སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བུད་མེད་ཀྱི་ཐོབ་ཐང་དང་མི་རིགས་གོམས་སྲོལ་སྐོར་གྱི་དྲིས་ལན།
རྩོམ་པ་པོ། དོར་ཞི་གདོང་དྲུགས་སྙེམས་བློ། རྩོམ་སྒྲིག་པ། Lhamo དུས་ཚོད། 2014-9-3 9:00:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

མགོན་པོ་སྐྱིད་ཀྱིས་དྲི་བ་བཏོན་པ།
དགེ་རྒན་ཆེན་མོ་དོར་ཞིས་ལན་བཏབ་པ།

དྲི་བ་དང་བོ
། སྲོང་བཙན་སྒམ་པོའི་ཁོད་སོ་དྲུག་ཁོངས་བཀའ་ཁྲིམས་ཆེན་མོ་དྲུག་གི་གསུམ་པ་རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས་ཀྱི་གྲས་སུ་འཁོད་པའི་མི་ཆོས་གཙང་མ་བཅུ་དྲུག་ཏུ།བུད་མེད་ཀྱི་ཁ་ལ་མི་ཉན་པ་ཞེས་ཁྲིམས་ཡིག་ཏུ་བཀོད་ཡོད་པ་དེས་སྐབས་དེའི་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་དམའ་བ་མཚོན་ཐུབ་བམ།
ལན།
གནའ་དུས་རྒྱ་ནག་དང་རྒྱ་གར་གྱི་རིག་གནས་ནང་དུ་བུད་མེད་ལ་འོས་མཐུན་གྱི་གོ་གནས་མེད་པར་མ་ཟད། ནུབ་ཕྱོགས་ཕྱི་གླིང་གི་རིག་གནས་ནང་དུ་ཡང་བུད་མེད་ལ་འོས་མཐུན་གྱི་གོ་གནས་མེད་པར་འདུག དེའི་སྟབས་ཀྱིས་བུད་མེད་ཀྱི་ཁེ་དབང་རྩོད་པ་དེ་དེང་རབས་སྤྱི་ཚོགས་གསར་བརྗེའི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་འདུག རྒྱ་ནག་ལ་མཚོན་ན་ཁོང་ཙིས། བུད་མེད་དང་མི་ཐ་ཆད་གསོ་དཀའ། ཉེ་ན་རང་ཚོད་མི་ཟིན། རིང་ན་མི་དགའ།ཞེས་བཤད། དེའི་ངན་ཤན་ད་ལྟའི་བར་དུ་སེལ་མ་ཐུབ་པར་གང་ས་གང་ལའང་བུད་མེད་ལ་མཐོང་ཆུང་བྱེད་པ་མང་དུ་རིག་རྒྱུ་ཡོད་པ་ལྟ་བུ་རེད། རྒྱ་གར་སོགས་ལ་མཚོན་ན་དེ་ལས་སྡུག་གི་ཐུ་རེད། རྒྱ་གར་གྱི་བྲམ་ཟེའི་ཆོས་ལུགས་དང་། ཡི་ཟི་ལན་གྱི་ཆོས་ལུགས་ནང་དུ་བུད་མེད་རྣམས་ལྷ་ཁང་ནང་དུ་འགྲོ་མི་ཆོག་ཅིང་། རྒྱ་གར་གྱི་ཡུལ་སྲོལ་ལ་ཕོ་སྐྱེས་ཤི་སོང་ན་བུད་མེད་ཕོ་སྐྱེས་ཀྱི་རོ་དང་ལྷན་དུ་གསོན་སྲེག་བྱེད་དགོས་པ་དང་། ཨ་ཕུ་ཧན་དུ་བུད་མེད་སློབ་གྲྭར་འཇུག་པའི་དབང་ཆ་མེད་པ་ལྟ་བུ་སོགས་བུད་མེད་དམའ་འབེབས་བྱེད་པའི་སྲོལ་ངན་མང་བོ་ཆགས་ཡོད་པར་འདུག