སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འདུ་འཛིའི་ཁྲོམ་ལམ་དང་དད་པའི་བཞུད་ལམ་གཅིག་ཏུ་འདྲེས་པའི་ལྷ་སའི་བར་སྐོར།
རྩོམ་པ་པོ། བདེ་ཆེན་མཚོ། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2011-11-30 8:34:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


གཙུག་ལག་ཁང་གི་མཐའ་འཁོར་གྱི་ཁྲོམ་ར།

  ལྷ་སའི་བར་སྐོར་ནི་དུས་རབས་བདུན་པའི་ནང་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་པ་ནས་བཟུང་དད་ལྡན་སྐྱེས་བུ་ཚོགས་ཀྱིས་སྒོ་གསུམ་གྱི་དད་པས་བསྐྲུན་པའི་བཞུད་ལམ་ཞིག་ཡིན་པར་མ་ཟད། དེ་ནི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་བྱུང་བ་རིང་མོའི་ཁྲོད་བཙོ་སྦྱངས་དང་ཞུན་བརྡར་ལས་བྱུང་བའི་བོད་ལྗོངས་ཀྱི་མཚོན་རྟགས་དོད་པོ་ཞིག་ཀྱང་ཡིན་པ་རེད། ཀུན་གྱིས་མཁྱེན་གསལ་ལྟར་བར་སྐོར་ཞེས་པ་ནང་བའི་བསྟན་པ་སྤེལ་བའི་དཀྱིལ་སྙིང་ཞིག་སྟེ་དགེ་བའི་བཤེས་གཉེན་རྣམས་ཀྱིས་སེམས་ཅན་གདུལ་བྱའི་ཚོགས་ལ་དབང་སྐུར་བ་དང་མདོ་དབུས་ཁམས་གསུམ་ནས་ཡོང་བའི་དད་ལྡན་སེར་སྐྱ་ཕོ་མོ་རྣམས་ཀྱིས་ལྷ་སའི་གཙུག་ལག་ཁང་ལྟེ་བར་བྱས་ནས་ཆོས་བསྐོར་རྒྱག་པའི་སྐོར་ལམ་ཞིག་ཡིན་མོད། དུས་རབས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་བར་སྐོར་ལ་དཔལ་འབྱོར་ལྟེ་གནས་ཞེས་པའི་ཡུལ་མིང་གསར་བ་ཞིག་རིམ་གྱིས་ཐོགས།


གཙུག་ལག་ཁང་གི་མདུན་ངོས་སུ་སྒོ་གསུམ་གཅིག་ཏུ་གཏད་དེ་ཕྱག་འཚལ་བཞིན་པའི་དད་ལྡན་མང་ཚོགས།

