སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《ནང་བསྟན་དཔལ་འབྱོར་རིག་པ》ལས་འཕྲོས་པའི་གཏམ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2014-9-12 8:44:00 རྩོམ་ཁུངས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། ཀློག་གྲངས།

  ཀླད་ཀྱི་དོན།
  དེ་ཡང་རྒན་ཤེས་རབ་བསྟན་དར་ལགས་ཀྱིས《ནང་བསྟན་དཔལ་འབྱོར་རིག་པ་མདོ་ཙམ་གླེང་བ》ཞེས་པའི་ཆེད་རྩོམ་མཛད་ཅིང་། གཙོས་ནས་གངས་རིའི་བུ་མོའི་འཁྲུངས་སྐར་དང་སྲོལ་རྒྱུན་རིག་གནས་ཀྱི་བགྲོ་གླེང་ཞེས་པའི་འདུ་ཚོགས་སྟེང་དེ་འབྲེལ་གྱི་གསུང་བཤད་གནང་བ་དང་སྦྲགས་ཏེ།  ནང་བསྟན་དཔལ་འབྱོར་རིག་པ་དང་འབྲེལ་བའི་གླེང ་བརྗོད་སྣ་ཚོགས་སྤེལ་དང་སྤེལ་མུས་སུ་མཆིས་ལ།  འགའ་ཤས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་ཀྱིན་ཡོད་ཅིང་། ལ་ཤས་ཀྱིས་སྨད་པའི་དགག་ལན་སྤྲོད་ཀྱིན་གདའ་འོ། །
ཉེ་བའི་ཆར།  རྒན་ལགས་ཀྱིས་རྩོམ་སྒྲིག་མཛད་ཅིང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ནང་བསྟན་དཔལ་འབྱོར་རིག་པ》( སྟོད་ཆར)བསྐྱར་དུ་མཇལ་ ཞིང་། 《ནང་བསྟན་དཔལ་འབྱོར་རིག་པའི》སྐོར་གྱི་རྒྱ་ཡིག་གི་དཔྱད་རྩོམ་འགའ་ཤས་བཀླགས་པ་དང་འབྲེལ་ཏེ།  རྒན་ལགས་དང་དེ་འབྲེལ་གྱི་བགྲོ་གླེང་བགྱི་བའི་སྤོབས་པ་ཅུང་ཟད་རྙེད་པ་སུག་བྲིས་སུ་བསྟར་བ་ལ་ནོར་བ་ཅི་མཆིས་མཐོལ་ལོ་བཤགས།


  གཞུང་གི་དོན།
  དེ་ལ《ནང་བསྟན་དཔལ་འབྱོར་རིག་པ》ཞེས་བྱ་བ་ནི་རྒྱལ་ཁོངས་དབྱིན་ཇི་ཡིན་པའི་འཇར་མན་གྱི་མཁས་ཆེན་ཧྲི་མ་ཧི(舒马赫)མཆོག་གིས《མཛེས་པ་ཆུང་ངུ་ཡོངས་སུ་ རྫོགས》(《小的是美好的》)ཞེས་པའི་གཞུང་དུ་ཆེས་ཐོག་མར་བཏོན་པར་གྲགས་ཤིང་།  ཕྱིས ་སུ་ཐེ་ལན་གྱི་ནང་བའི་མཁས་ཆེན་ཕུ་ཡ་ཐོ(佩优托)མཆོག་གིས《ནང་བསྟན་དཔལ་འབྱོར་རིག་པ》ཞེས་པའི་གཞུང་མཛད་པ་ནས་རིམ་གྱིས་དར་བར་བཤད་ལ།  བོད་པའི་ཤེས་ཡོན་པའི་སྡེར《ནང་བསྟན་དཔལ་འབྱོར་རིག་པའི》གླེང་སློང་མཛད་མཁན་ཐོག་མ་ནི་རྒན་ཤེས་རབ་བསྟན་དར་ལགས་ཡིན་འདུག
  ནང་བསྟན་དཔལ་འབྱོར་རིག་པའི་བསྟན་པ་བོད་དུ་རྒྱས་པའི་ཕྱིར་ན།  རྒན་ལགས་ཀྱིས་སྔ་རྗེས་སུ།  《ནང་བསྟན་དཔལ་འབྱོར་རིག་པ་མདོ་ཙམ་གླེང་བ》ཞེས་དང་།  《ནང་བསྟན་དཔལ་འབྱོར་རིག་པ་བསྐྱར་དུ་གླེང་བ》ཞེས་པའི་ལྗགས་རྩོམ་འཕྲོ་རིམ་དུ་མཛད་པར་མ་ཟད།  《བསམ་བློའི་ཤེས་རིག》ཅེས་པའི་དུས་དེབ་ཏུ་ནང་བསྟན་དཔལ་འབྱོར་ རིག་པ་ཞེས་པའི་ཆེད་བསྒྲིགས་བཀོད་ཅིང་།  ཕྱིས་སུ་དེ་འབྲེལ་གྱི་རྩོམ་ཡིག་བཅོ་ལྔ་ ཕྱོགས་གཅིག་ཏུ་བསྒྲིགས་ནས《ནང་བསྟན་དཔལ་འབྱོར་རིག་པ》(སྟོད་ཆ)པར་དུ་བསྐྲུན་ལ།  དེ་དག་ལས་ཀྱང་རྒན་ལགས་ཀྱིས་ནང་བསྟན་དཔལ་འབྱོར་རིག་པའི་གཞུང་དོན་ཆ་ཚང་དུ་འགྲོ་བ་ལ་འབད་པ་བྱས་དང་བྱེད་བཞིན་པ་མཐོང་བས་རྗེས་སུ་ཡི་རང་གི་གནས་སུ་འཁུམས་སོ། །
  ནང་བསྟན་དཔལ་འབྱོར་རིག་པ་ཞེས་གླེང་སློང་བའི་ཚེ་ན།  ང་རང་ཚོའི་ཡིད་ལ་ ཆེས་ཐོག་མར་ངེས་སྲིད་པ་ནི་དེ་ནི་རིག་པ་ཅི་ལྟ་བུ་ཞིག་ཡིན་ནམ་ཞེས་པའི་ལྡོག་འདྲི་དེ་མ་ཡིན་པར།  དོན་དུ་རིག་པ་དེ་འདྲ་ཞིག་ཡོད་དམ་ཞེས་པ་དེའོ། །  རྒན་ལགས་ཀྱིས《ནང་བསྟན་དཔལ་འབྱོར་རིག་པ་མདོ་ཙམ་གླེང་བ》ཞེས་པའི་གཞུང་དུ།  ནང་བསྟན་ལ་དཔལ་ འབྱོར་རིག་པ་ཡོད་ལ་ནང་བསྟན་གྱི་དཔལ་འབྱོར་རིག་པ་ཞེས་པ་དེ་རྗེས་ཀྱི་མི་སུ་ཞིག་གིས་གསར་བཟོ་བྱས་པ་ཞིག་མིན་པར་སྟོན་པ་སངས་རྒྱས་ཀྱིས་གསལ་བོར་གསུངས་ཡོད།①ཅེས་ནང་བསྟན་དཔལ་འབྱོར་རིག་པ་ཡོད་ལུགས་དང་། དེ་ཉིད་སྟོན་པ་སངས་རྒྱས་ཀྱིས་གསུང་ཚུལ་གསལ་བོར་བསྟན་འདུག་ལ།  དེ་ལ་རྟིང་གནོན་དུ་ནང་བསྟན་དཔལ་འབྱོར་རིག་པ་བསྐྱར་དུ་གླེང་བ་ཞེས་པར།  གསུང་རབ་དགོངས་འགྲེལ་དང་བཅས་པར་ནང་བསྟན་ གྱི་དཔལ་འབྱོར་རིག་པའི་ཁུངས་ཡོད་ཚུལ་ལུང་རིགས་གཉིས་ཀྱི་སྒོ་ནས་རྒྱས་པར་བཀོད་འདུག  དེ་ཡང་ཚིག་བརྒྱ་མདོར་དྲིལ་ན་གོང་དུ་བསྟན་པ་ལྟར།  རྒན་ལགས་ཀྱི་རང་ལུགས་ལ་རང་རེས་དོ་སྣང་མ་བྱས་པ་ཙམ་དུ་ཟད་ཀྱི་ནང་བསྟན་ལ་དཔལ་འབྱོར་རིག་པ་ཡོད་པ་ནི་གཞིར་བཞག་གོ་ཞེས་པ་དེའོ། །  ལྟ་བའི་གནད་འདི་ཉིད་གཞིར་བཅས་ཏེ།  