སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མང་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་མའི་སྦྱངས་རྩོམ་བདམས་བཀོད།
རྩོམ་པ་པོ། འབྲུག་བྱམས་རྒྱལ། རྩོམ་སྒྲིག་པ། Michung དུས་ཚོད། 2017-5-17 15:42:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 ང་ཚོའི་སློབ་ཁང་།
རྡོ་རྗེ་ཚེ་རིང་། མང་རྫོང་མི་རིགས་སློབ་འབྲིང་གཉིས་པ།༼བདུན་བཞི་འཛིན་གྲྭ༽

         ང་རང་ཡངས་ཤིང་གསལ་བའི་སློབ་ཁང་དུ་འགྲོ་ཐེངས་རེར། ངའི་ཡིད་ལ་བརྗོད་ལས་འདས་པའི་དྲོད་སྐྱིད་དང་སྤྲོ་སེམས་ཀྱིས་ཁེངས་འོང་།
         སློབ་ཁང་དུ་འཛུལ་མ་ཐག   ཐོག་མར་མིག་ལམ་དུ་འཆར་འོང་བ་ནི་གྲལ་ཤར་གསུམ་ཡོད་པ་དེ་ཡིན་ཞིང་། གསེར་མདོག་ལྡན་པའི་ཅོག་ཙེའི་ངོས་སུ་འོད་ཆེམ་ཆེམ་བྱེད་པ་དང་། ཨར་འདམ་བླུགས་པའི་ཐང་ཕྱགས་ནས་གཙང་མར་བྱས་འདུག  དཔེ་ཁུག་རྒྱབ་ནས་ཕོག་སྟེ་རྐུབ་སྟེགས་སྟེང་ནས་ཙོག་པ་ན། མདུན་ཕྱོགས་སུ་ནག་ཅིང་འོད་འཁྱུག་པའི་སྒོ་སམ་མིག་ལམ་དུ་འཆར་འོང་། དེ་ནི་མུ་མཐའ་མེད་པའི་རྒྱ་མཚོ་ཆེན་པོ་ཞིག་དང་འདྲ་བར་ཤེས་བྱའི་ཟེགས་མ་མཁའ་ལ་འཕྱོ་བ་དང་། གཏིང་དུ་ཤེས་བྱའི་གཏེར་མཛོད་སྦས་ཏེ་ང་ཚོས་རིན་ཆེན་ནོར་བུ་ལེན་པར་སྒུག་འདུག་པ་དང་འདྲ་ལ། སྒོ་སམ་སྟེང་གི་ཡིག་འབྲུ་རེ་རེ་དང་ཨང་ཀི་རེ་རེའི་ནང་དུ་དགེ་རྒན་གྱི་སེམས་ཤུགས་དང་རྔུལ་ཆུ་སིམ་ཞིང་།ང་ཚོས་རིག་པ་བརྡར་ནས་གསལ་ཞིང་རྣོ་བར་གྱུར་བ་རེད།
         སློབ་ཁང་། ཁྱེད་ནི་ང་ཚོ་འཚར་ལོངས་འབྱུང་བའི་ས་ཞིང་ཡིན་ལ། དགེ་རྒན་ནི་ང་ཚོ་སྐྱེད་སྲིང་བྱེད་པའི་ལྡུམ་རའི་བདག་པོ་ཡིན། ང་ཚོ་ནི་མྱུ་གུ་ཆུང་ཆུང་དང་འདྲ་བར། ཉི་འོད་འོག་ཏུ་ཉིན་རེ་བཞིན་འཚར་ལོངས་བྱུང་སྟེ་མེས་རྒྱལ་གྱི་མ་འོངས་པ་མཚར་སྡུག་སྐྲུན་པའི་སྟ་གོན་བྱེད་བཞིན་ཡོད།

