སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མིའི་རིགས་ཀྱི་ཤེས་རིག་ཉམས་བཞེས་ཀྱི་ནོ་བཱེའི་སློབ་གསོ་གླེང་བ།
རྩོམ་པ་པོ། ནག་ཀྱཱ་བ་ཤ་བོ་ཚེ་རིང་། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2014-2-12 9:42:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
  གསུམ།  མཉམ་འབྲེལ་བརྗེ་རེས་ཀྱི་བྱ་འགུལ་སྤེལ་བ།
  འཛམ་གླིང་གི་གི་རྒྱལ་ཁབ་དང་མི་རིགས། ཡང་ན་མི་བུ་སུ་ཞིག་ཡིན་རུང་ཐོག་མ་ཉིད་ནས་འཇིག་རྟེན་དང་མི་ཚེ་ལྟ་ཚུལ་བརྟན་པོ་ཞིག དཔལའབྱོར་དང་ཁེ་ལས་ཀྱི་གཉེར་སྟངས་འཛོམས་པོ་ཞིག མདོར་ན་ཡོད་ ཚད་རྒྱུ་མེད་རྐྱེན་མེད་སྒོས་རང་འཁྲུངས་སུ་བྱུང་བ་ཞིག་གཏན་ནས་མིན།  
  དེ་ནི་མི་བུ་ཡོད་ཚད་ཀྱི་བློ་གྲོས་དང་བརྩོན་ཞིབ་ལ་བརྟེན་ནས་གཙོ་བོ་ཕ་མེས་གོང་མ་རྣམས་ཀྱི་ཤུལ་དུ་བསྐྱུར་བའི་ཤེས་རིག་གི་རྒྱགས་ཕྱེ་དང་སྤྱི་ཚོགས་ཀྱི་ཉམས་མྱོང་མང་བོ་བརྗེ་རེས་དང་བསྡུ་རུབ་ཤུགས་ཆེན་བྱས་པ་ལས་ང་ཚོར་བླ་ན་མེད་པའི་ཤེས་རིག་གི་འཇོན་ཐང་རྡོག་རྡོག་ཅིག་ཐོབ་ཡོད་པ་རེད། མི་བུ་དང་ས་གནས། མི་རིགས། རྒྱལ་ཁབ་མང་བོའི་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་མཉམ་འབྲེལ། སྐྱིད་སྡུག་མཉམ་མྱོང་གི་འཇོན་ཐང་འདི་ལ་བརྟེན་ནས་ཛམ་བུའི་གླིང་དུའང་བདེ་སྐྱིད་ཀྱི་དྲོད་ཁོལ་མ་ཉམས་པའི་ལམ་བུ་ཞིག་དངོས་སུ་ཤུལ་བཞག་བྱས་ཡོད།
  ལྷག་པར་དུ་སློབ་གསོའི་བྱ་བཞག་ནི་མི་རིགས་དང་རྒྱལ་ཁབ་ག་འདྲ་ཞིག་ལ་ཆ་བཞག་ནའང༌། སྲིད་འབྱོར་ རིག་གསུམ་སོགས་ཀྱིས་མཚོན་པའི་འཕེལ་རྒྱས་ཡོད་ཚད་ཀྱི་བླ་སྲོག་ལྟ་བུའི་ཚུལ་དུ་གྲུབ་ཡོད། འཇར་མན་གྱི་ རླབས་ཆེ་བའི་སློབ་གསོ་རིགས་པ་སྨྲ་བ་ཁང་ཏིས་བརྗོད་དོན། མི་ཞིག་སྤྱི་ཚོགས་ལ་མཁོ་མིན་དང་དེའི་བཟང་ངན་གཙོ་བོ་ནི་སློབ་གསོ་ཁོ་ནས་དབྱེ་འབྱེད་བྱེད་བཞིན་ཡོད། ཅེས་པ་ལས་གསལ་རྟོགས་ཤིག་བྱ་ཐུབ་པ་ནི་ སློབ་གསོ་ལ་མ་བརྟེན་པར་སྤྱོད་ཡོན་གཉིས་འཛོམས་ཀྱི་ཤེས་ལྡན་མི་སྣ་སྐྱེད་བསྲིངས་བྱ་ཐབས་མེད་ལ། ཤེས་ལྡན་མི་སྣ་ལ་མ་བརྟེན་པར་ས་གནས་དང་མི་རིགས།  རྒྱལ་ཁབ་གང་ཞིག་གིས་སྲིད་འབྱོར་རིག་གསུམ་སོགས་ཡར་རྒྱས་འབྱུང་ཐབས་གཏན་ནས་མེད་པ་གསལ་བཤད་བགྱིས་ཡོད།
  དེའི་ཕྱིར་སློབ་གསོ་བྱ་བ་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་དགོས་ན། ཕྱི་རྒྱལ་གྱི་སྔོན་ཐོན་རིག་གནས་དང་ ཚན་རིག་ལག་རྩལ། ཁེ་ལས་བདག་གཉེར། ཡུལ་ལྗོངས་ལྟ་བསྐོར། སློབ་གསོའི་དོ་དམ་སོགས་ཀྱི་བསམ་བློ་དང་ཉམས་མྱོང་བརྗེ་རེས་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བོ་ཡིན་པས། ཡོ་རོབ་བྱང་མའི་ནོ་བཱེར་རྒྱལ་ཁབ་ཀྱིས་མ་སྐུལ་དང་བླང་སྒོས་འཛམ་གླིང་གི་ཡུལ་གྲུ་ཁག་གི་སློབ་མ་སློབ་འགྲིམས་སུ་འོང་བར་ཕྱི་འོང་གི་འགྲོ་གྲོན་ཡོངས་ རྫོགས་ཁག་འཁུར་མཛད་དེ་དགའ་བསུ་དང་དང་ལེན་ངོས་གཙང་ཞིག་བྱ་བཞིན་མཆིས།
  དེ་གར་མའེ་ཡཱན་མེ་རུ་འབོད་པའི་དགེ་རྒན་ཞིག་གིས་འགྲེལ་བརྗོད་བྱས་དོན། ངས་ཀྲུང་གོའི་སློབ་འབྲིང་ གི་དགེ་སློབ་མང་བོ་ཞིག་གདན་འདྲེན་བྱས་ཏེ་ནོ་བཱེར་རུ་མཉམ་འབྲེལ་སློབ་སྤྱོང་དང་བསམ་བློ་བརྗེ་རེས་བྱེད་པའི་ཡི་གེ་གང་མང་ཞིག་བཏང་ཡང་དེ་ནི་ཆུ་ནང་དུ་རྡོ་བ་འཕངས་པ་ལྟར་ཕར་འགྲོ་ཡོད་ཀྱང་ཚུར་འོང་མེད་བྱུང༌། དངོས་གནས་ཀྲུང་གོའི་སློབ་གྲྭ་རྣམས་ཀྱིས་འདི་འདྲའི་བྱ་བ་ཡག་པོ་ཞིག་ལའང་ཡིད་ཆེས་བྱེད་ཀྱིན་མེད་པ་འདྲ།  རྗེས་ཕྱོགས་ཀྱང་དེ་ལྟའི་འགྲོ་གྲོན་ཡོངས་རྫོགས་ང་ཚོས་ཁུར་རྒྱུ་ཡིན་པས།  ཀྲུང་གོའི་ཕྱོགས་ལ་འགན་འཁྲི་ཅི་ཡང་མེད།  ཅེས་ཡང་ཡང་འགྲེལ་བརྗོད་བྱས།