རྒན་ལགས་ཀྱིས་རང་རེའི་དོ་སྣང་མ་བྱུང་བར་ད་བར་དུ་ལུས་པའི་ནང་བསྟན་དཔལ་འབྱོར་རིག་པའི་མ་ལག་བསྐྱར་དུ་འཛུགས་པའི་བགྱི་བར་རྩོམ་གྱིན་པ་ལགས་ན།  ལྟ་བའི་གནད་དེར་གཞིགས་ནས་ཁོ་བོའི་ལྟ་ཚུལ་ལ་ནང་བསྟན་དཔལ་འབྱོར་རིག་པ་ཞེས་པའི་རིག་པ་ཚུགས་ཐུབ་་ཅིག་ཡོད་དམ་ཞེ་ན།  དེ་ནི་མེད་པར་སེམས་ཏེ།  དེ་ལ་རིག་པ་དོན་དང་ལྡན་པའི་མཚན་ཉིད་དང་མི་ལྡན་པའི་ཕྱིར།  གང་ལགས་ཞེ་ན།  རིག་པའི་རྣམ་གྲངས་བྱེ་བྲག་པ་ཞིག་ཚུགས་ པ་ལ་ངེས་ཅན་དུ་གཤམ་གྱི་ཆོས་གསུམ་དང་ལྡན་དགོས་པར་བཤད་དེ།
  ༡ ངེས་ཅན་དུ་དཔྱད་པར་བྱ་བའི་ཡུལ་ངེས་གཏན་ཞིག་ཡོད་དགོས་ལ།  དཔྱོད་ཡུལ་དེ་ཡང་འགྲོ་བ་མིའི་ ཤེས་བྱའི་མ་ལག་ཏུ་མེད་དུ་མི་རུང་ཞིང་ཚུགས་ཐུབ་ཀྱི་ས་ཟིན་དགོས། 
  ༢  རིག་པའི་རྣམ་ གྲངས་དེ་ལ་འགྲོ་བ་མིའི་ཤེས་བྱའི་མ་ལག་ཏུ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལས་འགན་ཡོད་པར་མ་ཟད།  དེར་བརྟེན་ཏེ་རང་གིས་ཐག་གཅད་པར་བྱ་བའི་ཡུལ་ཞིག་ཡོད་དགོས། 
  ༣  དེ་མིན་ངེས་ཅན་དུ་དཔྱད་པར་བྱ་བའི་ཡུལ་དེ་ག་དང་ཁ་འཕྲོད་ཅིང་གནད་དོན་ཐག་ གིས་ཆོད་པའི་ཞིབ་འཇུག་བྱེད་ཐབས་ཤིག་ཡོད་དགོས། ② ཞེས་སོ། །  དེ་ལྟ་ན་ནང་བསྟན་དཔལ་འབྱོར་རིག་པ་ལ་གོང་གསལ་གྱི་ཆོས་གསུམ་དང་ལྡན་ནམ་ཞེ་ན།  ལྡན་པར་མ་མཐོང་སྟེ།  གང་ལགས་ཞེ་ན།  ཆོས་དང་བོ་ལྟར་ན།  རིག་ཚན་གང་དང་ཅི་ལ་མཚོན་ནའང་གང་དཔྱད་པར་བྱ་བའི་ཡུལ་བྱེ་བྲག་པ་རེ་ཡོད་དེ། མི་ཆོས་རིག་པའི་དཔྱོད་ཡུལ་ནི་མིའི་ ཀུན་སྤྱོད་ཡིན་ལ། སྤྱི་ཚོགས་རིག་པའི་དཔྱོད་ཡུལ་ནི་མི་དང་སྤྱི་ཚོགས་དབར་གྱི་འབྲེལ་བ་ དང་བག་ཆགས་ཡིན་ཞིང་། མི་འབོར་རིག་པའི་དཔྱོད་ཡུལ་ནི་མི་གྲངས་ཀྱི་འགྱུར་བ་དང་ དེའི་ཆོས་ཉིད་ཡིན་ལ། སྐད་བརྡ་རིག་པའི་དཔྱོད་ཡུལ་ནི་སྐད་ཆ་ཡིན་ཞིང་། དཔལ་འབྱོར་རིག་པའི་དཔྱོད་ཡུལ་ནི་ཐོན་ཁུངས་བཀོད་སྒྲིག་དང་བེད་སྤྱོད་ཇི་ལྟར་བྱ་བའི་ཚུལ་བཅས་རིག་ཚན་ཇི་ཙམ་ཡོད་ན་དཔྱོད་ཡུལ་ཡང་དེ་ཙམ་དུ་སྣང་བས།  འོ་ན་ནང་བསྟན་དཔལ་འབྱོར་རིག་པའི་དཔྱོད་ཡུལ་ནི་གང་ལགས་ཞེ་ན།  རྒན་ལགས་ཀྱིས《ནང་བསྟན་དཔལ་འབྱོར་རིག་པ》(སྟོད་ཆའི)མགོ་བརྗོད་དུ།  