སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གླིང་ཆེན་བདུན་དང་མཚོ་ཆེན་བཞིའི་རྣམ་གཞག
རྩོམ་པ་པོ། བསྟན་པའི་ཉི་མ། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2014-8-2 9:05:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


གླིང་ཆེན་བདུན།

  ༄༅། །གླིང་བདུན་མཚོ་བཞིའི་རྣམ་གཞག དེང་སང་གི་བཤད་སྲོལ་ལྟར་གླིང་ཆེན་བདུན་དང་མཚོ་ཆེན་བཞིའི་ཆགས་ཚུལ་མདོར་བསྡུས་ཙམ་སྨྲ་བའི་སྐབས་སུ་བབ་པ་ལ། སའི་གོ་ལ་འདི་ལ་ཕྱེད་ཤར་མ་དང་། ཕྱེད་ལྷོ་མ། ཕྱེད་ནུབ་མ། ཕྱེད་བྱང་མ་བཅས་བཞི་རུ་དབྱེར་ཡོད་ལ་ཤར་ནུབ་ཀྱི་ངོས་དེ་གཞུང་ཐིག༣༦༠དང་། ལྷོ་བྱང་གི་ངོས་དེ་འཕྲེད་ཐིག༡༨༠ཡིས་བགོས་ཡོད། དབྱིན་ཇིའི་རྒྱལ་ས་ལོན་ཏོན་ཉེ་འདབས་ཀྱི་ཐེམ་ཟི་གཙང་བོའི་འགྲམ་རྒྱུད་དུ་ཡོད་པའི་ཀི་ལིན་ལྦེ་ཁྲུའི་གནམ་དཔྱད་ཁང་གི་ཨེ་ལེ་སྐར་བརྟག་འཕྲུལ་ཆས་ཀྱི་བྱི་རྟའི་གཞུང་ཐིག་དེ་སའི་གོ་ལའི་ཀླད་ཀོར་གཞུང་ཐིག་ཡིན་ཞིང་སའི་གོ་ལའི་གཞུང་ཐིག་དང་པོའང་ཡིན། དེ་ནས་ཤར་ཕྱོགས་སུ་དེད་ནས་བརྩིས་ཚེ་ཞི་བདེ་རྒྱ་མཚོའི་དཀྱིལ་ཙམ་དུ་འབབས་པའི་གཞུང་ཐིག༡༨༠བར་གྱི་ས་ཁུལ་རྣམས་ལ་སའི་གོ་ལའི་ཕྱེད་ཤར་མ་ཟེར་ཞིང་། གོ་ལའི་ཀླད་ཀོར་གཞུང་ཐིག་དེ་ནས་ནུབ་ཕྱོགས་སུ་དེད་ནས་བགྲངས་ཚེ་ཞི་བདེ་རྒྱ་མཚོའི་དཀྱིལ་ཙམ་དུ་འབབ་པའི་གཞུང་ཐིག་༡༨༠བར་གྱི་ས་ཁུལ་རྣམས་ལ་སའི་གོ་ལའི་ཕྱེད་ནུབ་མ་ཟེར་ལ། གཞུང་ཐིག་རེ་རེའི་ནང་སྤྱི་ལེ༡༡༡དང་སྨི༣༣༣ཙམ་ཡོད་ལ། དུས་ཚོད་ནི་སྐར་བཞི་རེ་ཡིན།དེ་བཞིན་མེ་གླིང་ལྷོ་མའི་རྒྱལ་ཁབ་ཨེ་ཁོ་དོར་གྱི་རྒྱལ་ས་ཁེ་ཐོའི་ཉེ་འགྲམ་དུ་ཆགས་པའི་སན་ཨན་ཐོ་ནེ་གྲོང་བརྡལ་གྱི་ཐིག་དམར་རྡོ་རིང་གི་ཐོག་ཏུ་བབས་པའི་འཕྲེད་ཐིག་དེ་སའི་གོ་ལའི་ཀླད་ཀོར་འཕྲེད་ཐིག་ཡིན་ཞིང་སའི་གོ་ལའི་འཕྲེད་ཐིག་དང་པོའང་ཡིན། དེ་ནས་ལྷོར་ཁ་ཕྱོགས་ནས་བརྩིས་པའི་ཚེ་ཧིན་དྷུ་ཉི་ཞི་ཡའི་དཀྱིལ་ཙམ་དུ་འབབ་པའི་འཕྲེད་ཐིག༩༠བར་གྱི་ས་ཁུལ་རྣམས་ལ་སའི་གོ་ལའི་ཕྱེད་ལྷོ་མ་ཟེར་ཞིང་རྒྱ་ཁྱོན་ཕལ་མོ་ཆེ་རྒྱ་མཚོས་བཟུང་ནས་ཡོད། གོ་ལའི་ཀླད་ཀོར་འཕྲེད་ཐིག་དེ་ནས་བྱང་དུ་ཁ་ཕྱོགས་ནས་བགྲངས་པའི་ཚེ་སྔར་བཞིན་ཧིན་དྷུ་ཉི་ཞི་ཡའི་དཀྱིལ་ཙམ་དུ་འབབ་པའི་འཕྲེད་ཐིག་༩༠བར་གྱི་ས་ཁུལ་རྣམས་ལ་སའི་གོ་ལའི་ཕྱེད་བྱང་མ་ཟེར་ཞིང་སའི་གོ་ལའི་སྐམ་ས་ཕལ་མོ་ཆེ་གནས་དེར་འདུས་ཡོད་དོ།།
གཞུང་ཐིག་དང་འཕྲེད་ཐིག་དེ་ལྟ་བུས་བཅད་པའི་སའི་གོ་ལའི་ངོས་སུ་སྐམ་ས་དང་རྒྱ་མཚོ་མུ་འབྲེལ་གྱི་ཚུལ་དུ་ཆགས་ཡོད་ལ། ཤར་གླིང་ངམ་ཨེ་ཤ་ཡའི་གླིང་དང་། ཨོ་གླིང་ངམ་ཡོ་རོབ་གླིང་། གླིང་ཆེན་ཨ་ཧྥེ་རི་ཁའི་གླིང་། ལྷོ་ཨ་མེ་རི་ཁ་འམ་མེ་གླིང་ལྷོ་མ་དང་། བྱང་ཨ་མེ་རི་ཁ་འམ་མེ་གླིང་བྱང་མ། རྒྱ་མཚོ་ཆེན་མོའི་གླིང་། ལྷོ་སྣེའི་གླིང་སྟེ་སྐམ་སའི་གླིང་ཆེན་བདུན་པོ་དེ་ཆགས་ཚུལ་གྱིས་ཡངས་ཤིང་རྒྱ་ཆེ་བའི་མཚོ་ངོས་དེ་ཡང་ཕན་ཚུན་དུ་འབྲེལ་བའི་རྒྱ་མཚོ་ཆེན་མོ་བཞི་རུ་བགོས་ཡོད། དེ་དག་ནི་ཞི་བདེ་རྒྱ་མཚོ་ཆེན་མོ་དང་། ནུབ་རྒྱ་མཚོ་ཆེན་མོ།རྒྱ་གར་རྒྱ་མཚོ་ཆེན་མོ། བྱང་རྒྱ་མཚོ་ཆེན་མོ་རྣམས་ཡིན། ཞི་བདེ་རྒྱ་མཚོ་ཆེན་མོ་ནི་ཨེ་ཤ་ཡ་དང་། རྒྱ་མཚོ་ཆེན་མོའི་གླིང་། མེ་ལྷོ་བྱང་མ་བཅས་ཀྱི་བར་དུ་འཁྱིལ་ཡོད་ ལ། དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུབ་བཞི་མ༡༧༩༦༨༠༠༠༠དང་ཆ་སྙོམས་ཟབ་ཚད་ལ་སྤྱི་ལེ་བཞི་ལྷག་ཡིན་ཞིང་འཛམ་གླིང་ཐོག་གི་རྒྱ་མཚོ་ཆེན་མོ་དང་པོ་དེ་ཡིན། ནུབ་རྒྱ་མཚོ་ཆེན་མོ་ནི་མེ་གླིང་ལྷོ་བྱང་གཉིས་དང་ཨོ་གླིང་ཨ་ཧྥེ་རི་ཁའི་གླིང་ལྷོ་སྣེ་གླིང་བཅས་ཀྱི་བར་དུ་ཆགས་ཡོད་ལ། དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༩༣༣༦༣༠༠༠དང་ཆ་སྙོམ་ཟབ་ཚད་ལ་སྤྱི་ལེ་༣ལྷག་ཡིན་ཞིང་འཛམ་