སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྨ་ཁུགས་རྟ་ར་ནས་རྟ་ཐོག་སྤོ་ལོའི་མེ་རོ་གསོས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2011-9-27 10:51:00 རྩོམ་ཁུངས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། ཀློག་གྲངས།


རྟ་ཐོག་སྤོ་ལོ་འགྲན་བསྡུར་རུ་ཁག

        རྟ་ཐོག་སྤོ་ལོ་ནི་ལོ་རྒྱུས་རིང་བའི་གནའ་བོའི་ལུས་རྩལ་རིགས་ཤིག་ཡིན་ལ་རྗེས་སུ་ནུབ་ཕྱོགས་སུ་དར་ཏེ་ད་ལྟ་ཨ་རི་དང་། དབྱིན་ཇི། ཕྱི་སོག རྒྱ་གར། ཨ་ཇིན་ཐེ་ན། ཨེ་ཤ་ཡ་དཀྱིལ་མ་སོགས་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོར་རྟའི་རིག་གནས་ཀྱི་མཚོན་བྱེད་ལུས་རྩལ་གཙོ་བོ་ཞིག་ཏུ་གྱུར་ཡོད།


རྟ་ཐོག་སྤོ་ལོ་འགྲན་བསྡུར་བྱེད་པ།

        རང་རེའི་བོད་ལ་མཚོན་ན། བོད་བཙན་པོའི་སྐབས་ནས་བཟུང་རྟ་ཐོག་སྤོ་ལོ་རྩེ་བའི་སྲོལ་ཡོད་པ<<ཐང་ཡིག་གསར་མ>>སོགས་ཁུངས་ལྡན་གྱི་ལོ་རྒྱུས་ཡིག་ཆ་ཁག་ཏུ་གསལ་བོར་བཀོད་ཡོད་ལ་རྟ་ཐོག་སྤོ་ལོའི་ཆེས་ཐོག་མའི་མཆེད་ཁུངས་ཀྱང་རང་རེའི་བོད་ཡུལ་ཡིན་པར་འདོད་མཁན་ཡོད་ནའང་། དེང་གི་དུས་འདིར་བོད་ཡུལ་ན་གདོད་མའི་ལུས་རྩལ་འདིར་གསལ་ཆ་ཡོད་མཁན་ཙམ་ཡང་ཉིན་མོའི་སྐར་མ་ལྟ་བུར་གྱུར་ཡོད།


རྟ་ཐོག་སྤོ་ལོའི་རྩལ་ངོམ་པ།

        ཉེ་བའི་ཆར། རྨ་ཆུ་རྫོང་རྨ་ཁུགས་རྟ་རས་མདོ་སྨད་རྟའི་ཆོལ་ཀའི་རིགས་བཟང་རྒྱུད་གཙང་གི་རྟའི་རིག་གནས་གོང་སྤེལ་གཏོང་བ་དང་། གནའ་བོའི་ལུས་རྩལ་དེ་བོད་ཡུལ་ནས་ཉམས་པ་སླར་གསོ་བྱ་ཆེད་ནང་སོག་ནས་ཆེད་ལས་མཁས་པ་གདན་དྲངས་ཏེ། ཡུལ་དེ་གའི་རྟ་རྩལ་ལ་བྱངས་པའི་གཞོན་ནུ་ལོ་ཆུང་ཚོར་ལུས་རྩལ་དེ་ཇི་ལྟར་རྩེ་བའི་སྐོར་གྱི་ཡུལ་དངོས་སློབ་སྟོན་བྱས་ནས་རྟ་ཐོག་སྤོ་ལོའི་རུ་ཁག་བརྒྱད་རྩ་འཛུགས་བྱས་པ་དང་། རྗེས་མར་འགྲན་སྡུར་གྱི་བྱེད་སྒོ་སྣ་ཚོགས་རབ་དང་རིམ་པ་སྤེལ་ནས་ལུས་རྩལ་དེའི་ས་བོན་དམངས་ཁྲོད་དུ་གདབ་པའི་མཐུན་རྐྱེན་ཕུན་སོགས་ཚོགས་པ་བསྐྲུན་འདུག


རྟ་ཐོག་སྤོ་ལོ་འགྲན་བསྡུར་བྱེད་བཞིན་པ། 

        རྨ་ཆུ་རྫོང་རྨ་ཁུག་རྟ་རས་ལོ་ངོ་ལྔ་བཅུའི་ལྷག་གི་རིང་ལ། རྨ་ཁུག་རྟ་གསོ་སྐྱོང་གི་ལས་རྒྱུན་བསྐྱངས་པས་དེ་ག་ནས་ཐོན་པའི་རྟ་ནི་ཀྲུང་གོའི་རྟ་རིགས་བཟང་བོ་གསུམ་གྱི་ཁོངས་སུ་གཏོགས་པ་དང་། རིགས་བཟང་ཞིང་། རྒྱུད་གཙང་བ། མགྱོགས་ཤིང་སྐྱེན་པ། རྫ་དུག་ཐུབ་པ། རི་ངོར་འཛེགས་ཐུབ་པ་སོགས་ཀྱི་ཡོན་ཏན་དང་ལྡན་པས་མདོ་སྨད་ཀྱི་འབྲོག་ཁུལ་མང་པོའི་གཅེས་ནོར་དུ་གྱུར་ཡོད་པ་མ་ཟད་འབྲུག་ཡུལ་དང་ཨུ་རུ་སུ་སོགས་སུའང་ཁྱབ་པས་སྔོན་གྱི་འབྲུག་རྒྱལ་བོའི་ཆིབས་པར་ཡང་གྱུར་མྱོང་།


རྟ་ཐོག་སྤོ་ལོ་འགྲན་བསྡུར་རུ་ཁག་རྣམས་མཉམ་དུ་པར་བསྐྱོན་པ།   

        ཐེངས་འདིར་རྟ་ཐོག་སྤོ་ལོའི་ལུས་རྩལ་དར་སྤེལ་གཏོང་བ་ལས་གཞན། སྒྲོག་སྦྱིན་དང་ཁ་བཏགས་གོང་ལེན། ཚང་རག་ལ་རྒྱུགས་པ་སོགས་སྔོན་ནས་ཡོད་པའི་རྟའི་ལུས་རྩལ་གོང་སྤེལ་གཏོང་བ་དང་།  རྨ་ཆུའི་རྨ་ཁུགས་རྟ་རའི་རྟའི་རིག་གནས་ཀྱི་འགྲེམ་སྟོན་ཁང་དང་། རྟའི་རིག་གནས་ཀྱི་གནས་སྐོར་ལྟེ་བ་འཛུགས་པའི་གྲབས་གཤོམ་གྲུབ་འདུག་པས་ན་ལས་ཀའི་བྲེལ་ཚེགས་དང་གྲོང་ཁྱེར་གྱི་ཟང་ཟིང་གིས་ཡིད་ཀུན་ནས་སུན་པའི་ཕྱོགས་བཞིའི་མགྲོན་པོ་དག་གིས་གནས་དེ་ནས་རང་བྱུང་ཁམས་ཆེན་པོའི་མཛེས་པ་དང་། མ་བཅོས་མ་བསླད་མ་བརྫུས་པའི་འབྲོག་པའི་རིག་གནས་ཉིད་སེམས་ཀྱི་ངལ་བ་སོས་པའི་ལོངས་སྤྱོད་དུ་རྙེད་པར་གདོན་མི་ཟའོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...