  འཛམ་གླིང་གི་སློབ་གསོའི་ཁྱབ་ཁོངས་ཁྲོད། ནོ་བཱེར་རྒྱལ་ཁབ་ཀྱིས་མིང་དུ་གྲགས་པའི་ནོ་བཱེར་རྟགས་ཅན་གྱི་ཛམ་བུ་རང་བཞིན་གྱི་ན་གཞོན་རྐང་རྩེ་སྤོ་ལོའི་འགྲན་ཚོགས་སྤེལ་ཏེ། འགྲོ་གྲོན་ཁག་ཁུར་སྒོས་རྒྱལ་ཁབ་སོ་སོའི་སློབ་འབྲིང་གི་འགྲན་ཞུགས་པ་རྣམས་ལ་སྟབས་བདེ་ལེགས་བཟོས་ཏེ་གདན་འདྲེན་མཛད་བཞིན་ཡོད།  ནོ་བཱེ་ཡི་ན་གཞོན་རྐང་རྩེ་སྤོ་ལོའི་རུ་མིར་ཞུགས་མཁན་ནི་སློབ་གྲྭ་སོ་སོ་དང་མཁར་གྲོང་གི་སྤོ་ལོར་དགའ་མཁན་དག་རེད།  ཁོ་ཚོ་ནི་གནས་སྐབས་སུ་རྩ་འཛུགས་བྱས་པའི་རུ་ཁག་ཅིག་ཡིན་པ་ལས་ཆེད་གཉེར་གྱི་སྤོ་ལོ་རུ་ཁག་ཅིག་གཏན་ནས་མིན་ལ། ཐ་ན་ནོ་བཱེ་ཡི་སློབ་གྲྭ་སོ་སོ་ནས་ཆེད་དུ་སྦྱོང་བརྡར་དང་བཀོད་སྒྲིག་བགྱིས་པ་ཞིག་ཀྱང་མིན།   
  འདིར་ང་ཚོ་ཧ་ལས་དགོས་པ་ནི་ཁོ་རང་ཚོའི་འཛམ་གླིང་གི་ཡུལ་གྲུ་རིས་མེད་དུ་མཉམ་འབྲེལ་བརྗེ་རེས་ བྱེད་པའི་གུ་ཡངས་སྒམ་དཀྱེལ་གྱི་བློ་ཁོག་དང་བླ་མེད་ཀྱི་སྙིང་སྟོབས་དང་མཛད་སྤྱོད་བཟང་བོ་དེ་རེད། ང་ ཚོའི་བོད་ཡུལ་གྱི་ཞིང་ཆེན་དང་ཁུལ། རྫོང་དང་གཞི་རིམ་གྱི་སློབ་གྲྭ་སོ་སོའི་རང་གི་ས་གནས་དང་ཡང་ན་སློབ་ཁུལ་གཅིག་ནས་མཉམ་མྱོང་བརྗེ་རེས་དང་མཉམ་འབྲེལ་སྒོས་སློབ་གསོའི་བྱ་འགུལ་སྤེལ་བའི་གནས་ཚུལ་དངོས་ལ་ཞིབ་ཏུ་བསམ་ན། ཧ་ཅང་སྐྱོ་བོ་རེད། དེ་འདྲའི་ལས་སླ་བོ་ཞིག་ཀྱང་སྒྲུབ་ཏུ་མི་གཏུབས་ན། ང་ཚོས་དུས་རྒྱུན་ཁ་ན་མ་ནྀ་བཞིན་ཟློ་བའི་མི་རིགས་སློབ་གསོ་ཡར་རྒྱས་སུ་འགྲོ་བའང་སྟོང་བཤད་ཁོ་ན་ཙམ་མ་ཡིན་ནམ།
  བཞི། མི་རིགས་ཀྱི་ཤེས་རིག་ཉམས་བཞེས་བགྱིས་པ།
