སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཀླུ་ཨ་རྡོར་གྱི་སྙན་རྩོམ《བཤེས་གཉེན་ལ་བསྟོད་པའི་བུམ་ཆུ》།
རྩོམ་པ་པོ། ཀླུ་ཨ་རྡོར། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-21 10:39:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
བཤེས་གཉེན་ལ་བསྟོད་པའི་བུམ་ཆུ།
ཀླུ་ཨ་རྡོར།
བཤེས༵་པ་མཚན་བཅུའི་སྐུ་ལུས་ལ། །
གཉེན༵་བརྒྱད་འདུལ་བའི་རྩལ་རྫོགས་གང་། །
དམ༵་ཅན་རྡོ་རྗེའི་ལྗོན་བཟང་ལ། །
པ༵་ར་མ་དཿ་ཆུ་འཛིན་བཀྲ། །
གུས༵་རྟག་བརྩོན་པའི་གཤིས་ལུགས་ལ། །
ཤིང༵་ཕྲན་འབུམ་གྱི་སྐར་ཚོགས་བཞད། །
འདུད༵་པ་འཁོར་ཀྱི་བུང་བས་ཀླུབས།།
བཤེས་གཉེན་དམ་པར་གུས་ཤིང་འདུད། །
རིག་པ་དྲི་མེད་ནམ་མཁའ་ལ། །
ཐབས་ཤེས་གཉིས་ཀྱི་ཉི་ཟླ་ཤར། །
བདེ་གསལ་ཡིད་ཀྱི་ཆུ་གཏེར་ལ། །
རིག་པ་བློ་ཡི་ཆུ་ཕྲན་འཁོར། །
སྨོན་ལམ་དག་པའི་ཆུ་བྱ་ལྡིང་། །
བཤེས་གཉེན་དམ་པར་གུས་ཤིང་འདུད། །
སྒྱུ་ལུས་དྲི་མེད་སྡོང་བོ་ལ། །
ཐབས་ཤེས་ཟུང་གི་ཡལ་ག་རྒྱས། །
བསླབས་ཤེས་ཡོན་ཀྱི་མེ་ཏོག་ཤར། །
ཉི་ཟླའི་རྒྱུ་སྐར་འོད་དུ་འཛུམ། །
བཤེས་གཉེན་དམ་པར་གུས་ཤིང་འདུད། །
ཨཱ་ལིའི་ཟེགས་མ་སི་ལི་ལི། །
ཀཱ་ལིའི་སྒྲ་དབྱངས་ཁྲོ་ལོ་ལོ། །
སུག་བྲིས་རི་མོ་ཡ་ལ་ལ། །
གཙུག་ལག་རིན་ཆེན་ལམ་སེ་ལམ། །
བཤེས་གཉེན་དམ་པར་གུས་ཤིང་འདུད། །
གཤིས་སྤྱོད་བདུད་རྩི་ཤ་ར་ར། །
མིག་མཛེས་གྲེ་འགྱུར་ས་ལ་ལ། །
འཛམ་བུའི་རི་གསུམ་བརྩེ་གཅིག་སྒོམ། །
སཱ་ལིར་འཇའ་ཚོན་ཅི་ལི་ལི། །
ཙན་དན་དྲི་བཟང་ཆི་ལི་ལི། །
འདབ་ཆགས་ཆུ་བྱ་ཀྱུ་རུ་རུ། །
བཤེས་གཉེན་དམ་པར་གུས་ཤིང་འདུད། །
སྟེང་ན་ཉི་ཟླ་ལམ་སེ་ལམ། །
འོག་ན་སྐལ་ལྡན་ཤུག་སེ་ཤུག །
བར་ན་ཆར་སྤྲིན་ལང་མ་ལིང་། །
གམ་ན་འགྲོ་དྲུག་སང་སེ་སང་། །
བཤེས་གཉེན་དམ་པར་གུས་ཤིང་འདུད། །
དུག་གསུམ་ཀུན་འཇོམ་བླ་མར་གུས། །
སྒོ་གསུམ་གཙང་མའི་བླ་མར་གུས། །
ཤེས་བྱའི་མངའ་བདག་བླ་མར་གུས། །
ལམ་ཚོགས་སེལ་ཕྱིར་བླ་མར་གུས། །
ལེགས་ཚོགས་ཀུན་འབྱུང་བླ་མར་གུས། །
བཤེས་གཉེན་དམ་པར་གུས་ཤིང་འདུད། །
སྲིད་པའི་སྒྲོན་མེ་གང་ཉིད་ལས། །
ལེགས་ཚོགས་རིན་ཆེན་ཅི་རྙེད་བསྡུ། །
