་སྣང་གི་འཕུར་མཆོངས་ཀློང་ན་ཉིན་གཅིག་གི་བགྱི་བར་སྟ་གོན་གྱི་འཛུམ་བག་དྭངས་མོ་གླུ་ཆུང་ལ་བསྒྲེས། ཉིན་གཅིག་གི་ལས་དོན་ལ་འཆར་གཞི་བཀོད་ཚར་བའི་སེམས་ཤུགས་ཅན་གྱི་རྐང་གཉིས་མིའང་ཉི་མའི་འཛུམ་ཟེར་འོག་ན་མགོ་བོ་ཡར་ལ་བཏེགས་ཏེ་ཉི་མར་འཚམས་འདྲི་ཞུ་བའི་རྣམ་འགྱུར་ཕྲན་བུ་ཙམ་སྟོན་པའི་ཁོམ་གླགས་ཀྱང་བྲལ་བར་མི་ཚེའི་བཤུལ་ལམ་སྟེང་དུ་རྡོག་སྣེ་རྡོ་ལ་བརྡར་བཞིན་དགའ་སྐྱོ་ཟུང་བསྡེབས་ཀྱི་འཚོ་བའི་ཡང་སྙིང་འཚོལ་ལ་འདུར་ཞིང་རྒྱུག ཐ་ན་ཉི་གཞོན་གྱི་དྲོད་ལ་རེ་བའི་རྒས་འཁོགས་ཚོས་ཀྱང་སྤྲིན་བྲལ་སྔོ་བསང་གི་གནམ་གཤིས་མཐོང་བས། ཞལ་འཛུམ་དགའ་བྲོད་ཀྱི་སེམས་ཁམས་ཉི་མ་ལྟ་བུ་ཞིག་མཐོ་རུ་བཏེགས་ཏེ་ཕྲེང་བའི་གཏོང་འཕེན་བར་ན་མ་ཎི་ཡིག་དྲུག་ངག་ན་སྙན།
     ཉིན་གུང་གི་ཉི་མ་སེར་པོ་མཁའ་དབྱིངས་སུ་དཔྱངས་དུས། རབ་བཀྲའི་འོད་མདངས་ལོངས་སུ་སྤྱོད་པའི་སེམས་ཅན་རྣམས་དགའ་སྐྱོ་ཁྲོ་སྡང་གི་འཚོ་བའི་རླབས་རིས་ངོས་སུ་བདེ་སྡུག་གི་རི་མོ་ཅི་ཡང་འབྲི། ཚེ་སྲོག་གི་གང་བུ་རྒྱས་པའི་མྱུ་གུ་ཚོགས་ཀྱིས་འཛུམ་བག་གི་གདོང་ཁྱིམ་ཁྱེད་ཕྱོགས་སུ་གཏད་དེ་བདེ་སྐྱིད་ཅེས་པའི་རང་དབང་གི་དགའ་བ་སེམས་སུ་མ་ཤོང་བར་འདབ་བརྒྱ་གྲོལ་ལ་ཉེར་བསྡོགས་རྩོམ། ཁྱེད་ཀྱིས་ཕངས་མེད་དུ་གནང་བའི་འོད་ཀྱི་ཟེར་མ་རེ་རེས་ནགས་ལྗོན་གྱི་རྩ་བ་རྒྱས་ཤིང་རྩེ་མོ་དགུང་ལ་གཏད། བྱིའུ་ཆུང་གིས་གཤོག་རུ་བརྐྱངས་ཏེ་གྲེ་འགྱུར་བྲག་ཅར་བསྐུར། བུ་ཆུང་གིས་ཕུ་ཐུང་བརྫེས་ཏེ་རྩལ་དྲུག་རྫོགས་པའི་བགྱི་བ་ལྷུར་དུ་བླངས། ཉི་མའི་གདོང་ནས་ཟགས་པའི་འོད་ཀོང་གི་ཀློང་དུ་ཡུན་གྱིས་འཁྱམས་དུས། རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