སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མི་ཉག་ཡུལ་གྱི་རྡོ་རྩིག་ལག་ཤེས།
རྩོམ་པ་པོ། དཀོན་མཆོག་བསྟན་འཛིན། རྩོམ་སྒྲིག་པ། Lhamo དུས་ཚོད། 2014-7-30 10:01:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

མི་ཉག་ཡུལ་གྱི་རྡོ་རྩིག་ལག་ཤེས་ངོ་སྤྲོད།

      འདིར་མི་ཉག་ཕྱོགས་སུ་དར་བའི(གཙོ་བོ་དར་མདོ་ས་ཁུལ)རྡོ་རྩིག་ཁང་བའི་འཛུགས་སྐྲུན་ལག་རྩལ་ཐད་ཅུང་གླེང་ན། ཐོག་མར་ཁང་བ་ཆེ་ཆུང་ཅི་འདྲ་ཞིག་འདོད་པ་དེ་ལུགས་ཀྱི་ས་ཐིག་གདབ་དགོས། ཁང་པ་ཆེ་ཆུང་དེ་ཡང་གཙོ་བོ་ཀ་གྲངས་མང་ཉུང་ལ་རག་ལས་ཏེ། ཀ་བ་གསུམ་ཅན་ནས་བཞི་ཅན། དྲུག་ཅན། བརྒྱད་ཅན། བཅུ་ཅན། བཅུ་གཉིས་ཅན་སོགས་ཡོད། མ་ཁང་ཀ་བ་བཅུ་གཉིས་ཅན་ནི་དེང་སང་ཁང་པ་ཆེ་བའི་གྲས་སུ་གཏོགས་ལ། མང་ཆེ་བ་ནི་ཀ་བ་དྲུག་ཅན་དང་དགུ་ཅན་ཡིན་ནོ།། མཐོ་ཚད་ནི་བརྩེགས་གསུམ་རེ་ཡིན་ཞིང་བརྩེགས་གསུམ་པར་ཤར་ལྷོའམ་ལྷོ་ནུབ་ཕྱོགས་སུ་རབ་གསལ་ཀ་བ་གཅིག་གི་རྒྱ་ཁྱོན་རེ་བརྩེགས་མི་འགེབ་པར་འཇོག མ་ཁང་གི་ལོགས་སུ་བཏགས་པའི་ལྷ་ཁང་ལ། ཀ་བཞི་གདོང་བརྒྱད་སོགས་ཀྱི་བཤད་སྲོལ་ཡོད་མོད། དེང་སང་ནི་ཀ་བ་གསུམ་ཅན་ཡིན། མཐོ་ཚད་ནི་བརྩེགས་གསུམ་རེའི་སྟེང་པད་བརྩེགས་དང་དེའི་སྟེང་གྱོ་ལེབ་བམ་རྡོ་ལེབ་བཀབ་པས་མཐོ་བརྩེགས་ལྔ་རེ་ཡོད་དོ།། ས་ཐིག་བཏབ་རྗེས་རྩིག་རྨང་བརྐོ་དགོས་ཤིང་། གཏིང་ཟབ་ཚད་ནི་ས་འཕྲོའམ་རྨང་ས་ཞེས་པའི་ས་བྱེ་མ་ཅན་ལ་ཐུག་དགོས། དེ་ཡང་རེ་འགར་ཁྲི་ཙེ་གང་རེ་ཙམ་བརྐོས་ན་ཆོག་ལ། རེ་འགར་ནི་ཁྲི་ཙེ་དོ་ཙམ་དང་རེ་འགར་ནི་ཁྲི་ཙེ་ལྔ་རེ་ཙམ་ཡང་བརྐོ་དགོས་ཐུག་པ་སོགས་ནི་ཁང་སའི་མཐུག་སྲབ་ཀྱི་ཁྱད་པར་ལ་ཐུག་ཡོད། གནའ་སྔ་མོར། ས་འཕྲོས་ལ་ཐུག་རྗེས་རྩིག་རྨང་གི་ས་བརྡུང་ནས་སྲ་བརྟན་དུ་གཏོང་བའི་སྲོལ་ཡང་ཡོད་པར་གྲགས། རྩིག་རྨང་ལེགས་པར་བརྐོས་གྲུབ་རྗེས། དེའི་ནང་རྡོ་ཆེ་ཆུང་སྣ་ཚོགས་ཀྱིས་བརྫངས་དགོས། ཡུལ་སྐད་དུ་རྩིག་རྨང་སྒྲིག་ཟེར། དེ་རྗེས་འདམ་རྩིག་གི་འགོ་འཛུགས་དགོས། འདམ་རྩིག་བྱེད་ཚུལ་ལ་སྣ་ཚོགས་ཤིག་མཆིས་ཏེ། ༡ རྡོ་ཆེན་གཅིག་ལ་རྡོ་ཆུང་བརྒྱ་ཡིས་བསྐོར་བའི་རྩིག་ཚུལ། ༢ གཡུང་དྲུང་ལག་སྦྲེལ་གྱི་རྩིག་ཚུལ། ༣ རྡོ་རྗེ་བྱ་རྩིག ༤ འཇང་རྩིག(གནའ་སྔ་མོ་འཇང་གིས་མི་ཉག་ས་ཁུལ་དབང་སྒྱུར་སྐབས་ནས་དར་བའི་རྩིག་ཚུལ་ཞིག་ཡིན་ཞེས་གྲགས། གནའ་སྔ་མོར་བརྩིགས་པའི་མཁར་རྫོང་མང་པོ་ཞིག་དེང་སང་ཡང་མཐོང་རྒྱུ་ཡོད་པ་དེ་ཚོའི་རྩིག་ཚུལ་ནི་འཇང་རྩིག་ཏུ་བཤད)སོགས་སོ།།
     སྔོན་ཚེ་རྡོ་རྗེ་བྱ་རྩིག་གམ་རིན་ཆེན་བྱ་རྩིག་དང་འཇང་རྩིག་གི་རྩིག་ཚུལ་སོགས་ཀྱང་། དེང་སང་ཆེས་དར་བ་ནི་རྡོ་ཆེན་གཅིག་ལ་རྡོ་ཆུང་བརྒྱ་ཡིས་བསྐོར་བ་དང་། དེ་རྗེས་གཡུང་དྲུང་ལག་སྦྲེལ་གྱི་རྩིག་ཚུལ་ཡིན་ཞིང་། དེ་མིན་རྡོ་ཡིས་འབྱོར་ན། དཀར་པོ་གྲལ་རེ། སེར་པོ་གྲལ་རེ། སྔོན་པོ་གྲལ་རེ་བྱེད་པའི་རྩིག་ཚུལ་ཡང་ཡོད་དོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...