གླིང་གི་རྒྱ་མཚོ་ཆེན་མོ་གཉིས་པ་ཡིན། རྒྱ་གར་རྒྱ་མཚོ་ཆེན་མོ་ནི་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་གླིང་རྒྱ་མཚོ་ཆེན་མོའི་གླིང་ལྷོ་སྣེ་གླིང་བཅས་ཀྱི་བར་དུ་ཡོད་ལ། དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༧༤༩༡༧༠༠༠དང་ཆ་སྙོམ་ཟབ་ཚད་ལ་སྤྱི་ལེ་༣ཙམ་ཡིན་ཞིང་འཛམ་གླིང་གི་རྒྱ་མཚོ་གསུམ་པ་ཡིན། བྱང་རྒྱ་མཚོ་ཆེན་མོ་ནི་བྱང་སྣེའི་གོར་མོའི་ནང་དུ་ཆགས་ཤིང་། དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༡༣༡༠༠༠༠༠དང་ཆ་སྙོམ་ཟབ་ཚད་ལ་སྤྱི་ལེ༢ལྷག་ལས་མེད་པས་འཛམ་གླིང་གི་རྒྱ་མཚོ་ཆུང་ཤོས་དེ་ཡིན། གླིང་ཆེན་ཨེ་ཤ་ཡ་ནི་སའི་གོ་ལའི་ཕྱེད་ཤར་མའི་དབུས་རྒྱུད་དུ་གནས་ལ། ཤར་ཕྱོགས་ཞི་བདེ་རྒྱ་མཚོ་ཆེན་མོ་དང་།ལྷོ་ཕྱོགས་རྒྱ་གར་རྒྱ་མཚོ། ནུབ་བྱང་ཕྱོགས་ཨོ་གླིང་དང་འབྲེལ་ནས་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༤༤༠༠༠༠༠༠ཡིན་པས་འཛམ་གླིང་ཐོག་སྐམ་ས་ཆེས་ཆེ་བ་དེ་ཡིན་ཞིང་དེར་བོད་དང་རྒྱ་གར་ནག་སོགས་རྒྱལ་ཁབ༤༩ཙམ་ཡོད་ལ་ཡུལ་བདག་མི་རིག་ནི་མི་རིག་སེར་པོའི་རྒྱུད་པ་ཡིན། ཨོ་གླིང་ནི་ཤར་ཕྱོགས་ཨེ་ཤ་ཡ་དང་།ལྷོ་ཕྱོགས་ཨ་ཧྥེ་རི་ཁའི་གླིང་། ནུབ་ཕྱོགས་ནུབ་རྒྱ་མཚོ། བྱང་ཕྱོགས་བྱང་རྒྱ་མཚོ་ཆེན་མོ་དང་འབྲེལ་ཞིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༡༠༡༦༠༠༠༠ཡོད་ལ་དེར་དབྱིན་ཇི་དང་ཧྥ་རན་སི་སོགས་རྒྱལ་ཁབ༤༣ཡོད་ལ་ཡུལ་བདག་མི་རིག་ནི་མི་རིག་དཀར་པོ་ ཡིན། གླིང་ཆེན་ཨ་ཧྥེ་རི་ཁ་ནི་སའི་གོ་ལའི་དཀྱིལ་རྒྱུད་དུ་ཆགས་ཡོད་ལ། ཤར་ཕྱོགས་རྒྱ་གར་རྒྱ་མཚོ་དང་། ལྷོ་ནུབ་གཉིས་ནུབ་རྒྱ་མཚོ་དང་། བྱང་ཕྱོགས་ས་དབུས་རྒྱ་མཚོ་དང་འབྲེལ་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༣༠༢༠༠༠༠༠ཡིན་ལ་འཛམ་གླིང་ཐོག་གི་སྐམ་ས་ཆེ་བ་གཉིས་པ་ཡིན