་སྲོག་ལྡན་ཡོད་དོ་ཅོག་ལ་ད་གཟོད་གསོན་ཤུགས་རབ་ཏུ་བརྟས་ཤིང་། འཇིག་རྟེན་དུ་འཚོ་བའི་བདེ་སྐྱིད་ཀྱི་མངའ་བརྙེས་ཏེ་སྤྲོ་བའི་རུ་མ་གྱེན་དུ་འཕྱུར། ཡུན་ཐུང་ཚེ་སྲོག་དག་གི་རེ་བའི་མིག་ཞགས་ཀྱིས་གསེར་མདོག་གི་ཉི་མ་འཚོ་ཚུལ་གཞིགས་ན། འཇིན་རྟེན་འདིའི་ཡོལ་གོར་གསོན་ཏུ་རེ་བའི་ལག་བརྡ་དེ་མཛེས་ཤིང་སྡུག་པ་ལ། 
     ཐག་ཐག་དུས་ཀྱི་འཁོར་འགྲོས་ཀློང་ནས་ནུབ་ཁའི་ཉི་མ་ནི་རྒས་ཤིང་འཁོགས་པའི་བགྲེས་སོང་ཕྱག་རྟེན་ཅན་ཞིག་གི་བརྟུལ་ཞུགས་འཆང་སྟེ་ལ་ཁའི་རི་རྩེ་ནས་དལ་གྱིས་ཡལ་དུས། སོལ་བ་ནག་པོའི་ངང་མདངས་ཀྱི་སྨག་རུམ་སྟུག་པོ་ཞིག་གི་གོམ་ཁ་ང་ཚོ་དང་འཇབ་ཀྱིས་རྒོལ་བ་ན། འཛམ་གླིང་ཉི་མའི་དྲོད་ཁོལ་འདི།། དགུང་ཕྱི་དྲོ་མ་ལོན་མ་ཤེས་ཟིག། དགུང་ཕྱི་དྲོ་ལོན་ནས་ཤེས་དུས་སུ།། ངའི་འཛམ་གླིང་ཉི་མ་གང་ན་ཡོད་ཅེས་པའི་སྐྱོ་གླུ་ཐན་ཐུན་ཞིག་གི་འགུག་ལུགས་ཁྲོད་ནས་ཉིན་གཅིག་གི་བྱ་ལས་ལ་སྤྱི་སྡོམ་གྱི་ཚང་རྩིས་རྒྱག སྐད་ཅིག་མི་སྡོད་ངང་ཐུང་གི་གསེར་མདོག་ཉི་མའི་འཆར་ནུབ་རེས་མོས། ང་ཚོར་སྐྱེ་འཆིའི་ཆོས་ཉིད་ཀྱི་གོ་བརྡ་གསལ་བོར་སྦྲན་ཞིང་། སྐད་ཅིག་སྐད་ཅིག་གི་འགྱུར་བ་རེ་རེས་ཡོད་ཚད་མི་རྟག་པར་སྒོམ་པའི་བདེན་ལུགས་ར་སྤྲོད་བགྱིས། རེ་བར་གཤོག་ཟུང་སྤྲད་པའི་ཉིན་ལམ་རིང་མོ་ཞིག་ང་ཚོ་དང་དཔུང་བ་མཉམ་བགྲོད་སྒོས་འབད་བརྩོན་གྱི་གོ་ཆ་ལུས་སུ་སྤྲས་ནས་རྡོག་རྡོག་འབྲས་བུ་ཞིག་སྙིམ་པར་ལྷུང་བ་ན། ང་ཚོས་ཉམས་དགའི་བྱད་མདངས་སུ་འཛུམ་བག་ཆགས་ཏེ་དེ་རིང་གི་ཁྲི་གདུགས་ཉི་མའི་གཞན་ཕན་གྱི་ཐུགས་རྗེ་འཛམ་གླིང་ལ་བཀྲ་བ་བསོད་ནམས་སུ་སྒོམ་སྟེ་ཡང་བསྐྱར་སང་ཉིན་གྱི་ཉི་མ་གཞོན་ནུ་སླེབས་པར་རེ་བས་སྒུག་ངེས། 