  ཡོ་རོབ་བྱང་མའི་རྒྱལ་ཁབ་ཆུང་ངུ་ནོ་བཱེར་ནི་འཛམ་གླིང་གི་མི་བུ་ཀུན་གྱི་ཡིད་ཀྱི་སྨོན་པ་ཐེབས་སའི་ཞིང་ཁམས་བླ་ན་འཕགས་པ་ཞིག་ཏུ་གྱུར་བ་ཡང་མཐར་གཏུགས་ན། དཔེ་ཁྲིད་མི་སྐྱོང་གི་བྱ་བའི་ཆ་ནས་གྲུབ་ འབྲས་གཡུར་དུ་ཟ་བ་བླངས་པའི་རྟགས་མཚན་ཉག་གཅིག་པོ་རེད།  རྒྱུ་མཚན་ནི་ས་ཁུལ་དང་མི་རིགས།  རྒྱལ་ཁབ་ག་འདྲ་ཞིག་ལ་ཆ་མཚོན་ནའང་རང་ཉིད་ཀྱི་སྲིད་འབྱོར་རིག་གསུམ་གྱིས་འཐུས་པའི་བྱེད་སྒོ་གང་ཞིག་ཀྱང་ཡར་རྒྱས་གཙང་མ་ཞིག་འགྲོ་དགོས་ན།  རྩ་བ་སློབ་གསོ་ལ་འཕྲད་ཡོད་པ་རེད།
  སློབ་གསོའི་དྭངས་གཙང་གི་ཆུ་མོ་ལ་བརྟེན་ན། ད་གཟོད་ཡུལ་ལུང་ཀུན་ལ་ལྗང་མདོག་གི་འཇིག་རྟེན་ བསྐྲུན་ཐུབ་ལ། འཇིག་རྟེན་གྱི་སྐྱེས་དངོས་དང་སེམས་ཅན་ཡོད་རྒུ་ལ་གསོན་ཤུགས་དང་རེ་བ་ལྡོག་ཏུ་མེད་པ་ཞིག་ཀྱང་སྦྱིན་ཐུབ་ངེས་རེད། སློབ་གསོས་ཀྱང་མི་རིགས་དང་རྒྱལ་ཁབ། འཛམ་གླིང་གི་ཤེས་རིག་དང་ཚན་རྩལ། དཔལ་འབྱོར་སོགས་ཀྱི་འཕེལ་རྒྱས་ལ་གཡེལ་དུ་མི་རུང་བའི་སྤྱོད་ཡོན་གཉིས་ལྡན་གྱི་མི་བུ་བགྲང་གིས་མི་ ཟིན་པ་ཞིག་གསོ་སྦྱོང་མཛད་དེ། གོ་ལ་འགེབས་སྲུང་དང་མིའི་རིགས་ཡར་རྒྱས། འཚེ་མེད་ཞི་བདེ། སྣོད་བཅུད་སྙོམས་སྒྲིག་གི་ཁོར་ཡུག་བཟང་བོ་ཞིག་དངོས་སམ་བརྒྱུད་ནས་བསྐྲུན་བཞིན་པ་དེ་ལགས།  
  ཐ་ན་ང་ཚོའི་ཁྱིམ་ཚང་དང་མི་སྒེར་ལྟ་བུའི་བཟང་ངན་ཡང་གཙོ་བོ་སློབ་གསོས་དབྱེ་འབྱེད་ཁ་གསལ་བགྱི་ བཞིན་མཆིས་པས།  སློབ་གསོའི་རྩི་བཅུད་བཟང་བོ་གཞིབས་མ་ཐུབ་པའི་མི་བུ་སུ་ཞིག་ལ་ ཆ་མཚོན་ནའང༌།  སློབ་གསོའི་བྱ་རྩོལ་དང་བྲལ་བའི་རིན་ཐང་རྣལ་མ་དེར་གཏིང་ཐག་པ་ནས་ངེས་ཤེས་འདྲོངས་ཐུབ་པ་རེད།
  ནོ་བཱེར་རྒྱལ་ཁབ་ཀྱི་ས་ཁྱོན་དང་མི་འབོར་ནི་རང་རེའི་བོད་ལས་ཆེས་ཆུང་བའི་རྒྱལ་ཁབ་འདི་འདྲ་ཞིག་འཛམ་གླིང་གི་མི་བུ་ཡོངས་ལ་ཁ་མིག་ཡར་བལྟས་བྱ་སའི་ཡུལ་གྲུ་མཐོང་བ་ཀུན་སྨོན་ཞིག་ཏུ་གྱུར་བའི་རྩ་བ་ནི།  ཁོ་རང་ཚོས་མིའི་རིགས་ཀྱི་ཤེས་རིག་ཉམས་བཞེས་བགྱིས་པའི་སློབ་གསོའི་བྱེད་ཐབས་ལ་བརྟེན་ཡོད།
