སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡང་སྙིང་མཁའ་འགྲུལ་དེ་ཉིད་གང་དུ་འཕུར།
རྩོམ་པ་པོ། གློག་ཞགས། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2014-3-14 11:16:00 རྩོམ་ཁུངས། བོད་ཀྱི་ཤེས་རིག་བང་མཛོད། ཀློག་གྲངས།

ཚན་རིག་སྤྱང་པོ་དག་གིས་མ་མཐོང་ཞིང་།
བླ་མ་མངོན་ཤེས་ཅན་གྱིས་མ་གཟིཊ་པར།
ཁ་སང་ལམ་ལ་ཆས་པའི་གནམ་གྲུ་དེ།
ཡང་སྙིང་ས་བླ་བར་གསུམ་གང་དུ་ཡོད།


གནམ་ལ་སྲུང་སྐར་རྒྱང་མིག་བགྲད་དེ་ཡོད།
ས་ལ་གློག་རླབས་དྲྭ་བ་སྦྲེལ་ཏེ་ཡོད།
གནམ་ས་བར་གསུམ་མི་ཡི་མིག་ལ་ཡོད།
མཁའ་འགྲུལ་ཆེན་པོ་དེ་ཉིད་སུ་ཡིས་སྦས།
 
ང་ཆེ་ང་བཙན་རྒྱལ་ཁབ་རུབ་ནས་གདའ།
ང་མཁས་ང་སྤྱང་མི་བུས་བཙལ་བཞིན་གདའ།
ཆེས་མཐོ་ཚན་རྩལ་ཕལ་ཆེར་སྤྱོད་བཞིན་གདའ།
ས་འབུ་རྡུལ་ཕྲན་ཡིན་ཡང་རྙེད་ཚོད་གདའ།
 
ཚན་རིག་མཁས་པ་དག་གིས་གོ་ནས་གདའ།
བླ་ཆེན་མངོན་ཤེས་ཅན་ཚོས་གཟིཊ་ནས་གདའ།
ས་རྒང་རིལ་མོ་ཁབ་བཞིན་འཚོལ་བཞིན་གདའ།
ཡང་སྙིང་མཁའ་འགྲུལ་དེ་ཉིད་གང་དུ་འཕུར།
 
གནམ་ལ་འཕུར་ན་རྒྱང་མིག་གསལ་ལོ་སྐད།
ས་ལ་འཛུལ་ན་ལྐོག་གྱུར་རྟོགས་སོ་ལོ།
གནམ་སའི་བར་ལ་བཙལ་ཀྱང་མི་རྙེད་པར།
མི་མིན་ལྷ་འདྲེས་སྦས་པ་ཨེ་ཡིན་ནམ།
 
རང་བྱུང་ཆེན་མོས་འཇབ་རྒོལ་མིས་མི་ཁོག
འབྱུང་བ་ཆེན་པོའི་འགྲན་ཡ་མིས་མི་དོ།
གནམ་གྲུ་གནམ་སའི་བར་ནས་བོར་བ་འདི།
བསམ་ན་མི་ནི་ཅི་འདྲའི་ནུས་མེད་ཅིག
 
རྩ་ཆེའི་ཚེ་སྲོག་ཉིས་བརྒྱ་སོ་དགུའི་ཆེད།
བཙལ་ན་ང་ལ་ནུས་པའི་མིག་མེད་ཀྱང་།
གདུང་སེམས་མཉམ་དུ་ཁུར་བའི་མྱ་ངན་གྱིས།
མ་ཎི་ཡིག་དྲུག་ཞིག་གི་བསྔོ་བ་ཞུ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...