     དགུན་གསུམ་གྱི་ལྷགས་རླུང་ཧྲིལ་གྱིས་མཆེད་ནས་གྲང་བའི་ན་ཟུག་གི་འོ་དོད་མཚམས་མེད་དུ་འབྱིན་དུས། ཨ་ཁུ་ཉི་མ་ཤར་ཤར། ཉིན་ཁའི་ལོ་ལོ་དྲོས་དྲོས། བྱིས་པ་སྣབས་ལུག་གྲང་གིན་འདུག གྱང་ཁ་ར་ཁ་ཞིག་གིན་འདུག་ཅེས་པའི་དགུན་གྱི་ཉི་མ་ངོ་མེད་ལ་འཁང་རའི་གླུ་ཆུང་གྱེར་བ་ན། ཁྱོད་ནི་དྲིན་ཆེན་གྱི་མ་མ་བཞིན་ལུས་སེམས་གཉིས་ཀར་དྲོད་ཀྱི་དགའ་བདེ་ཁྱེར་ཏེ་ང་ཚོ་དང་ཡང་ཡང་འཁྱུད་པར། ངས་ཉམ་ཆུང་གི་ལག་ཟུང་མཐོ་རུ་བཏེགས་ནས་དད་པའི་ཕྱག་ཟུང་སྤྱི་བོར་བཀོད་ཅིང་དགུན་ཁའི་ཉི་མ་མདུང་ཤིང་གང་བོར་གཅེས་པས་སྤྲས་ཏེ་བརྩེ་བའི་བསྟོད་གླུ་གསང་མཐོར་ལེན་པར་སྙེག ཉིན་གྲངས་དུ་མར་སྤྲིན་ནག་གིས་ནམ་མཁའི་ཞལ་ངོ་བསྒྲིབས་ཤིང་གྲང་ལྷགས་ཀྱིས་ལུས་སེམས་གཉིས་ཀར་གྲང་ཅང་ཅང་གི་ཚོར་བ་སྐྱུར་མོས་གནོན་དུས། སྲོག་ཐོགས་ཡོད་དོ་ཅིག་གིས་མེ་ལོང་མཚོ་མོ་འཕགས་འདྲའི་གནམ་ངོ་དྭངས་གསལ་གསལ་གྱི་དབྱིངས་སུ་དྲོད་འཇམ་འཇམ་གྱི་ཉི་མ་གཞོན་ནུ་ཞིག་འཕྲལ་མར་འཆར་བར་སྒུག 
དཔྱིད་གསུམ་གྱི་བསིལ་རླུང་དལ་གྱིས་ལྡང་དུས། ཁྱེད་ཀྱིས་རླུང་བུའི་ཕྱག་ལ་དྲོན་མོར་འཇུས་ཏེ་ཞིང་ཕར་འདེབས་ལ་དྲོད་ཀྱི་དགའ་བ་བསྐྱལ་ཞིང་གཡང་སྒོ་ཕྱུགས་ཀྱི་ཚེ་སྲོག་ལ་རེ་བའི་དྲོད་ཁོལ་དང་སྐྱེ་དངོས་ཁྲི་འབུམ་གཏི་མུག་གི་གཉིད་ལས་བསླངས།
     དབྱར་གསུམ་གྱི་ལང་ཚོ་མངོན་པར་བཞད་དུས། ཁྱེད་ཀྱིས་མེ་ཏོག་གི་མཛེས་སྡུག་ལ་བཀྲག་མདངས་ཀྱི་ཚོན་ཁ་བསྡེབས། ཁུ་བྱུག་གི་གསུང་དབྱངས་ལ་རམ་འདེགས་ཀྱི་གར་སྟེགས་བསྐྲུན།  