  གུ་དོག་ཅིང་འདུ་འཛི་ཆེ་བའི་ཁྲོམ་ལམ་འདིའི་སྤྱིའི་རིང་ཚད་ལ་སྤྱི་ལེ་གསུམ་ལས་མི་འདའ་མོད། འདི་རུ་ནངས་སྔ་མོ་ཉི་རྩེ་ཤར་རིའི་རྒྱབ་ནས་འཕགས་པ་ནས་བཟུང་ཚོང་བ་དང་། ཆོས་མཇལ་དུ་ཡོང་བའི་མང་ཚོགས། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ། དེ་མིན་ཡུལ་སོ་སོ་ནས་ཐོན་པའི་འཁྱམ་པ་དང་སློང་མོ་བ་སོགས་མི་ཚོགས་ཀྱིས་ཁེངས་འདུག གནས་འདི་རུ་མིའི་ཐོབ་ཐང་མཆོག་དམན་མི་ཕྱེ་བར་སེམས་ཅན་ཐམས་ཅད་གཅིག་ཏུ་འདུས་ཡོད་པས་འཆམ་མཐུན་ཞེས་པའི་དགོངས་སྙིང་མངོན་པར་རྟོགས་ཐུབ་ཅིང་། སེམས་ཅན་ཀུན་སོས་དལ་དང་བག་ཕེབས་ངང་གནས་པའི་ཚོར་བ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྟེར་ཡོང་བའི་གནས་ཁྱད་དུ་འཕགས་པ་ཞིག་རེད།
  བར་སྐོར་རུ་སླེབས་མ་ཐག་ང་ཚོའི་མིག་མདུན་དུ་གསལ་ལེར་མངོན་ཡོང་བ་ནི་གཙུག་ལག་ཁང་མཐའ་སྐོར་དུ་ལག་ཟུང་ཐལ་མོ་སྦྱར་ནས་ཕྱག་འཚལ་བཞིན་པའི་དད་ལྡན་མང་ཚོགས་ལས་གཞན་ཡུལ་སོ་སོ་ནས་ཡོང་བའི་མི་རིགས་གཞན་པ་དང་རྒྱལ་ཁབ་གཞན་པའི་ཚོང་བའི་ཚོགས་དེ་ཡིན། བྱེ་བྲག་ཏུ་སྐོར་ལམ་གཡས་གཡོན་གྱི་གཡུ་བྱུ་རུ་དང་། གྱོན་ཆས། མཆོད་རྫས་སྣ་ཚོགས་སོགས་མཚར་དུ་དངར་བའི་ཚོང་ཟོག་གིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་རྣམས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཅིང་། བར་སྐོར་དུ་དངོས་ཟོག་ཉོ་ཚོང་གི་ལས་ཀ་གཉེར་པའི་ཚོང་བ་རྣམས་ནི་བོད་རིགས་དང་། ཁ་ཆེ་རིགས། རྒྱ་རིགས། བལ་བོའི་ཚོང་བ་སོགས་མི་རིགས་མང་པོ་ཡོད་ལ། ཁོང་ཚོའི་ཐུན་མོང་མ་ཡིན་པའི་རིག་གནས་རྒྱབ་ལྗོངས་དང་། བསམ་པའི་འཁྱེར་སོ། ཡུལ་སྲོལ་གོམས་གཤིས་སོགས་ཀྱིས་ཁྲོམ་ར་དེར་ནང་དོན་ཕུན་སུམ་ཚོགས་ཤིང་ཁ་དོག་རྣམ་པར་བཀྲ་བའི་ཁྱད་ཆོས་ཤིག་བསྣན་ཡོད་པ་རེད།
  བར་སྐོར་ནི་ལྷ་སའི་གནའ་བོའི་མཁར་གྲོང་གི་གྲུབ་ཆ་གཙོ་བོ་ཞིག་དང་གསོན་ཤུགས་ལྡན་པའི་ཤུལ་བཞག་རིག་གནས་ཡིན་པར་མ་ཟད། གནས་དེར་མང་ཚོགས་གཏན་སྡོད་བྱེད་ས་ཞིག་ཀྱང་ཡིན་པས། ལྷ་སའི་རིག་དངོས་ཅུས་ཁྲོམ་ལམ་གྱི་ཁྱད་ཆོས་ལ་གཞིགས་ནས་སྲུང་སྐྱོབ་བྱེད་ཐབས་ཀྱང་ཐ་དད་སྤྱད་ཡོད་པ་སྟེ། གཙུག་ལག་ཁང་སོགས་ཀྱི་ཕྱིའི་བཟོ་སྐྲུན་ལ་སྔ་མའི་ཁྱད་ཆོས་ལྟར་ཞིག་གསོ་བྱེད་པ་དང་། བར་སྐོར་དུ་ལོ་རྒྱུས་བྱུང་བ་རིང་ཞིང་སྲུང་སྐྱོབ་བྱས་པ་ལེགས་པོ་ཡིན་པའི་དམངས་སྡོད་ཁུལ200ལྷག་ཡོད་པ་དེ་དག་ལ་འབྲེལ་ཡོད་ཀྱི་སྲོལ་ཡིག་ལྟར་ཕྱིའི་བཀོད་པ་སྔོན་མའི་རྣམ་པ་དང་ཁྱད་ཆོས་རང་སོར་འཇོག་པ་གཞི་བྱས་ཐོག་ནང་ཁུལ་དང་རྨང་གཞི་སྒྲིག་བཀོད་ལ་ཞིག་གསོ་བྱས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...