སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྲོལ་རྒྱུན་རིག་གནས་གྱི་དགེ་མཚན་གླེང་བ།
རྩོམ་པ་པོ། བསྟན་ཉི། རྩོམ་སྒྲིག་པ། Lhamo དུས་ཚོད། 2014-8-15 9:11:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
      སྲོལ་རྒྱུན་གྱི་རིག་གནས་འདོར་མི་ཉན། དེང་སང་བོད་རིགས་ཅོལ་ཆུང་ཀླད་མེད་འགའ་རེས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཡོངས་རྫོགས་འདོར་དགོས་མ་གཏོགས་དེ་ཚང་མ་རྗེས་ལུས་དང་རྨོངས་དད་ཁོ་ན་རེད་ཟེར་བ་འདི་དངོས་གནས་དྲང་གནས་ཀྱི་ཉེན་ཁ་ཅན་གྱི་སྐད་ཆ་ཞིག་ཡིན་པར་མ་ཟད་ནོར་བ་རྔམ་པོ་ཆེ་ཞིག་ཀྱང་ཡིན། དེ་ནོར་བ་ཡིན་པའི་རྒྱུ་མཚན་ནི་དངོས་ཡོད་ཀྱི་འཚོ་བ་དང་ཁུངས་ཐུབ་ཀྱི་ལོ་རྒྱུས་རྣམས་ཀྱིས་ར་སྤྲོད་བྱེད་ཐུབ་ཅིང་། དེར་མ་ཟད་དུས་རབས་གསར་པའི་ཚན་རིག་གིས་ཀྱང་ར་སྤྲོད་བྱེད་ཐུབ་ལ། མཱར་ཁེ་སིའི་རིང་ལུགས་ཀྱི་དཔེ་ཆ་ལ་ཧ་ཅང་མཁས་ཤིང་བོད་ཀྱི་བསམ་བློ་བ་ཆེན་པོ་འབའ་པ་ཕུན་ཚོགས་དབང་རྒྱལ་ལ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་དྲི་བ་འདི་ལྟར་བཀོད། ཁ་སང་དེ་རིང་བོད་ཀྱི་ལོ་ཉུང་ལ་ལ་ཞིག་གིས། སྲོལ་རྒྱུན་རིག་པ་ཟེར་བ་དེ་རྩ་བ་ནས་མི་མཁོ་བ་ཞིག་རེད། དེས་མི་རིགས་ཡར་རྒྱས་ལ་བཀག་རྡོ་རྒྱ་ཆེན་པོ་ཞིག་བྱེད་བཞིན་འདུག་ཟེར་མཁན་ཡོད་པས། ཁྱེད་ཀྱིས་འདི་ལ་ལྟ་ཚུལ་ཅི་འདྲ་ཡོད་ཅེས་དྲིས་པ་ན། ཁོང་གིས། དེ་རྩ་བ་ནས་ནོར་བ་རེད། ཅེས་གསུངས་ནས་སྡོམ་ཚིག་དེ་ལྟར་གནང་བ་ནི་དོན་ལ་གནས་པའི་གཏམ་ཞིག་རེད། རྒྱ་ནག་གི་ནོ་ཝེར་དངོས་ཁམས་རིག་པའི་བྱ་དགའ་ཐོབ་མཁན་གྱི་མི་གཅིག་པུ་དབྱང་ཀྲིན་ལིན་གྱིས། དེང་སང་མང་པོ་ཞིག་གིས་ཆོས་ལུགས་ཟེར་བ་དེ་རྨོངས་དད་རེད། ཚན་རིག་དང་མི་མཐུན་པ་རེད་ཟེར་ནས་དགག་པ་རྒྱག་མཁན་འདུག་ཀྱང་། ངོ་མ་བཤད་ན་དེ་དག་གིས་ཚན་རིག་རྩ་བ་ནས་ཧ་མ་གོ་བ་རེད། ཅེས་གསུངས་པ་དེ་ཡང་བདེན་གཏམ་གཤའ་མ་ཞིག་རེད། མདོར་ན་རང་མི་རིགས་འདི་ཡར་རྒྱས་དང་གོང་འཕེལ་དུ་འགྲོ་དགོས་ན་གནའ་རབས་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཀྱི་ཚན་རྩལ་རིག་པ་གཉིས་ཟུང་དུ་སྦྲེལ་ནས་ད་གཟོད་འཕེལ་རྒྱས་སུ་གཏོང་ན་འཕེལ་རྒྱས་དེ་ཡང་བདེ་ཐང་དང་ལྡན་པའི་དོན་གནས་ཀྱི་འཕེལ་རྒྱས་སུ་འགྲོ་ཐུབ་པ་རེད། འཕེལ་རྒྱས་ཟེར་བ་དེ་ཡང་རྩ་བའི་རྩ་བ་མི་རྣམས་ཀྱི་ནང་གི་བསམ་བློའི་དཔལ་ཡོན་དང་ཕྱི་ལུས་ངག་གི་ཀུན་སྤྱོད་གཉིས་ཀའི་སྟེང་ནས་འགྲོ་དགོས། དེའི་རྩ་བ་ནང་པའི་ཆོས་འདི་ལ་རག་ལས་ཡོད་དེ། ཚན་རིག་པའི་ཕ་ཡབ་ཏུ་བསྔགས་པའི་མཁས་པ་ཨེ་སུ་ཏིན་གྱིས། མདོར་ན་མི་རྣམས་ཀྱི་བསམ་པ་དང་ཀུན་སྤྱོད་བཟང་པོ་ཡོད་དོ་ཅོག་དེ་གང་ལས་བྱུང་བ་ཡིན་ཟེར་ན་ཆོས་ཀྱི་ནང་ནས་བྱུང་བ་ཡིན། ཆོས་མ་གཏོགས་གཞན་པ་འབྱུང་ས་མེད། ཅེས་གསུངས་པ་བཞིན་ཡིན་པས་ཚན་རིག་རིག་པ་དང་། མཚན་ཉིད་རིག་པ། དངོས་ཁམས་རིག་པ། རྫས་འགྱུར་རིག་པ། ས་དཔྱད་རིག་པ། གསོ་བ་རིག་པ། གནམ་གཤིས་རིག་པ། གྲངས་ཀའི་རིག་པ། ཚད་རྡུལ་ནུས་ཤུགས་རིག་པ་སོགས་འཛམ་གླིང་ཤར་ནུབ་ཀྱི་རིག་པ་གང་གི་ནང་ན་ཡང་དམ་པའི་ཆོས་དང་འདྲ་བའི་མི་རྣམས་ཀྱི་ཀུན་སྤྱོད་དང་བསམ་བློ་ལེགས་པོར་འཆོས་བྱེད་ཅིག་གཏན་ནས་མེད། དེས་ན་སྤྱི་ཚོགས་ཡར་རྒྱས་གཏོང་བྱེད་དེ་སྲོལ་རྒྱུན་རིག་གནས་ཀྱི་ནང་དུ་ཡོད། གལ་ཏེ་སྲོལ་རྒྱུན་རིག་གནས་ཡོངས་རྫོགས་སྐྱོན་དང་ནོར་འཁྲུལ་དུ་བལྟས་ནས་དེ་མཐོང་ཆུང་དང་སྣང་མེད་བྱས་ན། དེ་ཚེ་མི་རིགས་དེ་ཉིད་སའི་གོ་ལའི་ཐོག་ནས་མེད་པ་ཆགས་རྒྱུའི་མགོ་རྩོམ་ཚར་བར་བཤད་ཡོད། དེའི་ཚུལ་ཡང་། འཛམ་གླིང་ན་སྐད་གྲགས་ཡོད་པའི་གཞུང་ལུགས་འགའ་ལས། ནམ་ཞིག་ན་མི་རིགས་རང་གི་སྲོལ་རྒྱུན་གྱི་རིག་པ་དང་ཆོས་ལུགས་ལ་མཐོང་ཆུང་བྱས་པའི་ཉིན་ནས་བཟུང་སྟེ་རང་གི་སྐད་ཡིག་མེད་པ་ཆགས་པའི་མགོ་བཟུང་བ་རེད། སྐད་ཡིག་མེད་པར་གྱུར་ན་མི་རིགས་དེ་ཡང་རྩ་བ་ནས་གཞན་ལ་ཐིམ་འགྲོ་བ་རེད་ཅེས་བཤད་ཡོད། དེ་རང་གར་མི་ཕལ་བ་ཞིག་གིས་བཤད་པ་གཏན་ནས་མ་རེད། རྒྱལ་སྤྱིའི་ཐོག་གི་ཆེད་ལས་མཁས་པ་རྣམས་ཀྱིས་ཞིབ་འཇུག་བྱས་ནས་བཤད་པ་རེད། དེས་ན་ཡབ་མྱེས་ཀྱི་དཀའ་སྡུག་བརྒྱ་ཕྲག་གིས་བསྐྲུན་པའི་སྲོལ་རྒྱུན་གྱི་རིག་གནས་རྣམས་ཉམ་ཐག་ཅིང་ཉག་ཕྲ་བའི་སྐབས་འདིར་ཆེད་གཏད་ཀྱིས་རང་ཅག་བོད་མི་རྣམས་ཀྱིས་སྙིང་ལ་རུས་པ་བཅུག་སྟེ་དམ་པའི་ཆོས་གཙོ་བོར་གྱུར་པའི་སྲོལ་རྒྱུན་རིག་གནས་ཀྱི་ལེགས་ཆ་རྣམས་ལ་འབད་བརྩོན་བརྒྱ་ཕྲག་གིས་རྒྱུན་འཛིན་དང་དར་སྤེལ་གྱིས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་ཅི་ནུས་ཅི་ལྕོགས་ཤིག་བྱེད་འོས་པ་ལས་མཐོང་ཆུང་དང་ཉེས་བཅོས་བྱེད་འོས་ཤིག་གཏན་ནས་མ་ཡིན། མདོ་དོན་ཧྲིལ་གྱིས་དྲིལ་ན་སྲོལ་རྒྱུན་གྱི་རིག་གནས་ལ་དགེ་མཚན་ཧ་ཅང་ཆེན་པོ་འཛམ་བུ་གླིང་གི་ཐོག་ན་ངོམ་རིན་ཡོད་པ་ཞིག་ཡོད་པ་དེ་ཤེས་དགོས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...