     སྟོན་མཇུག་གི་སྡོང་ལོ་སེར་པོར་གྱུར་བའི་ཚེ། ཁྱེད་ཀྱིས་འཛིན་མའི་སྐྱེ་རྒུ་ཡོད་ཚད་གསེར་དུ་བསྒྱུར་ཏེ་ལྗིད་ཏིག་ཏིག་གི་གཡུར་ཟའི་འབྲས་བཟང་ཞིག་སོ་ནམ་པའི་མིག་མདུན་ལ་བཤམས།
     མི་རྟག་འགྱུར་བག་ཁྲོད་དུ་རྒྱུ་བའི་གསེར་མདོག་གི་ཉི་མ་ལགས། གོ་ལའི་འཁོར་བགྲོད་ཀྱི་རྐྱེན་པས་སྒྲ་གཅན་གྱི་མཆེ་བ་གཙིགས་ཏེ་ཁྱེད་ཀྱི་སྐུ་ལུས་ལ་ཉམས་ཆག་ཐེབས་པའི་ཉི་འཛིན་གྱི་སྐད་ཅིག་མ་རེ་རེར། གོ་ལ་ཧྲིལ་བོ་མུན་ནག་སྨག་གིས་ཡོངས་སུ་བསྡམས་ཤིང་གཉིད་ཀྱི་མུན་པར་ཞུགས་ཏེ་སྣང་བའི་བདེ་དྲོད་ནི་སྲིད་མཐའ་ཙམ།  
     ཁྲི་གདུགས་ཀྱི་ཉི་མ་གཞོན་ནུ་ལགས། བསམ་མེད་བུ་ཆུང་ཚོའི་རྩེད་འཇོའི་འུར་ཟིང་གི་ཀློང་ན་ཚངས་པའི་ཐིག་རྟགས་སུ་བརྩི་བ་ཁྱེད་ཉིད་ཡིན་ལ། གྱང་རྩར་ལྷོད་ལྷོད་དུ་བཙོག་ནས་མ་ཎི་བགྲང་ཕྲེང་གི་བར་དུ་སྐྱིད་ལ་བསྐུར་བའི་ལོ་ལོན་ཚོའི་འཛུམ་ཀོང་ཡང་ཁྱེད་ཉིད་ཡིན། ཕོ་རྩལ་སྣ་དགུ་འཛོམས་པའི་སྟག་ཤར་སྐྱ་རྩལ་ཚོའི་གོམ་ལག་ངོམ་པར་ཁྱེད་ཉིད་མཁོ་ལ། སྨན་ཆུང་མཛངས་མ་ཚོས་སྤང་དཀྱིལ་སྦྲ་འདབས་ནས་འོ་ཞོ་དཀྲོགས་དུས་སྐྱིད་ཀྱི་སྣོན་མའང་ཁྱེད་ཉིད་དོ།། 
     ཚན་རིག་གློག་དམར་འཁྱུག་འདྲའི་འཕེལ་ཁའི་ཁྲོད། མིའི་རིགས་ཀྱི་འདོད་ཧམ་ཆེ་རུ་ཕྱེ་སྟེ་ཚམ་ཚོམ་བྲལ་བར་ཟླ་བའི་གོ་ལའི་སྟེང་བགྲོད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ཁྲིགས་ཁྲིགས་མེད་ཚེ་ནམ་ཉི་མ་ཞིག་ལ་ཧམ་པའི་ཁ་སྒོ་ཆེ་རུ་ཕྱེ་ནས་ཚོད་འཛིན་ལ་ཁྲེལ་བག་མེད་པའི་གང་ཟག་ཆེ་གེ་མོས་ཉི་མར་མནོལ་གྲིབ་ཐེབས་ནས་ཚ་དབལ་གྱི་འོད་རྣོན་བཅོམ་སྟེ་ཉི་མའི་གོ་ལའི་སྟེང་དུའང་ཨུ་ཚུགས་ཀྱིས་འཚང་བར་ཉེར་བསྡོགས་མི་རྩོམ་པའི་ངེས་པ་མེད་དོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...