སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ནུ་བོས་ཕུ་བོར་ཞུ་བའི་ངག་ལན་སྙིང་གི་མཆོད་པ།
རྩོམ་པ་པོ། རྡོ་རྗེ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-22 10:19:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
ནུ་བོས་ཕུ་བོར་ཞུ་བའི་ངག་ལན་སྙིང་གི་མཆོད་པ།
     ཕུ་བོ་ལགས། ཉེ་ལམ་སྐུ་ལུས་བདེ་བར་འཚམ་མམ། བྱམས་བརྩེའི་བདག་པོར་གྱུར་བའི་ཕ་མ་ཟུང་དང་རྒན་རྒོན་གཉིས། སྙིང་གི་ཨ་ཅེ་གཅེས་ལོ་མ། འཇམ་པའི་གཤིས་ཆགས་ཀྱི་སྲུ་མོ་དང་བཅས་པའི་ནང་མི་ཀུན་བདེ་མོ་ཡིན་ནམ། ཚང་མའི་སྐུ་ལུས་འཚམས་པོར་བཞུགས་སམ་ཅི། ཁྱེད་ཉིད་ཀྱིས་ཁོ་བོར་བསྐུར་བའི་འཕྲིན་པ་སྔ་མོ་ནས་བདག་གི་སར་འབྱོར་ཡོད། འོན་ཏང་ཉིན་འདི་འགའི་རིང་ལ་བྱ་བ་ཙག་ཙིག་གི་དགོས་དབང་གིས་ཁོམ་ལོང་གི་བར་གསེང་ཞིག་ཡེ་ནས་མ་བྱུང་ལ། ཁྱེད་ལ་ཡིག་ལན་ཅིག་བསྐུར་མ་ཐུབ་པས་དེ་རིང་བྲལ་ཟིང་བར་བརླག་ནས་གློག་འཕྲིན་གྱི་ཕོ་ཉར་བརྒྱུད་དེ་ཁྱེད་ཅག་ཁམས་བདེ་ཞིག་ཞུ་ན་འདོད།
     ཐོག་མར་དལ་འབྱོར་མི་ལུས་རིན་ཆེན་འདི་བསྩོལ་མཁན་གྱི་དྲིན་ཅན་ཕ་མ་ཟུང་ལ་ཁམས་བདེ་ཞུས་པ་ཡིན། ཁྱེད་གཉིས་ནི་རྣམ་ཤེས་ཚོག་དྲུག་གི་ངོ་བོ་དེ་ཉིད་ཁོ་བོའི་ཁམས་ལྔའི་སྣོད་དུ་ལྡུག་མཁན་གྱི་མ་མ། ཐབས་དང་ཤེས་རབ་གྱི་དད་དཔོན་ཆེན་མོ་དེ་ཡིན་ལ། ཆེས་ཐོག་མར་བདག་ཅེས་པའི་གང་ཟག་ལ་ང་རོ་སྦྱིན་མཁན་གྱི་མགོན་པོ་དེ་ཉིད་འང་ཡིན་སྲིད། གང་ལྟར། ཁྱེད་གཉིས་ལ་སེམས་དཔའ་ལྟ་བུའི་གཞན་ཕན་གྱི་སྟོབས་བཅུ་རྫོགས་ཡོད། ལོ་ཟླའི་ལྟེབས་ཉེར་གྱི་ཁུག་སོ་ནས་ཁོ་བོར་བསྩལ་བ་ནི་ཧ་ཅང་མང་ལ་ཤིན་ཏུ་ནི་བགྲང་གིས་མི་ལོན། དང་མ་དམར་ལྗིག་ལྗིག་གི་མཐེ་བོང་ཙམ་གྱི་བྱིས་པ་སྣབ་རྟུག་གང་ད་ལྟ་དཀར་ཐང་ཐང་གི་མི་ཆེན་ཞིག་ཏུ་གྱུར་ཡོད། དེ་བཞིན་མང་པོ་མང་པོ་ཞིག་ངག་གི་བརྗོད་པ་ཙམ་ལས་འགོང་བར་མི་ནུས་བས་ཚིག་ཀྱོག་མང་པོ་ཞིག་མི་གླེང་བར་བྱ། དེ་མུར་ཕ་ལོ་མ་ལོ་དག་ལ་ཞུ་ན་འདོད་པ་ནི། བདག་པེ་ཅིན་དུ་སློབ་གཉེར་བྱོན་པ་ནས་བཟུང་ཏག་ཏག་ཟླ་གཅིག་དང་ཕྱེད་ཀ་ལྷག་འགོར་ཡོད། སྤྱིར་སློབ་ཆེན་འདིའི་འཛུགས་སྐྲུན་ཐད་ནས་བོད་ཁམས་གྱི་ས་ཁུལ་དག་དང་ཧེ་བག་ཆེ་ཆེར་ཡོད་མོད། གནས་འདི་ནི་རང་རྒྱལ་གྱི་རྒྱལ་ས་ཡིན་པའི་ལྟོས་དབང་ཞིག་གིས་སློབ་གསོའི་ཁ་རླུང་ནི་འཇམ་ཞིང་དྭངས། རྟག་པར་བོད་རིགས་ཀྱི་སློབ་མ་སྦྱང་འབྲས་རྩེ་གྲས་དག་འབྱོར་པ་ཡིན་པས་ཤེས་རིག་གི་འགྲན་རྩོད་ནི་ལྷག་ཏུ་རྒོད་པས་དུས་ཚོད་ནི་སྲོག་ལས་འགངས་ཆེ། ལྷག་དོན་ཁོ་བོ་ཡང་སྔར་མོས་བཞིན་སོས་དལ་བག་ཕེབས་ཀྱི་ཚོར་བ་ཞིག་ཡེ་ནས་མི་འདུག་པས་ནམ་ཀུན་མིག་ཟུང་དཔེ་ཆ་དང་སྡེབས་སྟེ་བརྩོན་པ་བྱེད་གྱིན་མཆིས། ཁྱེད་གཉིས་ཀྱི་སྐུ་དོན་དུ་སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ་དང་རྩ་བའི་བླ་མར་ཐུགས་སྨོན་ཡང་ཡང་འདེབས་གྱིན་ཡོད། དེ་བས། སེམས་ཁྲེལ་དང་དྲན་པ་དེ་ཙམ་བྱ་མི་དགོས་ལ་བུ་ངའི་ཁམས་ཀུན་བདེ་མོར་ཆགས་ཤིང་ལུས་ཀུན་འཚམ་པོར་གནས་ཡོད་ལགས།
     དེ་ནས་ལྷག་བསམ་དང་དུངས་པ་ཟབ་པའི་བཀའ་དྲིན་ཅན་གྱི་ཕུ་བོར་ཞུ་ལན་དུ་བརྗོད་འདོད་པ་ནི། ཁྱེད་ནི་ཕ་མ་དང་བཤེས་གཉེན་དག་བོར་བ་ལས་བདག་ལ་ཤེས་རིག་གི་ལམ་སྣ་འདྲེན་པའི་མར་མེ་འོད་ཆེན་དེ་དང་། ཁམས་ཀྱི་དུག་ལྔ་རྩ་བཞིན་བཅོམ་པར་ནུས་པའི་གཉེན་པོ་དང་མ་དེ་ཡིན་ལ། གཞོན་དུས་ཀྱི་གཞིད་ལམ་རིང་མོའི་རྐང་ལམ་ཕྲ་མོ་དེའང་ཡིན་སྲིད། ཁྱེད་ཀྱི་ཤ་གསེང་བར་ཐོར་བའི་སྙིང་གཏམ་དྲོན་མོ་དེ་དག་ནི་རྒྱུས་མེད་ཐག་རིང་ཡུལ་གྱི་འདོད་བདེའི་བདུད་རྩི་མངར་མོ་དེ་ཅི་ལ་མིན། འོན་ཀྱང་། ཁོ་བོའི་གཤིས་གྱོང་རྩིབ་པོའི་ལུས་ལ་འཇགས་རྒྱུ་ནི་ཉིན་གྱི་སྐར་མ་བཞིན། དེ་བས་རྟག་པར་བརྩོན་པ་བྱ་ངེས། གཞན་ཁྱེད་ཉིད་ཀྱི་བསྐུར་ཡོང་བའི་ཞུ་ལན་ག་པར་ཡོད་ཅེས་ན།
