སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྙིང་མོ་སྐྱིད་ཀྱི《གསེར་ལྡན་མར་སྤྲིངས་བའི་འཕྲིན་ཡིག》།
རྩོམ་པ་པོ། སྙིང་མོ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-12-4 10:59:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
གསེར་ལྡན་མར་སྤྲིངས་བའི་འཕྲིན་ཡིག
སྙིང་མོ་སྐྱིད། (བོད་ལྗོངས་ལྷུན་གྲུབ་རྫོང་མི་དམངས་ཞིབ་དཔྱོད་ཁང)
     ལྗང་མདོག་གིས་སྐྱོར་བའི་རྩྭ་ལོའི་གནས་མལ་དང་མརྒད་ཞུན་མས་ལན་བརྒྱར་བྱུག་འདྲའི་ནགས་ཀློང་། ཀུན་གསལ་སྒེག་མོའི་གཤེད་དུ་གདེངས་པའི་ས་འཛིན་བཅས་ཀྱིས་ལྭ་ལྗང་ཕུད་ནས་གསེར་མདོག་གི་ལྭ་བ་གྱོན་ཏེ། གསེར་མདོག་གི་ས་གཞིའི་སྟེང་དུ་གསེར་མདོག་ཅན་གྱི་རླབས་རྒྱུན་རིམ་པར་འཁྲུག་པས། ཁྱེད་རང་རབ་ཏུ་བསིལ་བའི་ནམ་ཟླ་ཞིག་དང་འགྲོགས་ནས་གསང་སྟབས་ཀྱིས་ས་འདིར་ལྷགས་པ་ཚོར། ཁྱེད་རང་བསླེབས་པས་འཕན་ཡུལ་དཀར་མོ་ལྗོངས་ཀྱི་ནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དག་པར་གྱུར། ཁྱེད་ནི་ཡངས་བའི་ས་གཞི་ཁད་ཀྱིས་དྲོས་ནས་སྐྱེ་འགྲོ་ཐམས་ཅད་ཟང་ཟིང་བཟོ་མཁན་གྱི་དཔྱིད་ཀ་དང་མི་འདྲ་བར། གང་ས་གང་དུ་ཁུ་སིམ་མེར་བཅུད་ལྡན་འབྲུ་དྲུག་གི་གསེར་གྱི་སྙེ་མ་ཤིག་ཤིག་གཡོ་རུ་བཅུག་པ་མ་ཟད། ཁྲུང་ཁྲུང་བསྟར་ཕྲེང་བསྒྲིགས་ཏེ་ལྷོ་རུ་འཕུར་དུ་བཅུག་ལ། ད་དུང་ཞིང་གྲོང་གི་སིལ་རའི་ནང་གི་ལྗོན་ཤིང་བུ་མོའི་མངལ་གྱི་སྨིན་ལེགས་ཤིང་ཏོག་ཐུར་དུ་དཔྱངས་སུ་བཅུག་པས་ཁྱེད་ནི་སྨྲ་བ་ཉུང་ཞིང་དྲན་སྐྱེན་ལ་ཡོན་ཏན་མ་ལུས་ཁོག་ཏུ་སྦས་པའི་མི་བུ་རླབས་ཆེན་ཞིག་དང་འདྲ།