་ཞིང་དེར་ཨེ་ཅིབ་དང་ལྷོ་ཧྥེ་སོགས་རྒྱལ་ཁབ༥༡ཡོད་ཅིང་ཡུལ་བདག་མི་རིགས་ཕལ་ཆེ་བ་མི་རིགས་ནག་པོ་ཡིན་། མེ་གླིང་བྱང་མ་ནི་སའི་གོ་ལའི་ཕྱེད་ནུབ་མའི་བྱང་ཕྱོགས་སུ་ཆག་ཡོད་ལ། ཤར་ཕྱོགས་ནུབ་རྒྱ་མཚོ་དང་། ལྷོ་ཕྱོགས་མེ་གླིང་ལྷོ་མ། ནུབ་ཕྱོགས་ཞི་བདེ་རྒྱ་མཚོ། བྱང་ཕྱོགས་བྱང་རྒྱ་མཚོ་བཅས་དང་འབྲེལ་ཞིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༢༤༢༣༠༠༠༠ཡོད། འདི་ནི་འཛམ་གླིང་གི་སྐམ་ས་ཨང་གསུམ་པ་ཡིན་ཞིང་ཨ་མེ་རི་ཁའི་རྒྱལ་ཁབ་སོགས་གནས་འདིར་ཆག་ཡོད། མེ་གླིང་ལྷོ་མ་ནི་སའི་གོ་ལའི་ཕྱེད་ནུབ་མའི་ལྷོ་ཕྱོགས་སུ་ཡོད་ལ། ཤར་ཕྱོགས་ནུབ་རྒྱ་མཚོ་དང་། ལྷོ་ཕྱོགས་ལྷོ་སྣེའི་གླིང་།ནུབ་ཕྱོགས་ཞི་བདེ་རྒྱ་མཚོ། བྱང་ཕྱོགས་མེ་གླིང་བྱང་མ་བཅས་དང་འབྲེལ་ཞིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༡༧༩༧༠༠༠༠ཡིན་ཞིང་མེ་གླིང་ལྷོ་བྱང་གཉིས་སུ་བྷ་རེ་ཟེ་དང་ཨ་གིན་ཐིན་སོགས་རྒྱལ་ཁབ༣༥ཡོད། རྒྱ་མཚོ་ཆེན་མོའི་གླིང་ནི་སའི་གོ་ལའི་ཕྱེད་ཤར་མའི་དཀྱིལ་རྒྱུད་དུ་གནས་ལ། གླིང་ཕྲན་མང་པོ་ལས་གྲུབ་པའི་སྐམ་ས་ཞིག་ཡིན། བྱང་ཤར་ཞི་བདེ་རྒྱ་མཚོ་དང་། ལྷོ་ནུབ་རྒྱ་གར་རྒྱ་མཚོ་དང་འབྲེལ་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུབ་བཞི་མ༨༩༧༠༠༠༠ཡིན་པས་འཛམ་གླིང་ཐོག་གི་སྐམ་སའི་གླིང་ཆེན་ཆུང་ཤོས་དེ་ཡིན་པ་དང་དེར་ཨོ་སུ་ཁྲེ་ལི་ཡ་དང་ནིའུ་ཟེ་ལན་སོགས་རྒྱལ་ཁབ༡༥ཡོད་དོ། །ལྷོ་སྣེའི་གླིང་ནི་རི་བོ་དང་མཐོ་སྒང་བདེ་ཐང་རོང་འགག་ཐམས་ཅད་མཐུག་ཚད་ལ་སྨི་བརྒྱ་ཕྲག་ནས་སྟོང་ཕྲག་བར་ཡོད་པའི་འཁྱགས་རོམ་བང་རིམ་གྱིས་མནན་ནས་ཡོད་པས་དོན་དངོས་ཐོག་འཁྱགས་རོམ་གྱི་འཇིག་རྟེན་ཞིག་ཡིན། དེར་དབྱར་དུས་སུ་རྒྱལ་ཁབ་སོ་སོའི་ཚན་རིག་ཞིབ་འཇུག་པ་དག་ཞིབ་འཇུག་གི་ཆེད་དུ་འགྲོ་བ་ཙམ་ལས་རྒྱུན་སྡོད་གནང་མཁན་གྱི་མིའི་འགྲོ་བ་གཅིག་ཀྱང་མེད་ལ། གླིང་དེའི་དྲོད་ཚད་ཀྱང་ཀླད་ཀོར་འོག་གི་སེ་དྲོད་ཏུའུ༤༠ཙམ་ཡིན་པས་གྲང་ངར་ཧ་ཅང་རྒོད་པའི་འཁྱག་གླིང་ཞིག་ཡིན་ནོ། །