     གཅིག ཁྱེད་ནི་སེམས་ཀྱི་བཀུར་བར་འོས་པའི་ཕུ་བོ་དེ་ཡིན་པས། འུ་སྤུན་མཆེད་གཉིས་ཁ་ངོ་ཕྲད་པའི་དུས་དེ་ནས་བཟུང་། ས་ག་གེ་མོ་དང་དུས་ག་པར་ཡིན་ཡང་ལེ་བདའ་དང་མི་གཙང་བའི་དྲན་པ་ཞིག་ཡེ་ནས་བྱུང་མྱོང་མེད་ལ། མ་འོངས་པར་ཡང་འབྱུང་བར་མི་རིགས།
     གཉིས། ཁྱེད་ནི་ཤེས་རིག་གི་དུད་པའི་ཁུར་ཆེན་གྱི་ལྗོན་པ་གང་། ཁོ་བོ་ནི་ཤེས་རིག་ཆོས་ཀྱི་དབུལ་བའི་དུད་ཅན་སྤྲང་བོ་དེ་ཡིན། དུད་པ་འདྲ་ཡང་དོན་སྙིང་བོ་ཁྱེད་ཉིད་ལྕི། དེ་བས། དྲག་ཏུ་འཕྱོ་བའི་སེམས་པ་རབ་ཏུ་དྲོད་ལ་བདེའང་བདེ།
     གསུམ། ཁྱེད་ནི་ཡིད་ཀྱི་ལས་གང་ཉིད་ཀྱི་དྲན་ཤིང་གི་རྡོ་རིང་དེ་ཡིན་པས། ཁྱེད་ཉིད་བསླངས་སར་ནམ་ཡང་ཡངས་ཤིང་རྒྱ་ཆེ་ལ་གསལ་ཡང་གསལ། ཁོ་བོས་གནས་གང་ན་ནམ་རྒྱུན་རྡོ་རིང་དེར་འཛུམ་གྱིས་བསུ་ལ་སེམས་ཀྱིས་དད་ཡོད།
     བཞི་བ། ནུ་བོ་ངར་རེ་བ་ཞིག་ཞུ་འདོད་པ་ནི་ལས་དང་བསྐལ་བས་འཕྲད་པའི་ཐུགས་འཇམ་གྱི་སྲུ་མོ་གང་ལ་ཐུགས་བརྩེ་ཟབ་མོར་གཟིགས་པར་འཚལ། གང་ཡིན་ཞེས་ན། སྤྱིར་འཇུག་རྟེན་ཕོ་མོའི་བརྩེ་བ་ཟེར་ནོ་སྔ་མོ་ནས་བདོག་པ་ཞིག་མིན་པ་ཁོ་བོས་ཤོད་པ་ཙམ་མ་ཡིན་ལ། དེ་ནི་སྐྱ་བོ་ཀུན་གྱི་གོམས་སྲོལ་དང་སྲིད་པ་རྒན་པོའི་ཆགས་རབ་ཡིན། ལྷག་དོན། བརྩེ་དུང་གི་རིན་ཐང་མ་བཤད་ཡང་ཁྱེད་ཉིད་ཀྱི་ཐུགས་སུ་གསལ་གྱི་ལེར་ཤར་ལགས་པས། བརྩེ་བ་སེམས་ཀྱིས་སྐྱོང་བར་བརྩོན། གཏམ་ཚིག་འོ་མས་ཤོད་གྱུར་ན། ཁྱིམ་ཚང་འདིར་ཡང་ལྷོག་ལྷོག་གི་དྲོད་ཅིག་འཁོལ་ངེས།
     གཞན། འཁོར་བའི་ལས་སུ་གྱུར་བའི་སྙིང་ཉེ་བའི་ཨ་ཅེ་ལ་བརྗོད་འདོད་པ་དང་ཞུ་འདོད་པ་ནི། ཨ་ཅེ་ལགས། ཁྱེད་ཀྱི་སྐལ་མང་པོ་མང་པོ་ཞིག་ཁོ་བོའི་ཆེད་དུ་བརླག་ཟིན་ལ་ཁོ་བོའི་ཆེད་དུ་ཕངས་མེད་དུ་སྩལ། ཕྱུགས་རིགས་གི་ལྕི་བ་དང་ཆར་ཆུའི་འདབ་རྫབ་ཁྲོད་མི་ལོ་གང་མང་ཞིག་ཕར་ལ་བསྐྱེལ། འོན་ཀྱང་། ནུ་བོ་ངས་ཁྱེད་ལ་གང་མང་ཞིག་ཆད་པ་ལས་གང་ཡང་བསྒྲུབས་སུ་མེད་ལ། ཅི་ཡང་མ་གནང་། དེ་བས་ཁྱེད་ཉིད་ནམ་ཡང་དྲན་གྱིན་འདུག