ངེད་ཚང་གི་གཡག་རྒན་རྒྱ་ལང་།

ཀླུ་སྐྱབས་རྒྱལ། མང་རྫོང་མི་རིགས་སློབ་འབྲིང་གཉིས་པ༼བདུན་བཞི་འཛིན་གྲྭ༽

       ང་རང་སློབ་གྲྭར་མ་ཆས་པའི་ཡར་སྔོན་དུ་ཏག་ཏག་རྫ་མགོ་ནས་ཕྱུགས་རྫི་བྱས་པ་ཡིན་ལ། ངེད་ཚང་གི་གནག་ཕྱུགས་གཡག་རྒན་རྒྱ་ལང་དང་འབྲི་མོ་ཁྲ་ལང་མ། སྔོ་ལང་མ། གྭ་གོར་མ་སོགས་བཀའ་དྲིན་ཆེ་བའི་སྒོ་ཕྱུགས་གང་མང་མང་ཞིག་གཅིག་རྗེས་གཉིས་མཐུད་དུ་བཙོང་བའམ་ཤི་བ་སོགས་མཐོང་ནས་ང་རང་ངུས་མྱོང་ལ། ལན་རེར་སྒོ་ཕྱུགས་དེ་དག་བཙོངས་བས་ངེད་ཚང་ལ་བཟའ་འཁོན་དུ་མའང་བྱུང་མྱོང་མོད། འོན་ཀྱང་བཙོངས་ཟིན་པའི་ཕྱུགས་ཟོག་དེ་དག་གི་ཁྲོད་དུ་ངའི་སེམས་པའི་བརྩེ་དུངས་ཀྱི་རྩིག་ལྡེབས་ངོས་སུ་ནམ་ཡང་བརྗེད་ཐབས་བྲལ་ཞིང་དྲན་འཛིན་གྱི་རི་མོ་ཉག་ཅིག་མཆིས་པ་ནི་ང་རང་སློབ་གྲྭར་འགྲོ་ཁར་བཙོངས་བའི་གཡག་རྒན་རྒྱ་ལང་ཡིན་ལ།ཁོ་ད་དུང་ལོ་ཆུང་ཞིག་ཡིན།
       ནོར་ནི་བསིལ་བའི་སྒང་དུ་མ་གཏོགས་ཚ་བའི་རོང་ལ་དེ་འདྲིས་པ་ཞིག་མིན་པས། དེ་ནི་མདོ་དབུས་ས་མཐོ་དང་། དེའི་ཉེ་འདབས་ཀྱི་འབྲས་ལྗོངས་དང་འབྲུག་ཡུལ། བལ་བོ་སོགས་ཀྱི་བསིལ་བའི་ས་ཁུལ་དུ་འཚོ་བ་ཞིག་ཡིན་པར་བཤད་ལ། ང་རང་ལོ་ན་ཕྲ་བའི་དུས་སུ་རང་བྱུང་ཁོར་ཡུག་དང་ས་བབ་ཆགས་ཚུལ་གྱི་དབང་གིས་ངེད་ཚང་ལ་ཡང་འབྲོག་ཁྱིམ་གཞན་དང་འདྲ་བར་ཁལ་འགེལ་བའི་གཡག་རྒན་མང་བོ་ཡོད།
      དེ་ལས་གཡག་རྒན་རྒྱ་ལང་གི་ཕྱིའི་རྣམ་པ་ཆེ་ལོང་ཙམ་བརྗོད་ན། དེའི་སྤུའི་ཁ་དོག་གནག་ཅིང་རིང་ལ། སུག་བཞི་ནི་གཡག་གཞན་དང་ལྟོས་བཅས་སུ་ཐུང་ཡང་། ལུས་རྒྱབ་གྱི་ཁུལ་རྩིད་རྫོབས་མཐུག་ཅིང་འབྲེག་སླ། དེ་ལས་བཟོས་པའི་རྩིད་གདན་དང་ཉལ་ཐུལ།འུར་ཆ་སོགས་ནི་བལྟས་ན་མཛེས་ཤིང་རེག་ན་འཇམ་པོར་ཡིན་པས་དངོས་ནས་མཆོག་གྱུར་ཅིག་ཡིན།
      མདོ་དབུས་ས་མཐོ་འདིར་མཚོན་ན། རི་མཐོ་གཡང་གཟར་གྱི་གྲོག་རོང་དང་རབ་མེད་ཀྱི་ཆུ་བོ་སོགས་འགྲིམ་འགྲུལ་རྗེས་ལུས་ཡིན་པས། དེ་མཚུངས་སུ་ངེད་ཚང་གི་འགྲིམ་འགྲུལ་ཡང་སྟབས་བདེ་མིན་པ་སྨོས་ཅི་དགོས། འོན་ཀྱང་གཡག་རྒན་རྒྱ་ལང་གིས་དུས་བཞིའི་འཁོར་བསྐྱོད་དང་བསྟུན་ནས་ངེད་ཚང་གི་སྦྲ་ནག་གྲུ་བཞི་ཁུར་ནས་དབྱར་དགུན་སྟོན་དཔྱིད་ཀྱི་ཚེར་སར་སྐྱེལ་བ་ཡིན་ལ། མཚམས་རེར་ང་ཚོ་ཁོ་རང་ལ་ཞོན་ཏེ་རི་མགོར་ཕྱུགས་འཚོ་སྐྱོང་དང་བསང་ཕུད་དུ་འགྲོ་བར་མ་ཟད། ཕྱིར་ཡོང་ཁར་ཨོང་བ་སོགས་གཡས་འགེལ་དང་གཡོན་འགེལ་བྱས་ནས་རང་ཁྱིམ་དུ་ལོག་པ་ཐེངས་ཉུང་ཉུང་ཞིག་ག་ལ་ཡིན།
      ལོ་ངོ་མང་པོ་འདས་ཤིང་ང་རང་ལོ་རིམ་བདུན་པར་སླེབས་ནའང་། གཡག་རྒན་རྒྱ་ལང་འདོགས་སའི་རྡིང་ཐག་ད་དུང་ངེད་ཚང་དུ་བསྲེལ་བར་བྱས་ཤིང་ལོ་ཟླའི་འགྱུར་བག་གི་ཁྲོད་དུ་གྱོང་ནས་ཡོད་ལ། རྨོ་མོས་ནམ་རྒྱུན་རང་གི་ཚ་བོ་ཆུང་ཆུང་འདིར་ཁྲིད་འོང་ནས་མགོ་སྦྲ་སྨུག་པོ་དང་ཁལ་གཡག་རྒྱ་ལང་གི་གཏམ་རྒྱུད་བཤད་དུས་ངས་རྨོ་མོའི་ཁ་འཕྲོག་ནས་བཤད་པ་ཡིན། 