རྒྱལ་དཔོན་གང་ལ་སྟོབས་ཆེ་ཡང་། །
ཁྱེད་ཉིད་འཛིན་མའི་ཏོག་ལྟར་མཛེས། །
མཛེས་པ་ཅི་སྙེད་ཡོད་ན་ཡང་། །
ཤེས་བྱ་རིན་ཆེན་ནོར་བུའི་རྒྱལ། །
བཤེས་གཉེན་དམ་པར་གུས་ཤིང་འདུད། །
འཛིན་མའི་ཁྱོན་ཀུན་ཞི་བྱེད་སྨན། །
ཁྱེད་ཀྱི་རིག་ལས་ཡོད་མ་ཡིན། །
ཡོད་ཀྱང་དེ་ཉིད་བསིལ་བའི་གཤིས། །
ཀུན་ཏུ་དག་པ་ཁྱེད་ལས་སུ། །
བཤེས་གཉེན་དམ་པར་གུས་ཤིང་འདུད། །
གཞན་ཕན་དགེ་བའི་སེམས་དཔའ་གང་། །
ད་རེ་སྲིད་མཐར་གནས་བ་ཁྱེད། །
ཁམས་གསུམ་གཞན་གྱི་ཡུལ་གར་ཡང་། །
ཡོད་མེད་བདག་བློ་ཐེ་མི་ཚོམ། །
བཤེས་གཉེན་དམ་པར་གུས་ཤིང་འདུད། །
རྣམ་འདྲེན་ཁྱོད་ཐུགས་བསླབ་གསུམ་གཞུང་། །
ཤེས་བྱ་རིག་པས་བང་མཛོད་བཀང་། །
ད་དུང་ངལ་བར་མི་འཛིན་པ། །
སྲིད་མཐར་རྒྱུགས་པ་ངོ་མཚར་ཆེ། །
བཤེས་གཉེན་དམ་པར་གུས་ཤིང་འདུད། །
རིག་པའི་གནས་གང་ལམ་སྟོན་ཅིང་། །
དྲི་ཀུན་དག་བྱེད་ལྷུར་བླངས་པས། །
གདུལ་བྱའི་ཚོགས་ཀུན་རབ་ཉེས་པ། །
རིག་པའི་ལྟིང་ཀ་སྐྱེད་པར་བྱེད། །
བཤེས་གཉེན་དམ་པར་གུས་ཤིང་འདུད། །
འགྱུར་མེད་ལྷུན་པོའི་གཤུས་ལུགས་གང་། །
དད་ཅིང་གུས་པའི་བླ་མ་ཁྱེད། ། 
བསྐལ་བ་ལྡན་གྱུར་འཛོམས་པ་ལེགས། །
ད་དུང་ཡང་ཡང་ཕེབས་པར་ཤོག །
བཤེས་གཉེན་དམ་པར་གུས་ཤིང་འདུད། །
ཕྱོགས་བཅུའི་བླ་མ་གཙུག་གི་ནོར། །
མ་ལུས་ཞལ་ཕྱེ་རྒྱལ་བོའི་བཀའ། །
རྣམ་མཁྱེན་ཀུན་གསལ་དབང་བོའི་ཞལ། །
འདོད་དགུ་མངོན་སུམ་སྩོལ་བར་བྱེད། ། 
བཤེས་གཉེན་དམ་པར་གུས་ཤིང་འདུད། །
ཡོན་ཏན་རབ་བཀྲ་རྒྱ་ཆེ་བ། །
བསྐལ་བའི་ཐུགས་བསྐྱེད་ཆོས་ཀྱི་སྐུ། །
ཟླ་བྲལ་མགོན་པོའི་དྲིན་ལས་ནི། །
ཚེ་འདིར་ངལ་མེད་ཅི་ལྟར་ཐོབ། །
བཤེས་གཉེན་དམ་པར་གུས་ཤིང་འདུད། །
ཆུ་གཏེར་མདངས་འགྲན་བཞིན་རས་ནི། །
པདྨའི་འཛུམ་བཞད་ལྷུག་པར་གྲོལ། །
བུང་བའི་འཁོར་ཚོགས་རབ་འཇུག་པ། །
མེ་ཏོག་དུས་ཀྱི་ཕུན་ཚོགས་འདྲ། །
བཤེས་གཉེན་དམ་པར་གུས་ཤིང་འདུད། །
མཚར་མཚར་ཤེས་བྱའི་སྙིང་བོ་ཀུན། །
མཚར་མཚར་གསུང་ནས་ཆུ་བོའི་རྒྱུན། །
མཚར་མཚར་བློ་ལ་ཅི་བྱར་བདོག །
མཚར་མཚར་གཙུག་ལག་ཉམས་འདི་མཚར། །
བཤེས་གཉེན་དམ་པར་གུས་ཤིང་འདུད། །
རབ་དགུའི་དཔལ་འབར་བྱེད་པོ་གང་། །
གང་གི་ལྗོན་བཟང་ཁུར་གྱིས་ལྕི། །
