སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མི་ཉག་རྟའུ་ཡུལ་གྱི་སྡོད་ཁང་གི་ཁྱད་ཆོས།
རྩོམ་པ་པོ། ཨོ་རྒྱན་དོན་གྲུབ། རྩོམ་སྒྲིག་པ། Lhamo དུས་ཚོད། 2014-7-21 9:37:00 རྩོམ་ཁུངས། ཁམས་པའི་འཛུམ་རིས་ལས་བཏུས། ཀློག་གྲངས།

མི་ཉག་རྟའུ་ཡུལ་གྱི་སྡོད་ཁང་གི་ཁྱད་ཆོས།

     སྔོན་བྱོན་མེས་པོ་དག་གིས་རྡོ་དང་དབྱུག་པ་ལག་ཆ་བྱས་ཤིང་རི་དྭགས་བརྔོན་ཏེ་འཚོ་ཐབས་བྱེད་པ་སོགས་ནས་བཟོ་རིག་ལག་ཤེས་དར་བའི་དབུ་བརྩམས་ཡོད་ལ། མེས་པོ་རིམ་བྱོན་དེ་དག་གིས་རང་ཉིད་ཀྱི་འཚོ་བར་ཕན་དུ་གདགས་པའི་དངོས་པོ་མང་པོ་ཞིག་བློ་རིག་པས་གསར་དུ་བསྐྲུན་ཏེ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཡུན་རིང་བོ་ཞིག་འགོར་བའི་དེ་རིང་གི་སྐབས་སུ་མི་རིགས་ཤིག་གམ་ཡུལ་སྡེ་ཞིག་གི་ཚབ་མཚོན་དུ་གྱུར་ཡོད་པའང་གང་མང་མང་རེད། དེ་ལས་ཆེས་ངོ་མཚར་བ་ནི་ཁམས་མི་ཉག་རྟའུ་ཡུལ་གྱི་སྡོད་ཁང་འཛུགས་སྐྲུན་གྱི་ལག་ཤེས་དེ་རེད། སྤྱིར་རྟའུ་ཡུལ་གྲུ་ནི་མི་ཉག་རབ་སྒང་རིང་མོའི་སྒང་རྒྱུད་དུ་གཏོགས་ཤིང་རྟའུ་ནས་ལྡེའུ་ཕྱུག་མོ་ཞེས་རི་བོ་མཛེས་ཤིང་ནགས་ཚལ་ཚང་ཚིང་འཁྲིགས་པ་དེའི་རི་འདབས། གཤིས་ཆུ་དལ་འབབ་རིང་མོ་ལྷུང་ལྷུང་དུ་འབབ་པའི་གཡས་གཡོན་ན་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་ལྷུན་ཆགས་ངང་གནས་ཤིང་ཆགས་ཡོད་པ་ཡིན། ཤར་དུ་དམུ་རྗེ་ཉག་ག་ཡན་ཆད་དང་། ལྷོ་རྒྱུད་དུ་ཁམས་ཉག་ཆུ་རྫོང་དང་འབྲེལ་ལ། ནུབ་ཏུ་ཏྲེ་ཧོར་ཤྭ་རྭ་ཐང་། བྱང་དུ་རྒྱལ་མོ་ཚ་བ་རོང་གི་ས་རྒྱུད་དང་འབྲེལ་བའི་ཡུལ་སྡེའི་སྤྱིའི་མིང་ལ་རྟའུ་ལུང་པ་ཞེས་ཟེར་ལ། ཡུལ་གྲུ་དེ་ག་ནས་སྡོད་ཁང་འཛུགས་སྐྲུན་གྱི་ལག་རྩལ་ནི་བོད་ཁམས་ཡོངས་སུ་མཐོང་དུ་མེད་པའི་ཁྱད་ཆོས་འབུར་ཐོན་གྱི་འཛུགས་སྐྲུན་ལེགས་པོ་ཞིག་ཡིན་པ་མ་ཚད་དུས་རབས་འདིའི་དུས་འགོ་ནས་མཚན་གྱི་སྙན་པའང་འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེ་ནས་རིམ་གྱིས་རྒྱས། རྟའུ་ཡུལ་གྱི་སྡོད་ཁང་འཛུགས་སྐྲུན་གྱི་ལག་རྩལ་ནི་ཡུལ་འདི་གའི་སྔོན་བྱོན་མེས་པོ་དག་གིས་དཀའ་སྤྱད་ཀྱི་བརྩོན་པ་དང་བློ་དང་རིག་པའི་འཆར་སྒོ་ལས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་ད་ལྟའི་ཕྱི་ནས་བལྟས་ན་མིག་ལ་མཛེས་ཤིང་ནང་དུ་བལྟས་ན་གཞལ་ཡས་ལྷ་ཁང་ཞེས་པ་དང་གཉིས་སུ་མ་མཆིས་པའི་བཟོ་བཀོད་ཕུན་སུམ་པའི་སྡོད་འདི་བྱུང་བ་རེད། འདི་ནི་བོད་ཀྱི་གནའ་བོའི་བཟོ་བཀོད་ཀྱི་ལག་རྩལ་དང་རྒྱུ་ཆ་ནང་