     རེད་ཡ། མཛེས་སྡུག་གི་མདའ་སྦྱིན་ཁྱེད་ནི་ངའི་བྱིས་དུས་ཀྱི་བརྗེད་བྱང་དུ་འཁོད་པའི་ཆེས་མཛེས་སྡུག་བཀྲ་བའི་རི་མོ་དེ་ཡིན་ཏེ། ཤེས་རིག་སློབ་མགོ་བརྩམས་པའི་བྱིས་པའི་དུས་ནས་བཟུང་། ང་ནི་ཁྱེད་ལ་དུངས་མཁན་རྣལ་མ་ཞིག་ཡིན་ཏེ། ལོ་རེའི་དབྱར་གནང་གི་ཉི་ཚད་ལོངས་ཏེ་སློབ་མགོ་གསར་བ་ཚུགས་དུས། འབྲི་ཉན་ཀློག་གི་གར་ལ་རྩེན་སའི་ང་ཚོའི་སློབ་གྲྭའི་ནང་གི་ཁྱེད་ཀྱི་རྣམ་པ་ནི་དྲི་ཟའི་དགའ་ཚལ་ས་ལ་འཕོས་འདྲ་ཞིག་སྟེ། ཁོ་ར་ཁོར་ཡུག་ཀུན་ཏུ་ལོ་མ་སེར་པོར་གྱུར་བའི་ལྗོན་ཤིང་གི་ཕྲེང་བས་བསྐོར་ཅིང་། ལྷས་དཀྱིལ་གྱི་མེ་ཏོག་ལྡུམ་རའི་ནང་དུ་བཀྲག་མདངས་དང་མཚར་སྡུག་གིས་བརྟས་པའི་དཀར་དམར་སེར་གསུམ་གྱི་མེ་ཏོག་རྣམ་པར་བཀྲ་བ་དག་གིས་བསུང་ངད་གང་སར་འགྱེད་པའི་དྲི་བཞོན་དང་འགྲོགས་ནས་ཡིད་འོང་གར་གྱི་སྟངས་སྟབས་ལིང་ལིང་དུ་བསྒྱུར་བའི་རྣམ་པ་དེ་ནི་ངའི་སེམས་པའི་རྩིག་ལྡེབས་སུ་བརྐོས་པའི་རི་མོ་ཡིན་ལ། དུས་ཀྱི་ཆར་ཆུས་ཀྱང་འཇིགས་མ་ནུས་པར་ཡིད་ན་གསལ་ལེར་ཡོད།
     ཡིད་འོང་གི་འབྲས་ལྡན་ལགས། ཁ་སང་ཞོགས་པར་བསིལ་ཞིང་དྭངས་པའི་མཁའ་དབུགས་ཀྱིས་ལུས་ལ་སིམ་པ་སྟེར་ཞིང་། ཉི་འོད་ཀྱི་ལྷག་ཟེར་སེར་ལམ་མེར་ཉེ་འགྲམ་གྱི་རི་ལུང་ཐང་གསུམ་ལ་ཕོག་སྟེ་ས་དམར་གྱིས་བྱུག་པ་ལྟར་མཛེས་ཤིང་སྡུག་པས། ང་ལ་གློ་བུར་དུ་ཁྱེད་ཀྱི་ཞོགས་པའི་མཛེས་ལྗོངས་ལ་ལྟ་འདོད་ཀྱི་འདུན་པ་ཤིག་འགོག་མེད་དུ་སྐྱེས་པ་དང་ཆབས་ཅིག་ཉིན་རེར་ཁ་བཏོན་གྱི་ཚུལ་དུ་དཔེ་ཆར་ལྟ་བའི་གོམས་གཤིས་འགྱུར་མེད་ཞིག་ཆགས་ཡོད་པ་དེ་ཡང་ཕར་གཡུགས་ཏེ་སེམས་ཁོང་ནས་འཕྱུར་བའི་གཟུགས་མེད་ཀྱི་སྟོབས་ཤུགས་ཅིག་དང་འགྲོགས་ནས་ཕྱི་རོལ་ཏུ་ཕྱིན་པ་ཡིན།
     ཁྱིམ་ནས་ཞིང་ཐང་ཕྱོགས་སུ་འཐེན་པའི་ལམ་ཆུང་དེའི་སྟེང་དུ་སྐྱོད་སྐབས། མཐོང་སའི་ཁྱོན་ཀུན་ཏུ་རྒྱན་པའི་ནས་ཞིང་ནི་ས་ལེ་སྦྲམ་གྱི་ཁུ་བའི་མཚོ་མོ་འཁྱིལ་བ་བཞིན་དྲི་བཞོན་ལྡང་བ་དང་བསྟུན་ནས་རླབས་ཕྲེང་ཆེ་ཆུང་བར་མེད་དུ་གཡོ་བ་དང་། ས་ལེ་སྦྲམ་གྱི་མདངས་འཛིན་པའི་ཞིང་ཐང་ཆེན་མོ་དེ་རུ་མགོ་རས་ཁྲ་ཁྲ་དཀྲིས་པའི་བུད་མེད་དང་རྩྭ་ཞྭ་གྱོན་པའི་སྐྱེས་པ་ཚང་མ་ཉིན་མཚན་སྦྲེལ་ནས་བརྔ་བསྡུའི་དམག་འཐབ་ནང་ཞུགས་འདུག་ཅིང་། ལ་ལས་ཚེས་བརྒྱད་ཟླ་བའི་དབྱིབས་ཀྱི་ཟོར་བ་གཡུགས་བཞིན་འབྲས་ལྡན་ལོ་ཏོག་བྲེག་ནས་ཆུན་པོར་བསྡམས་ཏེ། མར་ཁུ་བསྐྱིལ་བ་ལྟ་བུའི་གསེར་ལམ་ལམ་གྱི་ཚར་མའི་གྲོ་ཤོག་དེ་དག་ལུས་ལ་ཤ་ཤེད་རྒྱས་ཤིང་། སྤུའི་སྟེང་ལ་སྣུམ་ཆུ་བྱུགས་པ་ལྟར་འོད་ཅིག་འཁྱུག་པའི་རྟ་དྲེལ་གྱི་རྒྱབ་ཏུ་བཀལ་བའམ་ལག་སྐྱོར་འདྲུད་འཐེན་འཁོར་ལོའི་སྟེང་དུ་བརྩིགས་ནས་ཁྱིམ་ཚང་རེ་རེའི་གཡུལ་ཁ་ཡངས་མོ་དེར་དབོར་འདྲེན་བྱས་ཏེ་གྲོ་ཤོག་ཕོ་བྲང་གི་བ་གམ་རེ་བརྩིགས་པ་དང་། ལ་ལས་གྲོ་ཤོག་རེ་རེ་ཕགས་ཕགས་ཀྱི་སྒྲ་དང་བཅས་ཁ་ཆེར་གདང་བའི་གཡུལ་གཅོག་འཕྲུལ་ཆས་སུ་གཡུག་པ་དང། ལ་ལས་འབྲུ་དང་གྲ་རྡུལ་སོ་སོར་དབྱེ་རྗེས་ཁྲོལ་མའི་ནང་འབྲུ་བཅུས་ནས་སྒྱེ་མོ་རེ་རེ་གང་བར་བྱེད།
རེད་ཡ། གནས་འདིའི་སོ་ནམ་ལོ་ལེགས་བསྡུ་བའི་ངང་ཚུལ་ནི་ཕ་ཡུལ་གྱི་སྟོན་ལས་བྱེད་པའི་རྣམ་པ་དང་ཇི་འདྲའི་མཚུངས་ཨང་། དངོས་འབྲེལ་འབྲས་ལྡན་དུས་ཀྱི་ཞིང་གྲོང་ནི་ལས་ལ་བརྩོན་ཞིང་གསོན་ཤུགས་ཀྱིས་ཁེངས་པའི་གསེར་སྦྲང་ཁྱིམ་ཚང་ཞིག་དང་འདྲ་ལ། མཛའ་བརྩེའི་ཕྱག་སོར་དམ་པོར་འབྲེལ་ནས་རང་རང་ས་ན་ལོ་ལེགས་བསྡུ་བར་བྲེལ་ཞིང་སྤྲོ་སྐྱིད་ཀྱི་སྣང་བ་གནོན་མ་ཐུབ་པར་དགའ་བའི་དགོད་སྒྲ་ནི་གང་སར་གཏོར་གྱིན་འདུག  འདུ་འཛིའི་རྣམ་པ་དེ་མཐོང་རྗེས་ང་ལ་སྙིང་ཉེ་བའི་ཚོར་བ་ཞིག་སྦྱིན་པ་དང་ཆབས་ཅིག་ཕ་ཡུལ་གསེར་མོ་ལྗོངས་དྲན་པའི་འདུན་པ་བླ་ལྷག་ཅིག་སྐྱེས་ཏེ། ནམ་མཁའི་སྤྲིན་པ་དཀར་པོ།། མ་འགྲོ་ཏོག་ཙམ་སྒུག་དང་།། རྒྱང་རིང་ཕ་ཡུལ་ཕྱོགས་ལ།། འཚམས་འདྲིའི་ཚིག་གསུམ་འཁྱེར་རོགས་ཞེས་པའི་ཚིག་དག་རང་དབང་མེད་པར་ཁ་ནས་ཤོར་སོང་།