ལྕི་བའི་ཁུར་ཆེན་ཤེས་བྱའི་མཛོད། །
མཛོད་ལུས་བཅུད་ལྡན་འབྲས་བཟང་རབ། །
བཤེས་གཉེན་དམ་པར་གུས་ཤིང་འདུད། །
སྐུ་ལུས་རིན་ཆེན་གསེར་ཊཾ་ལྟར། །
ཐར་འདོད་རྣམས་ལ་ཅི་དགར་སྩོལ། །
ཆུ་གཏེར་ཆེན་པོའི་རྦབ་རྒྱུན་ཏེ། །
ཡང་ཡང་འཕྱོ་ཞིང་ཕྱོགས་ཀུན་འབབ། །
བཤེས་གཉེན་དམ་པར་གུས་ཤིང་འདུད། །
སྐུ་ལུས་རྡོ་རྗེའི་ལྷུན་པོའི་གཟུགས། །
གསུངས་ཆོས་རྗེ་བཙུན་སྒྲོལ་མའི་མགུར། །
ཐུགས་རྗེ་ས་གསུམ་སྲིད་མཐར་སྒྲོན། །
བྱིན་ཅན་བླ་མར་གུས་པས་འདུད། །
མཛེས་པའི་ངག་དང་སྙན་པའི་དབྱངས། །
བརྗོད་པའི་ཉམས་དང་དཔའ་བའི་སྟོབས། །
ཅི་ཡང་སྤྲས་བྲལ་ཞི་བའི་སྐུ། །
རྣམ་འདྲེན་ཁྱེད་ལས་ཡོད་རེ་སྐན། །
དེ་བས་བདག་བློ་དམན་པའི་རིགས། །
ཅི་སྐད་དེ་སྲིད་བྱིན་གྱི་རློབས། །
སྲིད་མཐའི་བར་ཏུ་རྗེས་འཛིན་པ། །
སྐྱབས་རྗེ་བླ་མར་ཕྱག་གསུམ་འཚལ། །
དེ་སྔ་ས་པཎ་ཞལ་སྔ་ནས། །
འབྲེལ་བའི་སྒོ་ནས་མི་བསྟོད་དེ། །
བཀའ་དྲིན་སྒོ་ནས་ཅིས་མི་བསྟོད། །
གལ་ཏེ་ཕྱོགས་སུ་ལྷོང་ཉིད་ན། །
བསྟོད་པར་གྱུར་ན་སྨད་པའི་གནས། །
གསུངས་བཞིན་སྐབས་སུ་རན་པར་མཛོད། ། 
ལྷན་ཅིག་རིགས་དྲུག་ཚོགས་ཀུན་དང་། །
སྲོག་ལྡན་ཚོགས་རྣམས་བདེ་ཞིང་སྤྲོ། །
བླ་མའི་སྐུ་གསུམ་ཧི་མའི་རྒྱུད། །
གསུངས་ཆོས་བདུད་རྩི་གཙང་ཆབ་རྒྱུན། །
ཐུགས་ཀྱི་སྙིང་བོ་བསྐལ་བརྒྱར་གཏན། །
   ཞེས་སློབ་ཆུང་དང་སློབ་འབྲིང་། སློབ་ཆེན། སློབ་ཆེན་བཅས་ཀྱི་བགྲེང་བྱ་ཉི་ཤུ་ལྷག་གི་རིང་ལ། ཚུལ་འཆོས་དང་དྲི་མ་གང་གིས་གོས་པ་མེད་པར་ཤེས་བྱ་ཡི་བློ་མིག་དམན་པའི་ཁོ་བོའི་རིགས་ཀྱི་གདུལ་བྱ་ཚོགས་ལ་བུ་བཞིན་སྐྱོང་བར་རྩོམ་པའི་བཤེས་གཉེན་དམ་པ་དག་ལ་ཟླ་ཚེས་བཟང་པོ་ལ་གུས་པས་སྦྱར།     
    
ཀླུ་ཨ་རྡོར། སྤྱི་ལོ་༡༠༡༦ལོར་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོ་ནས་དངོས་གཞི་སློབ་མཐར་ཕྱིན། ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་དུ་ཤེས་རམས་པའི་སློབ་གཉེར་བྱེད་བཞིན་ཡོད།
ས་གནས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། (北京市海淀区中关村南大街27号中央民族大学)                        


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...