སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འཇིག་རྟེན་གྱི་བྱ་བ་གང་དང་ཅི་འགྲུབ་པ་ལ་བྲལ་ཐབས་མེད་པའི་ནོར་བུ་གསུམ་བཤད་པ།
རྩོམ་པ་པོ། འབྲོག་རུ་འཇམ་དཔལ་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-10-19 9:23:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

འཇིག་རྟེན་གྱི་བྱ་བ་གང་དང་ཅི་འགྲུབ་པ་ལ་བྲལ་ཐབས་མེད་པའི་ནོར་བུ་གསུམ་བཤད་པ།

འཇིག་རྟེན་གྱི་བྱ་བ་གང་དང་ཅི་འགྲུབ་པ་ལ་བྲལ་ཐབས་མེད་པའི་ནོར་བུ་གསུམ་བཤད་པ།
-འཛམ་གླིང་དཔེ་ཀློག་ཉིན་མོའི་ལེགས་སྐྱེས།
                                   འབྲོག་རུ་འཇམ་དཔལ་རྒྱལ།

     ང་ཡི་ལང་ཚོའི་མེ་ཏོག་རྣམ་པར་བཀྲ་བའི་ཡིད་དུ་འོང་བའི་སློབ་མ་རྣམས། དེ་རིང་ནི་མིའི་རིགས་ཀྱི་ཤེས་རབ་བང་མཛོད་ཀྱི་སྒོ་མོ་འབྱེད་པའི་ཉིན་མོ་སྟེ། འཛམ་གླིང་དཔེ་ཀློག་གི་ཉིན་མོ་རེད། གོ་སྐབས་འདི་དང་བསྟུན་ནས་དོན་འདུས་ལ་དུས་ཐུང་བའི་ཁ་བརྡ་ཞིག་བྱེད་འདོད་པ་ནི། ང་ཚོས་བྱ་བ་གང་དང་ཅི་བྱེད་ཀྱང་དེ་འགྲུབ་པ་ལ་མེད་དུ་མི་རུང་ཞིང་། ཁ་བྲལ་ཐབས་མེད་པའི་ནོར་བུ་གསུམ་ཡོད་དེ། དེ་གསུམ་གྱིས་ཁྱོད་ཀྱི་བྱ་བ་ཐམས་ཅད་འགྲུབ་པའི་རྒྱུ་དང་གྲོགས་བྱེད།
     དང་པོ་ནི་རང་ཉིད་ཀྱི་ཕུགས་བསམ་མ་ནོར་བའི་སྒོ་ནས་བྱ་བ་གང་དེ་གདམས་གསེས་བྱེད་པ་ལ་ནན་ཏན་གྱིས་བསམས་ཤེས་ཡག་པོ་བྱ་དགོས། དམིགས་ཡུལ་གཞན་གྱི་སྒོ་ནས་བྱ་བ་མི་འདེམས་པ་དང་། གློ་བུར་བའི་དགའ་སྐྱོ་སོགས་རྒྱུ་མཚན་དུ་བྱས་ནས་བྱ་བ་མི་འདེམས་པ། དགྲ་གཉེན་ལ་ཆགས་སྡང་སོགས་ཀྱི་སྒོ་ནས་མི་འདེམས་པར་གང་ཞིག་ནི་བསྒྲུབ་ན་འགྲིག་པ་དང་། གང་ཞིག་བསྒྲུབ་ན་མི་འགྲིག་པ་བླང་དོར་ལེགས་པོ་ཕྱེ་བའི་སྒོ་ནས་བྱ་བ་གང་དེ་གདམས་དགོས།
     གཉིས་པ་ནི་བྱ་བ་གང་དེ་བསྒྲུབ་པའི་འགོ་བརྩམས་པ་ནས་བཟུང་ངེས་པར་ཏུ་མཐའ་འཁྱོལ་བའི་བར་ཏུ་བསྒྲུབས་དགོས། རང་ཉིད་ཀྱི་མིང་གྲགས་དོར་ཡང་ཆོག་ལ། མགོ་བོ་བཅད་ཀྱང་ཆོག ངེས་པར་ཏུ་ལེ་ལོ་དང་སྒྱིད་ལུག་སྣ་ཚོགས་དོར་ནས་བྱ་བ་གང་དེ་མཐའ་འཁྱོལ་བར་བསྒྲུབས་དགོས། རྒྱུ་མཚན་ནི་བྱ་བ་གང་དེ་འགོ་བརྩམས་ནས་མཇུག་མེད་པ་ནི་གོམས་པའི་ནད་ཅིག་ཡིན་ལ། རང་ཉིད་ཀྱི་བྱ་བ་ཐམས་ཅད་ལེགས་འགྲུབ་མི་འབྱུང་བའི་རྒྱུ་ཡང་ཡིན་ཏེ། གདམས་ཟིན་པའི་ཐོག་མའི་བྱ་བ་གང་དེ་ལ་མཇུག་ཡག་པོ་མེད་ན་དེའི་རྗེས་ཀྱི་བྱ་བ་དེ་ལའང་མཇུག་མེད་ངེས་ཡིན། དེ་བཞིན་དུ་དེའི་རྗེས་ཀྱི་བྱ་བ་གང་གི་སྣེ་བཟུང་ནས་ལས་འགོ་བརྩམས་ན་ཡང་མཇུག་ཡག་པོ་ལེགས་འགྲུབ་བྱེད་ཐབས་མེད་པ་ནི་རང་རྒྱུད་ལ་གོམས་པ་སྔོན་དུ་སོང་བའི་བློ་བརྟན་པོ་ཞིག་མེད་པའམ་རྒྱུན་རིང་གི་བརྩོན་པ་སྟེ། དོན་གཞན་སོགས་ལ་ཁ་གཡར་བའི་ལེ་ལོ་གང་རུང་གིས་བསྡུས་པའི་སྙིང་རུས་མེད་པའི་གོམས་པ་ངན་པ་དེ་ཡིས་རེད། དེ་ལྟར་མཐའ་མར་མི་ཚེ་འདིར་དོན་བྱ་ཅི་ཡང་མི་འགྲུབ་པར་མི་ཚེ་ལ་སྙིང་བོ་ལོན་པ་དཀའ་བས་སྤང་བླང་མ་ནོར་བའི་སྒོ་ནས་གདམས་པའི་བྱ་བ་གང་དེ་མཐའ་འཁྱོལ་བར་བསྒྲུབས་པའི་སྙིང་རུས་ནི་ནོར་བུ་གཉིས་པ་ཡིན།
     གསུམ་པ་ནི་བྲེལ་བ་མ་ལངས། བྱ་བ་གང་དེའི་འབྲས་བུ་འབྱུང་བ་ལ་བྲེལ་བ་མ་ལངས། ཉིན་གཅིག་དང་གཉིས། ཟླ་བ་ཁ་ཤས་སམ་ལོ་ཕྱེད། ལོ་གཅིག་དང་གཉིས་ཀྱི་ནང་དུ་བྱུང་བའི་འབྲས་བུ་དེ་རྒྱུ་སྤུས་བཟང་བོ་མིན་པ་ཐག་ཆོད་ཡིན། དུས་ཐུང་བའི་ནང་དུ་བྱུང་བའི་རྐྱེན་གྱིས་འབྲས་བུ་གང་དེའི་རྒྱུ་སྤུས་མི་བཟང་བ་ནི་ཆོས་ཉིད་ཡིན། དུས་ཚོད་ཐུང་ངུ་འདི་དག་གི་ནང་དུ་བྱུང་བའི་འབྲས་བུ་དེ་དག་ནི་ཧ་ཅང་ཆེས་སྤྱིར་བཏང་གི་དངོས་པོའམ་འབྲས་བུ་གང་རུང་ཞིག་ཡིན་ངེས། འོ་ན། གང་ཞིག་བསླད་མེད་ཀྱི་འབྲས་བུ་བཟང་བོ་ཞིག་ཡིན་ཞེས་ན། དུས་ཚོད་ཡུན་རིང་ལ་རང་གིས་རྟག་ཏུ་བརྩོན་པ་བྱས་ནས་ཐོབ་པའི་འབྲས་བུ་དེ་ནི་འབྲས་བུ་བཟང་ཞིང་དཀོན་པོ་ཞིག་ཡིན་ངེས། འབྲས་བུ་དེ་བྱུང་དུས་རང་ཉིད་ཀྱི་མགོ་བོ་མཐོན་པོ་གཟེངས་སུ་འདེགས་ནུས་པའི་རྒྱུ་མཚན་དང་ལྡན་ལ། འབྲས་བུ་དེ་ནི་རི་རྒྱལ་ལྷུན་པོ་དང་འདྲ་ཞིང་སུ་དང་གང་གིས་ཀྱང་བསྒུལ་མི་ནུས་པ་ཞིག་ཡིན།
     དེའི་ཕྱིར། རང་རེའི་སྐལ་ལྡན་གྱི་སློབ་བུ་ཁྱེད་ཅག་གིས་ཆུང་དུས་སློབ་གྲྭ་ནས་གོ་སྐབས་དམ་འཛིན་བྱས་ནས་སློབ་སྦྱོང་ཡག་པོ་བྱས་ཏེ་གཡོ་སྒྱུ་ཁྲམ་གསུམ་གྱིས་འཁྱེར་མི་ནུས་པའི་རང་ལ་དབང་བའི་སློབ་སྦྱོང་གི་འབྲས་བུ་བཟང་བོ་ཞིག་ལེན་པ་ནི་མི་ཚེ་ལ་སྙིང་བོ་ལེན་པའི་ཐོག་མའི་སྟ་གོན་དང་རྒྱུ་རྐྱེན་མ་ནོར་བ་དེ་ཡིན་ནོ།།
     ཞེས་ཀན་སུའུ་མི་རིགས་སློབ་ཆེན་གྱི་དགེ་མིང་ཙམ་འཛིན་པ་འབྲོག་རུ་འཇམ་དཔལ་རྒྱལ་ཀྱིས་འཛམ་གླིང་དཔེ་ཀློག་གི་ཉིན་མོར་རང་རེའི་སྐལ་ལྡན་སློབ་བུ་རྣམས་ལ་ལེགས་སྐྱེས་སུ་ཕུལ་བ་ཡིན།

སྤྱི་ལོ2015ལོའི་ཟླ4བའི་ཚེས23ཉིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...