སྲོང་བཙན་སྒམ་པོའི་སྐབས་ཀྱི་ཁྲིམས་སྲོལ་ཕལ་ཆེར་མཐའ་སྐོར་གྱི་རྒྱལ་ཁབ་རྒྱ་གར་རྒྱ་ནག་ལི་བལ་སྟག་གཟིག་སོགས་ཀྱི་ཁྲིམས་སྲོལ་ལ་དཔེ་བླངས་ནས་བཟོས་པ་ཡིན་པ་རྒྱལ་ཁམས་དཔེ་བླངས་ཀྱི་ཁྲིམས་ཞེས་པའི་མིང་གི་སྟེང་ནས་ཀྱང་ཤེས་ཐུབ། འོན་ཀྱང་རྒྱ་ནག་ལ་ལྟོས་ན་བོད་དུ་བུད་མེད་ལ་དེ་ཙམ་མཐོང་ཆུང་མི་བྱེད་པ་དཔེར་ན། མེས་ཨག་ཚོམ་ཆུང་དུས་སྤོ་མོ་ཁྲི་མ་ལོད་ཀྱིས་རྒྱལ་སྲིད་སྐྱོང་བ་དང་། རྒྱའི་ཡིག་ཚང་ནང་དུ་རྒྱལ་མོ་ཚ་བ་རོང་དུ་བུད་མེད་ཀྱི་རྒྱལ་ཁབ་་་་་ཚུགས་པའི་ལོ་རྒྱུས་ཡོད་པ་དང་། ད་ལྟའི་བར་དུ་བོད་ཀྱི་ས་ཆ་མང་བོར་བུད་མེད་ཀྱིས་དབང་་བཟུང་བའི་མོ་ཁྱིམ་ཡོད་པ་དང་། ཕོ་མོ་རང་མོས་ཀྱིས་གཟའ་མཐུན་བྱེད་པ་སོགས་ལས་ཨེ་ཤར་གྱི་མི་རིགས་གཞན་ལ་ལྟོས་ན་བོད་ཀྱི་བུད་མེད་ཀྱི་གོ་གནས་བཟང་ཤོས་སུ་འདུག
དྲི་བ་གཉིས་པ།
ཆོས་ལུགས་ཀྱི་ནང་གི་མ་གྱུར་སེམས་ཅན་ཐམས་ཅད་ཅེས་པར་གོ་བ་ཇི་ལྟར་ལེན་དགོས། ནང་བསྟན་ཆོས་ལུགས་ཀྱི་གཞུང་དུ་སྐྱེས་མ་ཚོར་ལྟ་ཚུལ་ཇི་འདྲ་ཡོད།
ལན།
མ་གྱུར་སེམས་ཅན་ཐམས་ཅད་ཅེས་པ་ནི། སེམས་ཅན་ཐམས་ཅད་རང་གི་དྲིན་ཅན་གྱི་ཕ་མ་ཡིན། ཞེས་པའི་དོན་ཡིན། སེམས་ཅན་ཞེས་པ་འཁོར་བ་རིགས་དྲུག་གི་སེམས་ཅན་ལྷ་ལྷ་མིན། དམྱལ་བ། ཡི་དྭགས། དུད་འགྲོ་དང་བཅས་པར་གོ་དགོས། མི་ཙམ་ལ་ཟེར་བ་མིན། སེམས་ཅན་ཐམས་ཅད་ཕ་མར་གྱུར་བའི་རྒྱུ་མཚན་ནི། རྫུས་སྐྱེས་ཀྱི་ལྷ་དང་། དྲོད་གཤེར་ལས་སྐྱེས་པའི་སྲིན་བུ་ཕྲ་མོ་མ་གཏོགས་མངལ་སྐྱེས་ཀྱི་མི་དང་སྒོང་སྐྱེས་ཀྱི་བྱ་བྱིའུ་རིགས་གང་ཡང་སྐྱེ་བ་རེ་བླངས་ན་ཕ་མ་རེ་ངེས་ཅན་དུ་ཡོད།  སེམས་ཅན་གང་ཡང་འཁོར་བར་སྐྱེས་པ་ལ་ཡ་མཐའ་འམ་ཐོག་མ་མེད་པས། སྐྱེ་བ་ཅི་ཙམ་བླངས་ན་ཕ་མ་དེ་ཙམ་ཡོད། སྐྱེ་བ་བླངས་བ་ལ་གྲངས་མེད་པས་ཕ་མ་ཡང་གྲངས་མེད། སྔར་མེད་ཀྱི་སེམས་ཅན་གསར་སྐྱེས་མེད་པས། སེམས་ཅན་ཀྱི་སྤྱི་གྲངས་ལ་འཕྲི་རྒྱུ་ཡོད་ལ་སྣོན་རྒྱུ་མེད་པས་སེམས་ཅན་གང་ཡང་སྐྱེ་བ་བླངས་བའི་གྲངས་ལ་བསམ་ན། སེམས་ཅན་གང་ཡང་ཕན་ཚུན་གཅིག་གིས་གཅིག་ལ་ཕ་མ་དང་བུ་ཕྲུག་ཏུ་མ་གྱུར་བ་གཅིག་ཀྱང་མེད་པའི་ཚོད་དུ་སྣང་ལ། འཇིག་རྟེན་ན་དྲིན་ཆེ་བ་དང་བརྩེ་གདུང་ཟབ་པ་ཕ་མ་ལས་ལྷག་མེད། ཕ་མ་གཉིས་ཀྱི་ནང་ནས་ཀྱང་ཟླ་དགུ་ཞག་བཅུ་རང་གི་ལུས་ཀྱི་ཤ་ཁྲག་དྲོད་གསུམ་གྱིས་བསྐྱེད་པ་དང་། ཤ་ལོག་སེམས་མེད་ཀྱི་བྱིས་པ་ཞིག་རུམ་དུ་བཟུང་ནས་ལུས་དྲོད་ཀྱིས་བསྐྱང་ཞིང་མུ་ཞོས་གསོས་པ་དང་ཕུ་ཕྲུག་ལ་བརྩེ་ཞེན་ཆེ་བ་སོགས་ཀྱི་ཆ་ནས་ཕ་ལས་མ་ལྷག་པར་དྲིན་ཆེ་བས། མ་གཙོ་བོར་བཟུང་ནས་མ་གྱུར་སེམས་ཅན་ཐམས་ཅད་ཟེར་བ་རེད། སེམས་ཅན་ཐམས་ཅད་རང་གི་ཨ་མ་བྱས་མྱོང་བས་མར་ཤེས། དྲིན་དྲན་པ། དྲིན་གཟོ་བ་ཐེག་ཆེན་སེམས་བསྐྱེད་ཀྱི་གཞི་རྩ་ཡིན། བསམ་པ་དེ་མེད་ན། ཐེག་ཆེན་ཆོས་ལུགས་ཀྱི་ཆོས་པའི་གྲལ་དུ་མི་ཆུད། ཆོས་བྱས་པའི་གོ་མི་ཆོད། དེ་ལས་སངས་རྒྱ་ཆོས་ལུགས་ཀྱི་རང་བཞིན་ཡང་ཤེས་ཐུབ།
     ནང་བསྟན་ཆོས་ལུགས་ཀྱི་གཞུང་དུ་བུད་མེད་ལ་ལྟ་ཚུལ་ནི། མདོ་ལུགས་དང་སྔགས་ལུགས་གཉིས་མི་འདྲ། མདོ་ལུགས་ལ་སྐྱེས་པ་དང་བུད་མེད་ཀྱི་ལུས་རྟེན་ལ་མཆོག་དམན་གྱི་ཁྱད་པར་ཡོད་ཅིང་བུད་མེད་ཀྱི་ལུས་གྱིས་འཚང་མི་རྒྱ་ཟེར་བ་དང་། སྟོན་པས་རང་གི་མ་ཡར་སྐྱེས་དགུའི་བདག་མོ་དང་། ཁྱིམ་ན་གནས་པའི་སྐབས་ཀྱི་བཙུན་མོ་གྲགས་འཛིན་མ་གཉིས་རབ་བྱུང་བསྙེན་རྫོགས་བསྒྲུབས་པས་བསྟན་པའི་གནས་ཚད་ལོ་སྟོང་ཇེ་ཐུང་དུ་སོང་བ་སོགས་ཀྱི་བཤད་ཚུལ་ཡོད། སྔགས་ལུགས་ལ། ཆོས་སྒྲུབ་པའི་ལུས་རྟེན་ལ་ཕོ་མོ་དང་མཆོག་དམན་གྱི་ཁྱད་པར་མེད། བླ་མ་ཡི་དམ་ཆོས་སྐྱོང་ནང་ན་ཕོ་མོ་གཉིས་ཀ་ཡོད། ཆོས་རྒྱུད་ཀྱི་བླ་མ་ནང་ན་ཀླུའི་རྣལ་འབྱོར་མ་དང་། མཁའ་འགྲོ་མ་སུ་ཁ་སིདྡྷི། ནུ་གུ་མ། མ་ཅིག་ལབ་ཀྱི་སྒྲོན་མ་སོགས་དང་། ཡི་དམ་ནང་ན། རྗེ་བཙུན་སྒྲོལ་མ། མཁའ་སྤྱོད་མ། རིག་བྱེད་མ། འོད་ཟེར་ཅན་མ། ཤེར་ཕྱིན་མ། རྣམ་རྒྱལ་མ། གདུགས་དཀར། དབྱངས་ཅན་མ། ནོར་སྦྱིན་མ་སོགས་དང་། ཆོས་སྐྱོང་ནང་ན། དཔལ་ལྡན་ལྷ་མོ། རལ་གཅིག་མ། ཚེ་རིང་མ་མཆེད་ལྔ། བརྟན་མ་བཅུ་གཉིས་སོགས་མོ་ལྷ་མང་དུ་ཡོད། ཕོ་ལྷ་དང་མོ་ལྷ་ལ་མཆོག་དམན་གྱི་ཁྱད་པར་མེད། སྤྲུལ་སྐུ་ནང་ན་ཡང་རྡོ་རྗེ་ཕག་མོ་དང་ཨ་མདོའི་གུང་རུ་མཁའ་འགྲོ་མ་ལྟ་བུ་སོགས་ཡོད་ལ། སྔགས་ཀྱི་སྡོམ་པའི་ནང་ན། བུད་མེད་སྨད་པར་མི་བྱ་ཞིང་། ཞེས་གསུངས་ཡོད། དེ་ནི་སྔགས་ལུགས་ལ་ཕོ་མོ་འདྲ་མཉམ་ཡིན་པའི་རྟགས་ཡིན། བོད་རྒྱུད་ནང་བསྟན་ནི་སྔགས་ཀྱི་ཉམས་ལེན་གཙོ་བོ་ཡིན་པས། བུད་མེད་ལ་མཐོང་ཆུང་བྱེད་པ་དང་། བུ་ཕྲུག་ནང་དུ་བུ་དང་བུ་མོ་ལ་མཆོག་དམན་གྱི་ཁྱད་པར་བཏོད་པའི་སྲོལ་ངན་དེ་འདྲ་མེད་དོ།།
དྲི་བ་གསུམ་པ།
དེང་སང་སྐྱེས་མ་རེ་འགས་བུད་མེད་ཀྱི་ཁེ་དབང་ངམ་ཐོབ་ཐང་རྩོད་བཞིན་ཡོད་པ་དེ་ལ་ཁྱེད་ཀྱི་དགོངས་ཚུལ་ཇི་འདྲ་ཡིན།
ལན།
བོད་རང་གི་སྲོལ་རྒྱུན་རིག་གནས་སྟེང་ན་བུད་མེད་དང་ཕོ་སྐྱེས་ལ་མི་ཡི་དབང་ཆ་ཡོད་མེད་ཀྱི་ཁྱད་པར་མེད་པ་སྤྱིར་བཏང་གི་གནས་ཚུལ་ཡིན། མི་རིགས་གཞན་པའི་རིག་གནས་གོམས་སྲོལ་གྱི་ངན་ཤན་ཞུགས་ནས་བུད་མེད་ལ་གཉའ་གནོན་བསྐྱར་བརྡུང་བྱེད་པ་དང་། བུད་མེད་ལ་བྲན་གཡོག་ཏུ་ལྟ་བའི་གནས་ཚུལ་ས་ཆ་ལ་ལ་དང་ཁྱིམ་ཚང་ལ་ལར་ཡོད་པར་འདུག དེའི་སྟབས་ཀྱིས་བུད་མེད་རྣམས་ཀྱིས་མི་ཡི་དབང་ཆ་དང་ཁེ་ཕན་ལ་ཁྲིམས་མཐུན་ལུགས་མཐུན་དུ་རྩོད་སྲུང་བྱེད་པ་གལ་ཆེ།
དྲི་བ་བཞི་བ།
དེང་སྐབས་སློབ་གྲྭ་ཆེན་མོའི་སློབ་མ་མང་བོ་ཞིག་གིས་སྐད་རིགས་འདྲེས་མ་བཤད་པ་དང་། གདོང་ལ་མཛེས་བཟོའི་ཚོན་རྩི་བྱུག་པ་སོགས་མི་རིགས་རང་གི་ཐུན་མིན་གོམས་གཤིས་སོགས་མཛེས་སྤྱོད་སོགས་ལ་མཐོང་ཆེན་མི་བྱེད་པ་ལ་ཁྱེད་ལ་དགོངས་ཚུལ་ཇི་འདྲ་ཡོད།
ལན།
སྐད་རིགས་དང་ཡིག་རིགས་མང་དུ་ཤེས་ཞིང་བཀོལ་སྤྱོད་བྱེད་པ་དེང་རབས་ཀྱི་ཤེས་ཡོན་ཅན་གྱི་ཁྱད་ཆོས་ཤིག་ཡིན། སྐད་རིགས་མང་དུ་ཤེས་ན་བཟང་མོད་ཀྱང་། །རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །ཞེས་པའི་དཔེ་ལྟར།རང་གི་ཕ་སྐད་མ་ཡིག་བོར་བ་དང་མཐོང་ཆུང་བྱེད་པ་མི་རིགས་ཀྱི་བླ་བོར་ཞིང་ཁོག་རུལ་བའི་རྟགས་ངན་ཡིན་པས། ཤིན་ཏུ་གཟབ་དགོས། མི་རིགས་ཀྱི་ཁྱད་ཆོས་རིག་གནས་ཀྱི་སྟེང་ན་ཡོད་པས། ནང་གི་བསམ་པ་དང་ཕྱི་ཡི་ཀུན་སྤྱོད་ཀྱི་ཁྱད་ཆོས་ཚང་མ་ལོག་ཚར་ན། མི་དེ་མི་རིགས་དེའི་གྲལ་ནས་བུད་ཚར། མི་རིགས་ཡོངས་རྫོགས་བསམ་པ་ཀུན་སྤྱོད་ལོག་ཚར་ན་མི་རིགས་དེ་ཡང་རྩ་བ་ནས་ཚར་སོང་བའི་རྟགས་ཡིན། དེ་ཡང་ཕྱི་ཡི་ཀུན་སྤྱོད་དང་ནང་གི་བསམ་པ་གཉིས་ཀྱི་ནང་ནས་བསམ་པ་གཙོ་བོ་ཡིན། གལ་ཏེ་དུས་དབང་གིས་ཕྱི་ཡི་ཀུན་སྤྱོད་ཆ་ལུགས་སོགས་ཕྱི་རོལ་ཁོར་ཡུག་ལ་མ་བསྟུན་ཐབས་མེད་ཡིན་ཡང་ནང་གི་བསམ་པ་ལ་སླད་མ་ཞུགས་ན་སྐྱོན་མེད། མི་རིགས་ཀྱི་སྐྱི་པགས་གཡོགས་ནས་མི་རིགས་ལ་གནོད་སྐྱེལ་བྱེད་མཁན་དེ་རིགས་ཕྱི་ཡི་ཀུན་སྤྱོད་དང་ངག་གི་ཅ་ཅོ་ཇི་ལྟར་མཛེས་ཡང་གདོན་གྱི་རང་བཞིན་ལས་མ་འདས།དེ་ཡང་བུ་མོ་རྣམས་མཛེས་ཆོས་སྒེག་ཆོས་བྱེད་པ་ལ་དགའ་བ་མི་ཡི་ཆོས་ཉིད་རེད། དེ་ཡང་རིག་གནས་བསླབ་པ། གཙང་སྦྲ་བྱེད་པ། མཛེས་ཆས་དང་གོས་རྒྱན་གཟབ་འཆོར་ལེགས་བཅོས་བྱེད་པ་སོགས་ཡུལ་དུས་དང་འཚོ་བའི་ཆ་རྐྱེན་ལ་བསྟུན་པ་ལས་འོས་མི་འོས་ཀྱི་བཤད་པ་མི་འཇུག དེ་ཡང་ལོ་གསར་དུས་ཆེན་སྟོན་མོ་སོགས་ཀྱི་སྐབས་སུ་མི་རིགས་རང་གི་གོས་རྒྱན་འཛིན་པ་འཇིག་རྟེན་སྤྱིའི་ལུགས་སྲོལ་ཡིན་པས་སྐྱོང་ན་བཟང་། དེ་མིན་རྒྱུན་དུ་ཡུལ་གྱི་ཚ་གྲངས་དང་། ལས་རིགས་དང་མཐུན་འཇུག་བྱས་ནས་གང་འགབ་བྱས་ན་མི་འགྲིག་རྒྱུ་མེད། ཚད་པ་ཆེ་སར་མི་རིགས་ཀྱི་ལུགས་སྲོལ་ཡིན་ཟེར་ནས་རྩག་རྒན་གོན་བསྡད་ན་ལུས་ལ་མི་བདེ་བར་མ་ཟད་གཞན་དག་གིས་ཀྱང་ཀླུས་རྒན་ཟེར་ནས་འཕྱ་རྒྱུ་མ་རེད་དམ། རིག་གནས་གོམས་སྲོལ་གང་ཡང་ཡུལ་དུས་ཀྱི་དབང་གིས་འགྱུར་རྒྱུ་ཡོད་པ་དེ་འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཆོས་ཐམས་ཐམས་རྟག་བརྟན་འགྱུར་མེད་ཀྱི་རང་བཞིན་མེད་པའི་སྟོང་བའི་དོན་ཡིན་པ་ཤེས་པར་གྱིས་ཤིག། ཅེས་དོར་ཞི་གདོང་དྲུག་སྙེམས་བློས་ཉིས་སྟོང་དང་དགུའི་ལོའི་དཔྱིད་ཀར་ནུབ་བྱང་མི་་་རིགས་སློབ་གྲྭ་ཆེན་མོ་ནས་བྲིས།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...