ཁྱེད་ཀྱིས་རང་ལུས་ལ་གང་ལ་གང་འཚམ་ངང་བདག་སྐྱོང་བཟང་བོ་བྱས་དེ་བུ་ཕྲུག་དག་གསོ་སྐྱོང་བཟང་བོ་ཞིག་བྱ་རྒྱུ་མི་ནུ་བོ་གང་གི་རེ་བ་དང་སྨོན་འདུན་དེ་ཡིན།
     བདག་གི་སྙིང་ནས་གུས་པའི་ཕུ་བོ་ལགས། གཏམ་དྲང་མོར་བཤད་ན་ཡིད་བསམ་དགའ།། ཚིག་འཇམ་པོར་ཉན་ན་སྣང་བ་སྐྱིད།། ཟེར་བའི་དཔེ་ལྟར་དེ་རིང་ཁོ་བོས་བསམ་གཏམ་ཞིག་གླེང་ན་འདོད། ཁྱེད་ཀྱི་འཕྲིན་པ་དེ་མིག་ཟུང་གིས་ལྷོད་ཀྱིས་མཇལ་ཐེངས་རེར་ཉིན་དེའི་བྱ་བ་དེ་དང་ཉིན་དེའི་སེམས་ཁམས་གང་། དུས་དེའི་སྣང་བ་དེ་དང་། ཡུལ་དེའི་གཤིས་ལུགས་སོགས་མིག་རྣ་སྣ་ལྕེ་ལུས་པོ་དང་ཡིད། ཐ་ན་ཀླད་ཆེན་དང་ཁྲག་རྩའི་རྒྱུབ་ལམ་རེ་རེ། རུས་པའི་རྐང་པ་རེ་རེ་ནས་ན་ཟུག་དང་རྔུལ་ཆུ་བཞུར། ཉིན་འདི་དག་ལ་ཉི་འོད་ཅི་ལྟར་ཆེ་ཡང་ལུས་པོར་ཚ་དྲོད་མེད་ལ། ཞུམ་ཟས་ཅི་ལྟར་ཟས་ཀྱང་རོ་བཅུད་གྱི་ཚོར་བ་མྱང་གྱིན་མི་འདུག སྣང་བ་སྐྱ་མོ། ཡིད་སེམས་ཐན་ཐུན། རེ་བ་ཙག་ཙིག རྐང་ལམ་ཀྱག་ཀྱོག སྟོང་འདང་རེ་རྒྱབ་ན་ཡོད་ཚད་རང་ཉིད་ལ་ནུས་པ་མེད་པས་ལན། ཡོད་ཚད་རང་ཉིད་ལ་ཡོན་ཚད་མེད་པས་རེད།
     གཞན། དྲིན་ཅན་གྱི་ཡབ་ཡུམ་གཙོར་གྱུར་ཤ་ཚའི་ཁྲག་རྒྱུད་རྣམས་པའི་རེ་བ་དང་ཡོད་ཆེས། ད་དུང་སྙིང་ཉེ་བའི་བྱམས་པའི་བརྩེ་བ་དང་མིག་ཆུ། དེ་བཞིན་དགེ་བའི་བཤེས་གཉེན་དག་དང་བརྩེ་བའི་སྤུན་གྲོགས་སོགས་ཀྱི་ཐུགས་འཁུར་དང་རྒྱབ་སྐྱོར་གང་མང་ཞིག་ཆུ་ལ་བསྐྱུར་བའི་སྣང་ཚུལ་འདི་མཐོང་ན་ཡིད་སེམས་སྣང་བ་སྐྱོ་གི