     སེར་པོ་གསེར་ལས་གྲུབ་པའི་ནོར་འཛིན་མར་བཅུད་ཀྱིས་ལྟེམས་ཤིང་སྨིན་ལེགས་འབྲས་བུ་ཐུར་དུ་དཔྱངས་བའི་རང་བྱུང་ཁམས་ཆེན་མོའི་རྣམ་པ་དེས། ངའི་སེམས་ཁམས་ཀྱི་བར་སྣང་ཡངས་པོར་རིན་ཆེན་གསེར་ལས་གྲུབ་པའི་ཞིང་ཁམས་མཚར་པོ་ཞིག་གློ་བུར་དུ་མཁའ་ལས་བབས་པ་ལྟ་བུའི་འཆར་སྣང་ཟབ་མོ་ཞིག་སྐྱེས་སུ་བཅུག་སྟེ། སེམས་པ་འདི་ཡང་རླུང་བུས་འདེད་པའི་མཁའ་སྤྲིན་བཞིན་དུ་སྡོད་མི་ཚུགས་པར་བཏང་སོང་།
     སྙིང་ནས་བརྩེ་བའི་གསེར་ལྡན་མ་ལགས། ལོ་ལྔའི་སྔོན་གྱི་ཞོགས་པ་འདི་འདྲ་ཞིག་ལ་ང་རང་འཕན་ཡུལ་རིག་པའི་འབྱུང་གནས་སུ་འོངས་བ་ཁྱེད་ཀྱིས་དྲན་ནམ། ཁེར་རྐྱང་གི་བུ་ཡུག་རྒོད་པའི་ལོ་ཟླ་དེ་རུ་ང་ནི་གྲོགས་དང་གཉེན་ཉེ་མེད་པའི་ས་རྒྱུས་མེད་འདི་འདྲ་ཞིག་ཏུ་བསླེབས་པས། ཤ་མཆིན་པའི་སྟེང་འོག་བརྗེ་བ་ལྟ་བུའི་སྨྲེང་སྐྱོ་སྐྱེས་བཞིན་དྲན་གདུང་གི་ཚོར་བ་ལྕི་མོས་རབ་ཏུ་མནར་ཞིང་། དུས་ཚོད་ཀྱི་བཞུར་རྒྱུན་འགྲོ་དཀའ་བའི་དུས་དེར་གསེར་ལྡན་མ་ཁྱེད་ཀྱིས་སྨྲེང་སེམས་ཀྱི་སྦུབས་ནས་ཟགས་པའི་ངའི་མིག་ཆུ་དེ་དྲོད་འཇམ་གྱི་ལག་པས་ཕྱིས་བྱུང་བས་ངའི་བྱང་ཁོག་དྲོད་ལམ་ལམ་དུ་གྱུར་བའི་ཚོར་བ་དེ་དུས་དེ་རིང་ཡང་སེམས་ན་ལྷང་ངེར་ཡོད། སྐབས་དེའི་ངའི་རྨི་ལམ་ཞིག་ཏུ་ང་རང་ཁྱེད་དང་མཇལ་བྱུང་བས། ངས་ཁོག་གི་སྡུག་ཡུས་ཡོད་ཚད་མ་གསང་དྲང་བོར་ཁྱེད་ལ་བརྗོད་དུས་ཁྱེད་ཀྱིས་ང་ལ་མི་ལ་བརྩེ་སེམས་དགོས་མོད་དེ་བས་ཀྱང་བརྩེ་དུང་ལ་ཁ་ལོ་བསྒྱུར་དགོས་པའི་ནུས་པ་དགོས་ཞེས་གདམས་པ་དྲན་ལ། གཉིད་ལས་སད་དུས་སེམས་ཀྱི་ཁུར་བོ་ཇེ་ཡང་དུ་སོང་ཞིང་། ཁེར་རྐྱང་གིས་རོལ་བཞིན་པའི་འཚོ་བའི་གདུང་བ་དེ་ཡང་འཇའ་ལྟར་ཡལ་ནས་ཡ་ཆུང་སེམས་ལ་དྲོད་ཐིགས་བསྩལ་བ་ཡང་དྲན་བྱུང་། དེ་དུས་ཁྱེད་ཀྱིས་ང་ལ་མིག་ཀོང་གི་མཆི་མ་སྟོབས་ཤུགས་སུ་བསྒྱུར་ནས་བགྲོད་ལམ་ཀྱག་ཀྱོག་ཆེ་རུང་མདུན་དུ་བསྐྱོད་དགོས་པར་སྐུལ་བས་ང་ནི་ད་གཟོད་སྡུག་བསྔལ་ལས་རྣམ་པར་རྒྱལ་བྱུང་།