རླུང་ཁམ་ཆེན་མོ། སའི་གོ་ལའི་མཐའ་འཁོར་དུ་རླུང་ཁམས་ཆེན་མོ་ཞིག་ཡོད་དེ། གལ་ཏེ་དེ་མེད་ན་ཚེ་སྲོག་དང་། སྐྱེ་དངོས་རྣམ་སའི་གོ་ལའི་ཐོག་གནས་ཐབས་བྲལ་བ་ཞིག་ཡིན། དེ་ཡང་ལོ་ངོ་ཁྲི་སྟོང་དུ་མའི་འགྱུར་ལྡོག་བརྒྱུད་ནས་ད་གཟོད་སའི་གོ་ལའི་ནམ་མཁའི་མཐོངས་སུ་རླུང་ཁམས་ཆེན་མོ་ཆགས་པ་སྟེ། སའི་གོ་ལ་ཐོག་མར་ཆགས་དུས་ཀྱི་ལོ་དུང་ཕྱུར་འགའི་རིང་རླུང་ཁམས་ཆེན་མོ་མེད་པ་རེད། དེ་རྗེས་སའི་གོ་ལས་རང་གི་མཐའ་འཁོར་གྱི་སྐར་ཕྲུག་རྣམས་ལ་རྡུང་ཁ་ཡང་ཡང་བརྒྱབས་ཏེ་སྐར་ཕྲུག་ནང་དུ་འཐུམ་པའི་དབུགས་གཟུགས་དག་ཕྱི་རུ་ཕྱུང་བ་དང་། སའི་གོ་ལའི་སྟེང་གི་མེ་རི་ཡང་ཡང་འབར་གས་སུ་གྱུར་པ་ལས་རླན་གཤེར་ཅན་གྱི་དངོས་པོ་རྣམས་རླངས་གཟུགས་སུ་གྱུར་ནས་ནམ་མཁར་ཡར་འཕགས་པ་སོགས་ལ་བརྟེན་ནས་སའི་གོ་ལ་རིལ་གྱིས་གཏུམ་པའི་གདོད་མའི་རླུང་ཁམས་ཆེན་མོ་གྲུབ་པ་ཡིན། སྐབས་དེའི་རླུང་ཁམས་ཆེན་མོའི་ནང་དུ་འཚོ་རླུང་གི་འདུས་ཚད་ཧ་ཅང་ཉུང་བས་མིའི་རིགས་འཚོ་གནས་བྱེད་ཐུབ་ཀྱི་མེད་ལ། ཕྱིས་སུ་སའི་གོ་ལའི་ནམ་མཁའི་མཐོངས་ཀྱི་རླུང་རིམ་དང་སྤྲིན་པ་ལས་གངས་ཆར་འབབས་པ་དང་། ས་ངོས་སུ་རྒྱ་མཚོ་ཆགས་པ་ལ་སོགས་པའི་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་རླུང་ཁམས་ཆེན་མོའི་གྲུབ་ཆ་ལའང་འཕོ་འགྱུར་ཆེན་པོ་བྱུང་བ་སྟེ།མི་ལོ་དུང་ཕྱུར་བཅུ་ཕྲག་འགའི་གོང་ཙམ་ནས་སྐམ་སར་སྐྱེས་པའི་རྩི་ཤིང་རིགས་ཀྱིས་དབྱང་གཉིས་ཐན་བསྡུས་ཏེ་འཚོ་རླུང་བཏང་བས་རླུང་རིམ་ཆེན་མོའི་ནང་གི་འཚོ་རླུང་དང་ཏན་རླུང་ཅུང་ཟད་ཆ་སྙོམ་པོར་གྱུར་པས་སྲོག་ཆགས་འཚོ་གནས་ལ་འཚམ་པའི་ད་ལྟའི་རླུང་ཁམས་འདི་ཆགས་པ་རེད། འདི་ནི་བརྒྱ་ཆའི༧༨ཀྱི་ཏན་རླུང་དང་། བརྒྱ་ཆའི༢༡གི་འཚོ་རླུང་། བརྒྱ་ཆའི་༩ཡི་ཡ་རླུང་། འདུས་ཚད་ཧ་ཅང་ཉུང་བའི་དབྱང་གཉིས་ཐན་སོགས་རླུང་གཟུགས་བཅུ་གྲངས་ལས་གྲུབ་པ་ཞིག་ཡིན། དེའི་གྲུབ་ཆ་གཙོ་བོ་ཏན་རླུང་ནི་རྩི་ཤིང་སྐྱེ་འཚར་འབྱུང་བར་མེད་དུ་མི་རུང་བ་ཞིག་ཡིན་ལ། འཚོ་རླུང་ནི་སྲོག་ཆགས་རྣམས་ཀྱི་དབུགས་འབྱིན་རྔུབ་བྱེད་པ་དང་། དངོས་པོ་འབར་སྲེག་བྱེད་པར་མེད་དུ་མི་རུང་བ་ཡིན།རླུང་ཁམས་ཆེན་མོ་འདིར་ཚ་བ་བཀྲམ་ཚུལ་གྱི་རིམ་པའི་དབང་དུ་བྱས་ན་རིམ་པ་ལྔ་ཡོད་པ་སོགས་གཞན་ལས་ཤེས་པར་བྱ་དགོས་སོ།། ཡང་ལུགས་གཅིག་ལ་ཤར་ཨེ་ཤ་ཡ་གླིང་ན་རྒྱ་གར་ནག་སོགས་རྒྱལ་ཁབ་༤༨དང་། ཡོ་རོབ་གླིང་ན་དབྱིན་ཇི་སོགས་རྒྱལ་ཁབ༤༥དང་། ཨ་ཕེ་རི་ཁའི་གླིང་ན་ལྷོ་ཨ་ཕེ་རི་ཁ་སོགས་རྒྱལ་ཁབ༥༦དང་། རྒྱ་མཚོ་ཆེན་པོའི་གླིང་ན་ཨོ་སི་ཁྲེ་ལི་ཡ་སོགས་རྒྱལ་ཁབ༢༤དང་། བྱང་ཨ་མེ་རི་ཁའི་གླིང་ན་ཨ་རི་སོགས་རྒྱལ་ཁབ་༣༧དང་། ལྷོ་ཨ་མེ་རི་ཁའི་གླིང་ན་བྷིར་ཟིལ་དང་ཨ་གིན་ཐིན་སོགས་རྒྱལ་ཁབ་༡༣བཅས་ཡོད་ཅིང་། ལྷོ་སྣེ་གླིང་ན་རྒྱལ་ཁབ་གནས་མེད་པས་གླིང་ཆེན་དྲུག་གམ་སྤྱིར་སའི་གོ་ལ་འདིའི་ཁྱོན་ལ་ཁྱོན་བསྡོམས་རྒྱལ་ཁབ༢༢༣ཙམ་ཡོད་དོ།། མཚོ་ཆེན་བཞི་ལས་ཞི་བདེ་རྒྱ་མཚོ་ནི་ཤར་གླིང་། མཚོ་གླིང། ལྷོ་སྣེ་གླིང་། ཨ་མེ་རི་ཁ་ལྷོ་བྱང་གཉིས་བཅས་ཀྱི་བར་ན་ཡོད། ཧིན་དྷུ་རྒྱ་མཚོའམ་རྒྱ་གར་རྒྱ་མཚོ་ནི་ཤར་གླིང་། ཨ་ཕེ་རི་ཁ། ལྷོ་སྣེ་གླིང་། མཚོ་གླིང་བཅས་ཀྱི་བར་ན་ཡོད། ནུབ་ཆེན་རྒྱ་མཚོ་ནི་ཨ་མེ་རི་ཁ་ལྷོ་བྱང་གཉིས་དང་ཡོ་རོབ། ཨ་ཕེ་རི་ཁ། ལྷོ་སྣེ་གླིང་བཅས་ཀྱི་བར་ན་ཡོད། བྱང་འཁྱག་རོམ་རྒྱ་མཚོ་ནི་ཤར་གླིང་། བྱང་ཨ་མེ་རི་ཁ་དང་ཡོ་རོབ་བཅས་ཀྱི་བར་ཏེ་གླིང་སྣེ་བྱང་མ་ན་ཡོད་ དོ། །ཞེས་པའང་གཞུང་དུ་མ་ཞིག་ལས་བསྟན་ཉིས་བཏུས་པ་དགེ་ལེགས་འཕེལ། 
 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...