  གོང་དུ་བརྗོད་པ་ནང་བཞིན་ནོ་བཱེར་སློབ་གསོའི་ཁྲོད་ཕྱི་རྒྱལ་གྱི་སློབ་མ་མང་བོ་དང་འདྲ་མཉམ་རོགས་ རེས་ཀྱི་སློབ་སྦྱོང་བྱེད་པར་སྲིད་གཞུང་གིས་རྒྱབ་སྐྱོར་ཚད་མེད་གནངས་པར་མ་ཟད། ས་གནས་རང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བུ་སློབ་བགྲང་གིས་མི་ལང་བ་འཛམ་གླིང་གི་ཡུལ་གྲུ་གཞན་དུ་སློབ་འགྲིམས་སུ་བསྐྱལ་སྟེ། ས་གནས་དང་མི་རིགས། རྒྱལ་ཁབ་མང་བོ་སྟེ་མིའི་རིགས་ཀྱི་ཤེས་རིག་གི་ཉིང་བཅུད་ལེགས་པོ་ཉམས་ བཞེས་བགྱིས་པས། ནོ་བཱེར་རྒྱལ་ཁོངས་ཀྱི་སློབ་མ་མང་བོའི་མིག་རྒྱ་ཡངས་པོར་ཕྱེས་ནས་འཛམ་གླིང་དང་མིའི་རིགས་ཀྱི་བླ་མེད་ཤེས་རིག་གིས་བསྐྲུན་པའི་རི་རྩེར་བསྙེགས་ པར་སྐུལ་མ་དང་དང་ལེན་བྱས་ཡོད།  
  ནོ་བཱེར་རང་ཉིད་ཀྱིས་བསླབ་གཞི་གསར་བའི་ཁྲོད་དུའང་ཆེད་སྤྱོད་ཐ་སྙད་ཆེས་མང་བོ་ནི་མིའི་རིགས་ཞེས་ པ་དེ་རེད། དཔེར་ན། བསླབ་གཞི་༧ལྷག་གི་ཁ་བྱང་འདི་ལྟར་བཀོད་ཡོད་དེ། འཚོ་བའི་དོན་སྙིང་ལྡན་པའི་མིའི་རིགས། གསར་གཏོད་ཀྱི་ནུས་པ་མངའ་བའི་མིའི་རིགས། ངལ་རྩོལ་ཁྲོད་ཀྱི་མིའི་རིགས། ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་མིའི་རིགས། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ལྡན་པའི་མིའི་རིགས། མཉམ་འབྲེལ་གྱི་བློ་རིག་བཀྲ་བའི་མིའི་རིགས། ཁྱོན་ཡོངས་ཀྱི་སློབ་གསོ་མྱོང་བའི་མིའི་རིགས་ཞེས་པ་ལྟ་བུས་ཀྱང་ང་ཚོར་ནོ་བཱེར་སློབ་གསོའི་གནས་སྟངས་དེ་གསལ་བརྗོད་བྱས་འདུག