     རེད་ཡ། འབྲས་ལྡན་ཁྱེད་ནི་ལེགས་མཛད་བྱེ་བས་མངོན་པར་མཐོ་བའི་སྐྱེད་ཡུམ་ཞིག་དང་འདྲ་སྟེ། ཁྱེད་ཀྱིས་ཚེ་སྲོག་ལ་འབྲས་བུ་སྦྱིན་ཅིང་ལ་རྒྱའི་དུངས་ཞེན་ཟབ་མོས་ངལ་བ་མཐའ་དག་པང་དུ་བླངས་བ་དང་སྐྱོ་བ་ཡོད་ཚད་ཁོག་ཏུ་སྦས་ཏེ། གསོན་ཉམས་དཔལ་གྱིས་ཕྱུག་པའི་དཔྱིད་ཀྱི་ཕུན་ཚོགས་དང་། གཡུ་ལོ་ཐགས་སུ་བཏགས་པའི་སྐྱེ་དངོས་ཚོགས་ཀྱིས་ལང་ཚོའི་གཟི་བྱིན་སྤྲོ་བའི་དབྱར་གྱི་མཚར་སྡུག་དང་ལེན་བྱས་པ་མ་ཟད། བློ་ཡངས་དང་ཕོ་སྟོབས་ཆེན་པོས་བྲང་ཁ་ཡངས་པོར་ཕྱེས་ནས་དཔྱིད་ཀྱི་ལུས་ཕྲ་མའི་ཧམ་པ་ཚ་པོ་དང་དབྱར་གྱི་སྒེག་མོའི་རང་ཤེད་ཚ་པོ་ཡང་དང་ལེན་བྱས་སོང་། ཁྱེད་ཀྱིས་ཚེ་སྲོག་གི་མགོ་ཚུགས་ཏེ་སྨྱུ་གུ་འབུས་པ་ནས་འདབ་ལག་རྒྱས་པ་དང་། འབྲས་བུ་ཐོགས་པའི་བརྒྱུད་རིམ་ཁྲོད་ཀྱི་སྡུག་བསྔལ་དང་ཡི་མུག སུན་སྣང་དང་ཞེ་སྡང་ཐམས་ཅད་ལྷག་བསམ་དཀྱེལ་ཡངས་ངང་དང་ལེན་བྱས་པ་མ་ཟད།  ད་དུང་ཁོ་ཚོའི་དགའ་སྤྲོ་དང་ཡིད་ཚིམ། རྒྱལ་ཁ་དང་གྲུབ་འབྲས། གཟེངས་བསྟོད་ཡང་དང་ལེན་བྱས་སོང་།
     རེད་ཡ། ཚེ་སྲོག་གི་བརྒྱུད་རིམ་ནི་མ་གཞི་ནས་ཛ་དྲག་ནས་ལྷིང་འཇགས་དང་རྒྱས་སྤྲོས་ནས་བབ་ཆགས་ཤིག་ཡིན་པ་དང་། སེམས་ཁམས་སྟེང་གཡོ་བའི་སྐད་ཅིག་མའི་ཚ་རླབས་དེ་ཡང་དུས་ཚོད་ཀྱི་གོམ་སྟབས་དང་འགྲོགས་ནས་ལམ་སེང་ཡལ་འགྲོ་ལ། ཚོན་མདོག་སྣ་མང་ལྡན་པའི་ཚ་ཚ་འུར་འུར་དེ་ཡང་ཅང་མི་འགོར་བར་ཁུ་སིམ་མེར་གྱུར་འགྲོ་བས། འཚོ་བའི་དགའ་སྐྱོ་འདྲེས་མ་ནི་དབྱར་གྱི་གནམ་གཤིས་ལྟར་འགྱུར་བ་ཆེ་ཞིང་། འཇིག་རྟེན་འདི་ན་གཏན་གྱི་བདེ་བ་དང་རྟག་བརྟན་མི་འགྱུར་བའི་དངོས་པོ་གཅིག་ཀྱང་མེད་ལ། ལང་ཚོ་ཇི་ལྟར་མཛེས་ཀྱང་མི་རྟག་འཇའ་ཚོན་གྱི་རི་མོ་ཡིན་པ་དང་། ད་དུང་འདུས་མཐར་བྲལ་བ་དང་བསགས་མཐར་འཛད་པ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ཡིན་པ་