བཞིན་རྡོ་དང་ས་ལ་བརྟེན་ནས་ཕྱི་ཡི་བཟོ་བཀོད་གྲུབ་ཅིང་། ཤིང་གིས་ཀ་བ་གདུང་མ་སོགས་ནང་གི་བཟོ་བཀོད་མ་ལུས་འགྲུབ་པར་བྱེད་དགོས་ལ། གནམ་སྒྲོག་དང་ས་སྒྲོག་བརྒྱབ་སྟེ་སྲ་ཞིང་མཁྲེགས་ལ་བརྟན་ཞིང་བརླིང་བའི་ངོ་བོར་གྲུབ་པས་ས་འགུལ་སོགས་རང་བྱུང་གི་གནོད་པ་འགོག་པར་ཐུན་མིན་གྱི་ཆ་རྐྱེན་ཧ་ཅང་བཟང་པོ་ལྡན་ཡོད་པ་རེད། ཁང་པའི་ཕྱི་ངོས་ཀྱི་རྩིག་པར་ས་དཀར་པོའི་མདོག་སེར་ཞེད་ཅན་གྱི་ཚོན་མདངས་བྱུགས་པ(དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཕྱི་ཡི་རྩིག་པ་ནི་རྩིག་རྡོ་ཆེན་པོ་རེ་རེའི་བར་དང་གསེང་ལ་རྡོ་གཡའ་མ་ཆུང་ཆུང་གིས་ཁྲ་བརྒྱབ་སྟེ་མཐའ་བཞི་རུ་རྒྱ་ནག་ལྕགས་རི་སོགས་མཛེས་རིས་ཀྱིས་བརྒྱན་པའི་རྣམ་པ་ཞིག་ཀྱང་ཆགས་ཀྱིན་འདུག)དང་། ཐོག་བརྩེགས་ཕལ་ཆེར་གཉིས་རེ་ཅན་ཡིན་ལ་ཐོག་བརྩེགས་གཉིས་པའི་སྟེང་ན་རབ་གསལ་ལམ་ཉི་ར་ཡོད་པས་ཁོད་ཡངས་ལ་ཁམས་དྭངས་པའི་སྣང་བ་ཞིག་ཀྱང་ངང་གིས་སྟེར་སྲིད། ཐོག་བརྩེགས་དེའི་སྟེང་དུ་སྐུ་གསུང་ཐུགས་རྟེན་བཞག་སའི་མཆོད་ཁང་དང་། ཟས་གཡོས་སྦྱོར་བྱེད་སའི་ཐབ་ཚང་། མགྲོན་པོ་སྣེ་ལེན་བྱེད་སའི་མགྲོན་ཤག་སོགས་ཀྱི་བཀོད་སྒྲིག་ཡོད་པ་ཡིན། ནང་གི་བཟོ་བཀོད་ཡོངས་རྫོགས་ནི་ཤིང་གིས་གྲུབ་དགོས་པས་ཤིང་ཆའི་རིགས་ནི་རྟའུ་སྡོད་ཁང་འཛུགས་སྐྲུན་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོ་དེ་ཡིན། རྟའུ་ཡི་ཡུལ་གྲུའི་རི་ལུང་ཀུན་དུ་གསོམ་སྡོང་དང་ཤུག་སྡོང་སོགས་ལྗོན་ཤིང་རིགས་ཀྱིས་ནགས་ཚལ་སྟུག་པོ་འཁྲིགས་ཡོད་པས་རྟའུ་སྡོད་ཁང་གི་འཛུགས་སྐྲུན་ལ་ཆ་རྐྱེན་ཐོག་མའང་དེ་ནས་འཛོམས་ཡོད་པ་རེད། ཁང་བའི་ནང་གི་པང་ལེབ་དང་མཆོད་ཁྲི། གནམ་རྒྱན།  ཉལ་ཁྲི། ཅོག་ཙེ་སོགས་བོད་ཀྱི་ཐུན་མིན་གྱི་བཟོ་རིགས་ལག་རྩལ(དེང་སྐབས་མི་རིགས་གཞན་གྱི་ལག་རྩལ་ཅུང་ཟད་འདྲེས་པའང་ཡོད)གྱིས་བཀྲ་ཤིས་པའི་རི་མོ་དང་།  གཅན་གཟན། རི་དྭགས། ཡུལ་ལྗོངས་སོགས་ངོ་མཚར་བའི་རི་མོ་མང་པོ་འབུར་བརྐོས་དང་། དྲས་བརྐོས་སོགས་ཀྱི་རྣམ་པས་བཟོ་བསྐྲུན་བྱས་པ་ཡིན་པས་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་རྣམ་པའང་ངང་གིས་དོད་པ་དེའི་སྟེང་དང་། སྒོ་དང་སྐར་ཁུང་། ཀ་གདུང་སོགས་སུ་ཤིང་མཚོན་པ་དང་ལྷ་བཟོ་བས་ཚོན་བྱུགས་པ་དང་མཛེས་རིས་སོགས་བྲིས་ཏེ་ངོ་མཚར་སྟོང་གིས་བརྒྱན་ཤིང་རི་མོ་དེ་དག་གསོན་ཉམས་ལྡན་པ་དོན་ལ་གནས་པ་ཞིག་ཏུ་འཁུམས་འདུག་གོ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...