  མིག་གིས་འཛམ་གླིང་ལ་ཉམས་ཞིབ་དང་སེམས་ཀྱིས་མིའི་རིགས་ཀྱི་བདེ་སྡུག་དང་ཤེས་རིག་གི་ཕྲག་འཁྲེས་ རླབས་པོ་ཆེ་ཁུར་དུ་ཁྱེར་བའི་ནོ་བཱེར་སློབ་གསོ། བཀག་རྒྱ་དང་གུ་དོག་གི་བསམ་བློས་མ་གཅུན་པའི་རང་དབང་དང་འཆམ་མཐུན་གྱི་ནོ་བཱེར་སློབ་གསོ། ཕྱི་ནང་གི་མཉམ་འབྲེལ་དང་སློབ་སྦྱོང་གི་གསེར་ཟམ་མ་ཆད་པའི་གུ་ཡངས་སྒམ་དཀྱེལ་གྱི་ནོ་བཱེར་སློབ་གསོ། འདི་ལྟར་མིའི་རིགས་ཀྱི་ཤེས་རིག་ཉམས་སུ་བཞེས་པའི་རླབས་ཆེན་གྱི་སློབ་གསོའི་རྩི་བཅུད་ལ་བརྟེན་ནས་འཚར་ལོངས་བྱུང་བའི་མི་བུ་ཁྲི་མ་འབུམ་དང་འཛམ་གླིང་གི་ཆེས་མཐོའི་གཟེངས་རྟགས་ནའོ་པའེ་ཨར་གྱི་བྱ་དགའ་ཉམས་སུ་ བཞེས་པའི་མཛངས་མི་བརྒྱད་པོ་སོགས་མདོར་ན་སྲིད་འབྱོར་རིག་གསུམ་གྱི་འཕེལ་ཁ་དབྱར་མཚོ་ལྟར་རྒྱས་པའི་མཆོངས་བསྐྱོད་ཆེན་པོ་སོགས་བླ་མེད་སྟོབས་ ལྡན་གྱི་སློབ་གསོའི་བདུད་རྩི་ལ་མ་བརྟེན་པར་འབྱུང་ཐབས་ཡེ་ནས་མེད་དོ། 
  ནོ་བཱེར་སློབ་གསོའི་ཉམས་མྱོང་དང་སྙིང་སྟོབས་ལ་ཟུར་ལྟ་དང་སློབ་སྦྱོང༌། དཔྱད་ཞིབ་གང་ལེགས་བགྱིས་ ཏེ། ང་ཚོས་ཀྱང་རང་རེའི་བོད་ཀྱི་སློབ་གསོ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་དུ་གཏོང་བའི་ཐད་ལ་བསམ་བློ་བཟང་བོ་ཞིག་དང་གྲ་སྒྲིག་འཐུས་ཚང་ཞིག་བྱེད་རྒྱུ་ནི་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་མཐའ་གཅིག་ཏུ་དགོངས་ནས། མི་རིགས་སློབ་གསོའི་གཡུལ་ས་ན་ཁྲག་དྲི་དང་དུ་བ་མེད་པའི་ཛ་དྲག་གི་འཁྲུག་རྩོད་ཁྲོད། སྙིང་སྟོབས་དང་ཞེན་ཁ་ལྷོད་ཀྱིན་མེད་པའི་སྐྱིད་སྡུག་མཉམ་མྱོང་གི་ལས་རྐང་གཅིག་གི་རྒོད་པོ་དང་མཛའ་གྲོགས་ལྷན་རྒྱས་རྣམས་ལ་འབོད་སྐུལ་ཆ་ཙམ་གཏོང་སླད་ངལ་བ་འདི་རང་ངོས་ནས་དང་དུ་བླངས་པ་ཙམ་མོ།།

གཙོ་ངོས།ཤོག་ངོས་གོང་མ།12ཤོག་ངོས་འོག་མ།ཤོག་ངོས་མཐའ་མ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...