བཞིན། དུས་ལ་བསླེབས་ཚེ་དགུང་སྔོན་གནམ་ལ་ཟུག་པའི་སྡོང་རྒན་གྱི་རྩེ་མོའི་ལོ་མ་ཡང་སར་ལྷུང་ངེས་ལ། བྱ་རྒས་ན་ཚང་དང་མི་རྒས་ན་ཡུལ་ཟེར་བ་ལྟར། མཐའ་མ་ཡོད་ཚད་རང་བྱུང་ཁམས་ཀྱི་པང་དུ་ལོག་ནས་འབྱུང་བ་ལྔར་འཐིམས་དགོས་པའི་འཇིག་རྟེན་གྱི་ཆོས་ཉིད་མང་དག་ཅིག་བདག་གིས་ལྷག་བསམ་གྱི་དྲོད་ཁོལ་དང་འཚོ་བའི་སྤོབས་སེམས་གནང་མཁན་གསེར་ལྡན་མ་ཁྱེད་ལས་རྟོགས་བྱུང་བས། འཆི་བའི་ཉིན་མོར་བསླེབས་དུས་ངས་ཀྱང་རང་གི་མི་ཚེའི་བགྲོད་ལམ་སྟེང་གི་མངར་སྐྱུར་སྐ་གསུམ་གྱི་བྲོ་བ་མ་ལུས་རུམ་ལ་བཅུག་ནས་ཐང་ལ་ལྷུང་བའི་ལོ་མ་དང་འདྲ་བར་འབྱུང་བ་ལྔར་འཐིམས་དགོས་པས། ད་ནས་བཟུང་དུས་ཚོད་དམ་འཛིན་གྱིས་ག་ཚོད་དཀའ་ཡང་རྒྱུན་འཁྱོངས་དང་ག་ཚོད་སྡུག་ཀྱང་ཡིད་ཆེས། ག་ཚོད་མང་ཡང་གྲོན་ཆུང་བྱས་ནས་རང་ཉིད་ཀྱི་ཕུགས་འདུན་ལ་རེ་སྙེག་དང་བཀྲ་ཤིས་བདེ་སྐྱིད་ཀྱི་འཚོ་བར་བརྩོན་ལེན་བྱས་ཏེ། རླབས་ཆེ་བའི་ཚེ་སྲོག་གི་མགོ་མཇུག་བར་གསུམ་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་ཚང་མ་ཉམས་སུ་མྱོང་བཞིན་ཕྱི་ལུས་དང་ནང་སེམས་གཉིས་སུ་ན་ཟུག་ཇི་ལྟར་རྒོད་ཀྱང་འཁང་ར་དང་ལེ་བདའ། སྐྱོ་སྣང་དང་འཁོན་སེམས་ཅི་ཡང་མེད་པར་སེམས་ཀྱི་རྨ་ཁ་ལག་པས་བསྐྱོར་གྱིན། ཡིད་ཀྱི་སྡུག་བསྔལ་གླུ་རུ་ལེན་གྱིན་ཁྱེད་ཀྱི་གདམས་ངག་སྙིང་ཁོང་དུ་བཅངས་ནས། ཚེ་སྲོག་ལ་གསོན་ཤུགས་དང་ལང་ཚོར་གོས་རྒྱན་གསར་བ་བཀླུབ་ཆེད་དང་རང་གི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་ཆེད་སྙིང་སྟོབས་ཀྱི་གོ་ཆ་ལུས་ལ་གྱོན་ཞིང་འཚོལ་སྙེག་གི་རལ་གྲི་བཟུང་ནས་བློ་སྟོབས་ཆེན་པོས་མདུན་དུ་བསྐྱོད་ངེས་ཡིན།
     མཐར་སང་ལོའི་སྟོན་ཟླ་ར་བར་ཕ་ཡུལ་གསེར་མོ་ལྗོངས་ནས་ཁྱེད་དང་མཇལ་བར་རེ་སྒུག་སྙིང་ནས་བྱེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...