སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འགུལ་རིས་བརྙན་འཕྲིན་དང་བྱིས་པ།
རྩོམ་པ་པོ། འཆིང་གྲོལ་ཚུལ་ཁྲིམས་རྒྱ་མཚོས རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2014-4-3 9:41:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

  ང་ཚོས་ཤེས་གསལ་ལྟར། འགུལ་རིས་བརྙན་འཕྲིན་ནི་བྱིས་པ་ཕལ་མོ་ཆེས་ཤིན་ཏུ་སྤྲོ་སྐྱིད་ཀྱི་ལྟད་མོ་ཞིག་ཏུ་འདོད་པ་རེད། ཡིན་ནའང་དྲག་ཤུགས་དང་སྤྱོད་ངན་གྱིས་ཁེངས་པའི་བརྙན་མིག་དག་གིས་བྱིས་པ་རྣམས་ལ་མི་ལེགས་པའི་བག་ཆགས་འཇོག་པ་རེད། ཉེ་ལམ། ཅང་སུའུ་ཡི་བྱིས་པ་ཆུང་ཆུང་གཉིས་སྡེ་བ་གཅིག་པའི་བྱིས་པ་ལོ་དགུ་ཅན་ཞིག་གིས་སྡོང་བོར་བཀྱིགས་ནས་མེ་ལ་བསྒྲོན་ཏེ། སྲེག་སྐྱོན་ཆེན་པོ་བྱུང་བ་རེད་ལ། དེའི་རྒྱུ་རྐྱེན་ནི་འགུལ་རིས་ཀྱི་ནང་དུ་སྤྱང་སྐྱ་ལྡང་གིས་ལུག་རྣམས་བསྲེགས་པའི་རྣམ་པར་ལད་མོ་བྱས་པ་ལ་རག་ལས་པར་བཤད། ཁྱིམ་བདག་མང་བོ་ཞིག་གིས་བཅར་འདྲི་བརྒྱུད་ནས་འདི་ལྟར་ཟེར་ཏེ། བྱིས་པ་རྣམས་ཀྱིས་ཉིན་རྒྱུན"ངས་ཁྱོད་གསད་འདོད"ཅེས་པ་ལྟ་བུའི་དྲག་ཤུགས་ཅན་གྱི་ཚིག་ངན་བརྗོད་པར་བྱེད་ལ། བྱིས་པ་ལ་ལས་ཐ་ན་ཁྱིམ་བདག་དང་རྩེད་རོགས་སོགས་ལ་རྡེག་འཚོག་དང་མཚང་འབྲུའང་བྱེད་དོ།། དེ་དག་ལ་ཅི་བྱུང་བ་ཡིན་ནམ། འདི་ལ་ལིས་ལྕམ་མོས་འདི་སྐད་ཟེར་ཏེ། "ངས་བསམས་ན། དེ་ནི་འགུལ་རིས་དང་རོལ་རྩེད་སོགས་ལ་རོལ་དྲགས་པས་རེད་དེ། དེང་གི་འགུལ་རིས་དང་རོལ་རྩེད་སོགས་སུ་དྲག་ཤུགས་རང་བཞིན་གྱི་སྐད་ཆ་དང་སྤྱོད་པས་ཁེངས་ཡོད་པས། བྱིས་པ་དག་གིས་ལད་མོ་བྱེད་སླ་བ་རེད། 《བརླང་སྤྱོད་ཀྱི་གདོད་མའི་མི》དང《གཟུགས་འགྱུར་ཅིན་ཀང》སོགས་ནི་མིང་ལས་ཀྱང་དྲག་ཤུགས་ཆེ་བ་ཤེས་ཤིང་། 《ལུག་སྤྲོ་ལྡན་དང་སྤྱང་སྐྱ་ལྡང》ཞེས་པར། ཧོང་ཐེ་ལང་གིས་རྟག་ཏུ་གཞན་གྱི་མགོ་ལ་སླ་ངས་རྡེག་པར་བྱེད་པས། བྱིས་པ་མང་བོས་དེ་ལ་ལད་མོ་བྱས་པ་རེད། འོན་ཀྱང་ཁོ་ཚོས་སླ་ངས་མགོ་ལ་བརྒྱབ་ཚེ་ན་ཟུག་ཙམ་གྱིས་མི་ཚད་པ་ཤེསཀྱིན་མེད། ད་དུང《དཔའ་རྟུལ་ཕག་ཕྲུག》ཅེས་པར་མཚོན་ནའང་། ལེའུ་རེ་རེའི་ནང་དུའང་རྡུང་རེས་མེད་པ་མི་སྲིད་པ་ཡིན། " ཞེས་སོ།།
  དེང་གི་འགུལ་རིས་བརྙན་འཕྲིན་མང་བོ་ཞིག་ལ་མི་རྒན་པའི་བསམ་བློ་མཚོན་པ་མང་ཞིང་། ངན་སྤྱོད་དང་དྲག་ཤུགས་ཀྱི་སྣང་ཚུལ་ཤུགས་ཆེན་པོ་ལྡན། ཕྱི་རྒྱལ་བས་ཞིབ་འཇུག་བྱས་པ་ལྟར་ན། དྲག་ཤུགས་དང་རྩུབ་སྤྱོད་ཅན་གྱི་འགུལ་རིས་དག་གིས་བྱིས་པ་རྣམས་ལ་གནོན་ཤུགས་ཆེན་པོ་སྤྲོད་ཅིང་། ཁོ་ཚོར་འཚུབ་ཆ་ལངས་པ་དང་གཉིད་ཁམས་མི་བདེ་བ་སོགས་བྱེད། དེར་མ་ཟད། དྲག་ཤུགས་ཅན་གྱི་འགུལ་རིས་དག་གིས་བྱིས་པའི་མི་ཚེའི་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་སོགས་ལ་ཤུགས་རྐྱེན་ཐེབས་ཤིང་། ཐ་ན་བྱིས་པ་རྣམས་བརྩེ་བ་མེད་པའི་ཤིང་དུམ་ལྟ་བུ་ཞིག་ཏུ་བསྒྱུར་སྲིད། ལད་མོ་ནི་བྱིས་པ་རྣམས་ཀྱི་ལྷན་སྐྱེས་ཀྱི་ནུས་པ་ཡིན་ཏེ། ཨ་རིའི་སེམས་ཁམས་རིག་པ་བ་པན་ཏུའུ་ར་ཡིས1961ལོར་སེམས་ཁམས་རིག་པའི་ཚོད་ལྟ་གྲགས་ཅན་ཞིག་བྱས་པ་ལྟར་ན། བྱིས་པ་དག་གིས་མི་རྒན་རྣམས་ལ་ལད་མོ་བྱས་ནས་རྡུང་རེས་དང་། རྡེག་འཚོག སྡིགས་དམོད་སོགས་བྱེད་ཤེས་པ་མ་ཟད། གསར་བཏོད་རང་བཞིན་གྱིས་རང་གི་ལུགས་ཤིག་སྤྱད་དེ་ཕར་རྒོལ་བྱེད་པ་རེད། ལོ་གསུམ་ཡན་གྱི་བྱིས་པ་དག་ལ་ལད་མོའི་ནུས་པ་ཡོད་པས། འགུལ་རིས་དང་རོལ་རྩེད་ནང་གི་སྤྱོད་པ་དག་ལ་སློབ་པར་བྱེད། ད་དུང་། བྱིས་པ་དག་གི་ངོས་འཛིན་གྱི་ནུས་པ་ཇེ་ཆེར་འགྲོ་བའི་སྐབས་སུ། བྱ་དངོས་དག་ལ་བརྡར་ཤ་གཅོད་པའི་ནུས་པ་ཞན་པས། ཁོ་ཚོས་བརྙན་མིག་ནང་གི་ལེགས་ཉེས་དང་བདེན་རྫུན་གྱི་དབྱེ་བ་ཁོར་དཀའ་ཞིང་། ཐ་ན་དྲག་ཤུགས་ཀྱི་ངན་སྤྱོད་དེ་དག་ཀྱང་སྙིང་སྟོབས་དང་དཔའ་སྤོབས་ཀྱི་སྣང་ཚུལ་ཞིག་ཏུ་ལྟ་བ་རེད། དེ་ལྟར་བྱས་ཚེ། བྱིས་པ་དག་འཇིག་རྟེན་རྫུན་མཞིག་ཏུ་བྱིང་ནས། མངོན་སུམ་གྱི་བྱམས་བརྩེ་ལས་འབུད་པའི་ཉེན་ཁ་ཆེ་ཞིང་། དེའི་ཚེ། ཁྱིམ་བདག་གམ་ཉེ་མི་དག་གིས་གཅེས་པར་མི་སྐྱོང་བར་ཐད་སོར་བཞག་ཚེ། བྱིས་པ་ནི་བརྩེ་ཞེན་དང་བཟང་སྤྱོད་ཀྱིས་དབུལ་བར་འགྱུར་རོ།།  རེད་དེ། འགུལ་རིས་ལ་དགེ་མཚན་གཅིག་ཀྱང་མེད་པའང་ག་ནས་ཡིན་ཏེ། འགུལ་རིས་ཡག་པོ་ཞིག་ཡིན་ཚེ། བྱིས་པའི་སློབ་སྦྱོང་གི་ནུས་པ་དང་། འཆར་སྒོ་སྐྱེད་པ་སོགས་ལ་ཤིན་ཏུ་ཕན་པས། ཉེ་མི་དག་གིས་མཛུབ་སྟོན་གྱི་སྒོ་ནས་དེ་ལ་འཇུག་པར་བྱའོ།། 《དོམ་ཕྲུག་ཝེ་ཉི》དང་《རིག་པ་རྣོ་བའི་ཡུས་ཞིག་》ལྟ་བུ་ནི་ཤིན་ཏུ་ཡག་སྟེ། འགུལ་རིས་ལ་ལྟ་སྐབས། བྱིས་པ་དག་དང་མཉམ་དུ་བསྡད་ནས། དེའི་ནང་གི་མི་སྣ་ལ་དཔྱད་འཇོག་དང་དགེ་སྡིག་ལ་དབྱེ་ཞིབ་བྱས་ན་ཤིན་ཏུ་ཕན་པ་རེད། དཔེར་ན། ཨ་རི་ལ་མཚོན་ན། 《བྱི་ལ་དང་ཙི་གུ》ཞེས་པའི་འགུལ་རིས་གྲགས་ཅན་དེ་ནི་ལོ་ན་དྲུག་མན་གྱི་བྱིས་པ་དག་གིས་བལྟ་མི་རུང་བ་ཡིན་ཏེ། དེའི་ནང་དུ་བྱི་ལའི་རྔ་མ་གཅོད་པ་དང་བྱི་ལའི་ཁ་ནང་དུ་འགས་སྨན་འཇོག་པ་ལྟ་བུའི་བརྙན་གཟུགས་ཡོད་པས་རེད།

                                   ---འཆིང་གྲོལ་ཚུལ་ཁྲིམས་རྒྱ་མཚོས《 རྣམ་པ་གསར་བའི་སློབ་གསོ》ཞེས་པ་ལས་དྲངས་ཏེ་བསྒྱུར་བསྒྲིགས་བྱས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...