སེམས་ཁམས་ཉི་འོད་ལ་ལྡེ་པ།

བྱམས་པ་འཚོ། མང་རྫོང་མི་རིགས་སློབ་འབྲིང་གཉིས་པ༼བདུན་བཞི༽

  ཉིན་དེར། ང་རང་ཧ་ཅང་སྤྲོ་སྐྱིད་ལྡན་པའི་རྒན་པོ་ཞིག་དང་འཕྲད།
  བསིལ་རླུང་དལ་བུར་ལྡང་ཞིང་དྲོ་འཇམ་གྱི་ཉི་འོད་ལམ་ལམ་དུ་འཕྲོ་བའི་ཉིན་མོ་དེར། ང་དང་ཨ་ཕ་གཉིས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་ཇོ་ཇོ་དགོན་པར་མཆོད་མེ་འཇོག་ཏུ་སོང་།
  ཨ་ཕ་དང་ངེད་གཉིས་རླངས་འཁོར་དུ་བུད་པ་ན་རླངས་འཁོར་ནང་དུ་ཁྱོད་ཀྱིས་རྒན་རབས་པ་དང་བྱིས་པར་སྡོད་གནས་སྦྱིན་པར་བཀའ་དྲིན་ཆེ་ཞེས་པའི་སྒྲ་ཞིག་མངགས་འདུག་ལ། ངེད་གཉིས་མདུན་དུ་བཅར་བཞིན་སྡོད་གནས་ཤིག་བཙལ་ནས་བསྡད་མ་ཐག མགོ་ལ་སྤྲ་བའི་མེ་ཏོག་བཞད་ཅིང་། ལུས་ཀྱི་གྱོན་པ་ཧ་ཅང་གཙང་བའི་རྒན་པོ་ཞིག་གོམ་སྟབས་དལ་བུར་ཚུར་ཡོང་ནས། མིག་གིས་ཕར་ལྟ་ཚུར་ལྟ་བྱས་ཏེ་ལག་པ་གཉིས་ང་སྡོད་སའི་རྐུབ་སྟེགས་ཀྱི་ཁེན་ཤིང་ལ་དམ་པོར་འཇུས། མཚམས་དེར་ང་རང་འགུལ་གྱིས་ཡར་ལངས་ནས་ཨ་མྱེས་ལགས། ཁྱེད་འདིར་བཞུགས་ཞེས་གུས་པ་དང་བཅས་ཏེ་བཤད་ཅིང་སེམས་ལ་རྒན་པོ་དེས་ང་ལ་བཀའ་དྲིན་ཞུ་ངེས་ཡིན་པར་སེམས། འོན་ཀྱང་བསམ་ཡིད་ལས་འདས་པ་ཞིག་ལ་རྒན་པོ་དེས། མིན། མིན། ང་མི་ཙོག་ཟེར། ངས་དེ་མ་ཐག་རྒྱུ་མཚན་ཅི། འདི་ནི་ཧ་ཅང་འོས་པ་ཞིག་རེད་ཅེས་བཤད་ནའང་། རྒན་པོ་དེའི་གདོང་ལ་འཛུམ་མདངས་ཀྱིས་ཁེངས་ནས། ལང་ཚོའི་མེ་ཏོག་ལྒང་བུ་འབུས་པ་ན།། ཤ་པགས་འཇམ་མཉེན་དཀར་ལ་དམར་བའི་མདངས།། བི་ཤྭ་ཀརྨའི་པིར་རྩེའི་རྩེད་འཇོ་ལས།། ཐོན་པ་མིན་ནམ་རང་ཡང་འཕྱང་མོ་ཉུག།།ཅེས་དགེ་བཤེས་ཚེ་ཏན་ཞབས་དྲུང་གི་སྙན་ཚིག་ཚན་པ་ཞིག་ལྷུག་ལྷུག་ཏུ་བཀླགས་ཞོར། བྱིས་པ་ཆུང་ཆུང་། ཨ་མྱོས་རྒས་མེད་ཟེར། ངས་ཀྱང་རང་དབང་མེད་པར། རེད། རེད། ཁྱེད་རང་རྒས་མི་འདུག་ཅེས་ཤོར་བ་དང་མཉམ་དུ་ང་ཚོ་ཚང་མ་བགད།
  ལུས་རྒས་རུང་སེམས་མི་རྒས་པའི་རྒན་པོ་དེས་ངའི་སེམས་ཁམས་ཉིན་གང་བོར་ཉི་འོད་ལ་ལྡེ་བའི་སྤྲོ་སྣང་གིས་བཟི་བར་གྱུར།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...