     ཕུ་བོ་ལགས། ལོ་ངོ་བཞིའི་གཞིད་ལམ་དེར་ཕྱིར་འདང་རེ་རྒྱབ་ན། དེ་དུས་ཕམ་ཁ་གང་མང་ཞིག་ལུས་ཀྱི་མྱང་ཞིང་མིག་མཆིས་བསུས། ཕམ་ཁ་དེ་ཉིད་ཕམ་ཁ་རྐྱང་རྐྱང་ཙམ་མ་ཡིན་པར། དེ་ནི་མིག་ཆུའི་ཟེགས་མ་དང་རྔུལ་ཆུའི་ཐིགས་པ་ལས་བསགས་པའི་ཆུ་ཕྲན་ཞིག་སྟེ། ཆལ་ཆིལ་དུ་འཕྱོ་ཞིང་ལྷོག་ལྷོག་ཏུ་ཁོལ་གྱིན་ཁོལ་གྱིན། དུས་ད་གཟོད། ཤེས་བ་ཞིག་དང་སྣང་བ་ཞིག་གིས་དུས་ཀྱི་འགྱུར་ལྡོག་ལྟར་འཕེལ་འགྲིབ་འབྱུང་བ་ནི་རྨངས་ནས་ཚོར་ལ་གཞི་ནས་རྟོགས་བྱུང་། འོན་ཀྱང་ཕམ་ཁ་འདི་ཉིད་སེམས་སུ་ཤར་ན་སྐྱོ་ལྷང་ལྷིང་། སྙིང་དུ་དྲན་ན་འཇམ་བསིལ་བསིལ། མི་ལོ་དུ་མའི་དགའ་ལས་ཀྱིས་མྱང་བའི་དག་ཞིང་གི་གཞིས་ཁྱིམ་འདིར། རང་ཉིད་ཀྱི་ནུས་ཚོད་དང་ཐུབ་ཚོད་ཀྱི་བརྩོན་པ་ལྷུར་ལེན་བྱས་མོད། མཐའ་མར་འབྲས་སུ་སྨིན་པ་ནི་སྐམ་རུལ་དུ་གྱུར་བའི་སྡོང་དུམ་ཞིག་ལས་ཅི་ཡང་མ་མཆིས། དེ་བས་བདག་གི་སྣང་ངོར།
     ནངས་སྔ་མོའི་སྐྱ་འདའ་དྭངས་དུས་སུ།། ཞལ་སྨིག་པོར་འཛུམ་བག་སྤྲོ་བསམ་ཀྱང་།། ལུས་ནུས་མེད་ཉམས་ཆུང་སྒོམ་གྱུར་ན།། སེམས་བསམ་པ་ཨ་ཐང་ཇེ་ཆད་རེད།། བར་ཉིན་གུང་ཉི་འོད་རྒྱས་དུས་སུ།། ཁམས་བསིལ་མོར་དྲོད་ཅིག་སྟེར་བསམ་ཀྱང་།། ཡིད་སྟོང་བའི་གྲང་ཤུར་རེག་ཙ་ན།། ཁམས་འབྱུང་བཞི་གྲང་བ་ཇེ་ཆེ་རེད།། དགུང་ཕྱི་དྲོད་མཚམས་སྤྲིན་ཤར་དུས་སུ།། སྡུག་སྐྱོ་བ་རུམ་དུ་འཇུག་བསམ་ཀྱང་།། མུན་སྟུག་པོས་མཐོང་ལམ་སྒྲིབས་པ་ན།། སྐྱོ་ལྷང་ངེར་སྣང་བ་ཇེ་ཞན་རེད།། སེམས་བསམ་པ་སྐྱོ་བ་སྐྱེས་དུས་སུ།། རྒྱུགས་སྐར་གྲངས་ཡིད་ལ་ཤར་དུས་སུ།། ལུས་སྤྱི་བོར་ན་ཟུག་ལངས་དུས་སུ།། དུས་གསུམ་ཀ་ཚོར་ན་ཞེ་རེ་སྡུག ། སྡུག་པའི་སྣང་བ་འདང་ཞིག་སྟོང་ན།། སྟོང་བའི་འདང་དེར་མིག་བྱོལ་བྱས་ན།། བྱོལ་བའི་ཤུལ་དེར་ཞིབ་ཏུ་བསམ་ན།། སྐྱོ་བ་མ་ཡིན་མུན་པ་ཡིན་ཚོད་འདུག ། སྐྱོ་བའི་བསམ་དེར་འདང་ཞིག་སྟོང་ན།། སྟོང་བའི་འདང་ལ་བློ་རྒྱ་མེད་ཀི།། བློ་རྒྱ་མེད་པའི་རང་རློམ་བསམ་ན།། རང་ཉིད་ཕོངས་བའི་རྐྱེན་ཡིན་བསམ་བྱུང་།། འཐོར་བའི་མིག་ཆུར་འདང་ཞིག་སྟོང་ན།། སྟོང་བའི་འདང་དེར་རང་ཚུགས་མེད་ཀི།། རང་ཚུགས་མེད་པའི་གཤིས་ལུགས་བསམ་ན།། བཞུར་བའི་གཙོར་རྐྱེན་འདི་ཡིན་ཚོར་ཐ།། ཚོར་བའི་ཐ་མར་རྒྱལ་སར་འབྱོར་བྱུང་། འབྱོར་བའི་ས་ལ་ཀྲུང་དབྱང་མི་རིགས་སློབ་ཆེན་ཞེས། འབྱོར་བ་བྱུང་ན་སེམས་པ་རབ་ཏུ་མྱོས།། དེ་ཀུན་ཅི་བྱ་ཕ་མ་གཙོར་གྱུར་བ། ནང་མི་དྲིན་ཅན་དག་ལས་གནང་བ་དྲན། དྲན་པ་གང་ཉིད་སེམས་སུ་གཏོར་དུས།། བློ་སྙིང་མཆིན་གསུམ་ཚ་ཞིག་སྟེར་གི ། ཚ་དྲོད་གང་ཞིག་བློ་རུ་ངེས་དུས།། དྲིན་ཅན་ཕུ་བོ་སྙིང་ནས་དྲན་གི ། 
བདག་ནི་སུམ་རྩེན་ལྟ་བའི་རྒྱལ་སར་ནི་འཁོད་ཀྱང་། །  རྒྱུས་མེད་ཡུལ་གྱི་གྲོང་དང་གྲོང་ཁྱེར་ནི་མང་པོ། ། འདྲེན་བྱེད་དབང་པོ་གང་ཉིད་མཐོང་ལམ་དུ་གསལ་དུས། ། གློག་ཞུ་ཁྲ་ཚོམ་བཞད་པའི་སྐར་ཚོགས་གྱི་འབུམ་སྡེ། ། འུར་ཆེན་དབྱར་རྔ་ཙམ་ཉིད་ཕྱོགས་ཀུན་ནི་ཁྱབ་པ། ། ལྡིར་སྒྲ་ངམ་ངམ་ཅན་གྱི་འཕྲུལ་འཁོར་ནི་སྣ་ཚོགས། ། མྱུར་འགྲོས་བང་དང་བཅས་པའི་ཅང་ཤེས་གྱི་ཟླ་བོ། ། བརྗིད་ཆགས་ས་འཛིན་དཀར་པོའི་བང་རིམ་ནི་འགྲན་པ། ། ཐོག་བརྩེགས་ཁང་པ་དང་ནི་མཁའ་གོས་ཅན་ལས་འགྱིངས། ། ཚན་རྩལ་བྱ་ལམ་ཡངས་པོར་རྒྱུ་བ་གང་མཐོ་བ། དཔལ་འབྱོར་གླིང་ཀུན་ཟིལ་གནོན་ཤུགས་དྲགས་ནི་འཇིག་ཆེ། ། ཤེས་རིག་སྣ་མང་ཡོན་ཏན་ཀུན་ཀྱི་མཛོད་འཛིན་པ། ། བསྟོད་པའི་སྙན་ཚིག་ཁ་མིན་སེམས་ཀྱིས་ཤོར་བར་ངེས། ། དེ་ཡང་སློབ་ཆེན་གང་ཉིད་བསྟོད་གྱུར་ན། དེ་ནི་བོད་ཁམས་ཕྱོགས་ཀུན་དག་ལས་རབ་མཛེས་པ། ། ཤེས་ཡོན་དཔལ་འབར་རྟ་གདོང་མེ་བཞིན་དྲོད་ཁོལ་སྦྱིན། ། རིགས་གྱི་གདུལ་བྱ་བུང་བའི་ཚོགས་རྣམས་འཕུར་ལྡིང་རྩེན། ། འདོད་པའི་ཤེས་བརྩོན་དང་ནི་གླང་ཆེན་སྨྱོན་པ་བཞིན། ། དུས་དྲུག་ཅི་ཙམ་འགྱངས་པ་དྲན་འཛིན་ཡུལ་ནི་མ་ངེས། ། རིག་པ་གང་ཉིད་མཁས་ཅན་ཆར་ཤུལ་ཤ་བརྡོལ་བ། ། ཚོགས་དང་རིགས་ཀུན་ཡོངས་འདུས་དཔག་སེམས་ཤིང་ལྟར་འདུ། ། འཛོམས་པ་ཕྱོགས་ཀུན་བཀྲ་བས་བདག་འདྲ་བ། ། ནམ་ཀུན་དཔེ་ཁང་གང་དེར་འདུར་རྒྱུགས་བྱེད། ། འདུར་པ་དེ་ལ་ཡུན་གྱི་སྟོབས་གང་མཁོ། ། དེ་རིང་མི་རྫོགས་སང་ཉིན་དེ་བས་གལ། མ་འོངས་མ་འོངས་སྨོན་བཞིན་ལྷག་ཏུ་བརྩོན། ། བརྩོན་པ་སེམས་སུ་རེག་ན་ཡིད་སྣང་སྐྱིད། ། ལམ་ཐིག་བརྩོན་པས་འཇལ་ན་ཡིད་རེ་སྐྱེས། ། ཕ་མ་གཙོར་བྱས་སྤུན་མཆེད་རེ་བའི་མི། ། ཁོ་བོས་ཡང་ནི་ཁྱེད་ཅག་དཀའ་སློབ་དྲན། ། དྲན་པའི་ངོར་ལ་བརྩོན་པ་ཤུགས་ཆེར་འདོན། ། འདོན་པའི་ཤུགས་ལ་ཡུན་གྱི་བང་གིས་འཇལ། ། འཇལ་བའི་ལམ་གང་ཡོན་ཏན་ཅི་སྙེད་པ། ། པ་ཕ་དབྱངས་གསལ་གནས་ལ་ལྷུར་ལེན་བྱ། ། བྱ་བའི་ལས་ཀུན་ལས་འབྲས་སྙིང་དུ་སྒོམ། ། སྒོམ་པའི་ལུས་ལ་དཀར་པོའི་གཤིས་ཀྱི་སྤུད། ། སྤུད་པ་གང་ཉིད་ཁྱེད་ཅག་རེ་འདོད་བཞིན། ། སྤྱི་བོར་བཀུར་ཏེ་བརྩོན་པ་བྱ་ངེས་ལགས། ། འདི་གསུམ་ཚོར་བའི་རྨང་བྱས་ཏེ།། དམ་པའི་ཕུ་བོར་སྨྲས་ལགས་པས།། རིག་བཟང་ཕུ་བོའི་དྲན་ཚུལ་དང་།། ཤེས་བྱ་རྫོགས་པའི་ཕུ་བོའི་ངོར།། སྐལ་བའི་ནུ་བོས་བསྐུར་བ་ལགས།
     མཐར་ཕ་མ་གཉིས་དང་། སྐྲ་དཀར་གྱི་རྒན་རྒོན་གཉིས། སྲིང་མོ་དང་བཅས་ཁྱེད་ཅག་གི་སྐུ་ལུས་གསེར་གྱི་ལྷུན་པོ་ལ་བླ་མེད་འོད་འབྱིན་ཀྱིིས་ཕྱོགས་ཀུན་ཁྱབ་པ་དང་། མི་འདོད་པའི་དུག་ལྔས་ཁམས་གང་གཙེ་བ་མེད་པར་འབྱུང་བ་ཐ་དག་ཞི་བའི་གནས་ལས་གྲོལ་བར་འགྱུར་བར་སྨོན། གཞན་བདག་གི་སྲུ་མོ་དང་ཁྱེད་གཉིས་ཀྱི་བརྩེ་བ་བརྗིད་པའི་ཉམས་ཀྱི་སྤྲས་ཤིང་དུས་གཏན་འཛུམ་པའི་མདངས་ཀྱིས་ཕྱུག་གྱུར་ཅིག ། 
     ཞེས་རྒྱལ་ས་པེ་ཅིན་གྱི་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཤེས་རམས་པའི་མིང་བྱང་འཛིན་པ་ཅན་ནུ་བོ་རྡོ་རྗེ་ནས་སྤྱི་ལོ༢༠༡༧ལོའི་ཟླ་ཚེས་བཟང་པོ་ལ་ཕུལ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...