ང་ཚོས་སངས་རྒྱས་ཀྱི་གསུང་སྟེ་བོད་ཀྱི་བཀའ་ འགྱུར་གཞིར་བཟུང་ནས་དཔལ་འབྱོར་གྱི་ངོ་བོ་དང་མི་དང་དཔལ་འབྱོར་བར་གྱི་འབྲེལ་བ།  དཔལ་འབྱོར་དང་སྤྱི་ཚོགས་བར་གྱི་འབྲེལ་བ།  དཔལ་འབྱོར་གྱི་ཕན་ནུས།  དོན་དང་ལྡན་པའི་དཔལ་འབྱོར་དང་དོན་དང་མི་ལྡན་པའི་དཔལ་འབྱོར།  དཔལ་འབྱོར་སྒྲུབ་སྟངས།  དཔལ་འབྱོར་དང་ཀུན་སྤྱོད་བར་གྱི་འབྲེལ་བ།  དཔལ་འབྱོར་གྱི་དོན་སྙིང་བཅས་ལ་དབྱེ་ ཞིབ་བྱས་ཡོད།  ③ ཅེས་སུ་གསལ་བ་དེ་གོང་གསལ་དོགས་གནད་དེའི་ལན་ལྟར་དུ་སྣང་ཡང་།  ཞིབ་ཏུ་བསམ་ན་དེ་ཡང་མ་ངེས་ཏེ།  གོང་དུ་གང་ཞིག་གཞིར་བཟུང་ནས་དེ་ལ་དབྱེ་ཞིབ་བྱས་ཡོད་ཅེས་པའི་ཚིག་སྦྱོར་ལུགས་དེའི་ཤུགས་སུ་གཞིར་གཟུང་བྱ་དང་དབྱེ་ཞིབ་བགྱི་ཡུལ་ཐ་དད་དུ་ངེས་པ་གོ་སླ་བས།  དེ་ནི་ལྟ་བ་ག་གེ་མོ་ཞིག་གཞིར་བཟུང་ནས་སྣང་ཚུལ་ག་ གེ་མོ་ཞིག་གི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པའི་ཚུལ་དུ་གནས་པ་གཞི་གྲུབ་བོ། ། དེ་བཞིན་དུ ་རྒན་ལགས་ཀྱིས《ནང་བསྟན་དཔལ་འབྱོར་རིག་པ་མདོ་ཙམ་གླེང་བ》ཞེས་པའི་གཞུང་དུ།  དེ་བས་ངས་ནང་བའི་གཞུང་གི་དཔལ་འབྱོར་གྱི་ལྟ་བའི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་ནས་ནང་བསྟན་གྱི་དཔལ་འབྱོར་རིག་པ་འདི་ཆེད་དུ་གླེང་དགོས་བྱུང་།  ④ ཞེས་པའི་ཚིག་འདི་ དཔྱད་གཞི་ཤིན་ཏུ་ཆེ་སྟེ།  རྒན་ལགས་ཀྱིས་གསུང་གིན་པ་ནི་ནང་བའི་གཞུང་གི་དཔལ་འབྱོར་གྱི་ལྟ་ཚུལ་ཡིན་གྱི་ནང་བསྟན་དཔལ་འབྱོར་རིག་པ་ནི་མ་ཡིན་པར་སེམས་སོ། །  གལ་སྲིད་ཡིན་ངེས་ན་ཚིག་དེ་ནང་བསྟན་གྱི་དཔལ་འབྱོར་སྐོར་གྱི་རིག་པ་ཞེས་སུ་བཀྲལ་བ་ལས་འོས་མེད་ཀྱང་།  དེ་ལ་ནང་བསྟན་དཔལ་འབྱོར་རིག་པ་ཞེས་སུ་བསྡུས་ན་ཚིག་སྡུད་ལས་དོན་ལ་གོལ་ས་བྱུང་བའི་སྐྱོན་དུ་ངེས་པས་བཏགས་མིང་དོན་ལྡན་དུ་མ་མཐོང་ངོ་། །  དེ་ན་ཁོ་བོའི་མཐོང་ལུགས་ལ།  ནང་བསྟན་དཔལ་འབྱོར་རིག་པ་ཞེས་རིག་པ་ལྟར་སྣང་དུ་འབོད་པ་ལས་ནང་བའི་དཔལ་འབྱོར་གྱི་ལྟ་ཚུལ་ལམ་ནང་བའི་རྒྱུ་འབྱོར་གྱི་ལྟ་ཚུལ་ཞེས་་་བཏགས་པ་དོན་ལྡན་དུ་བོས་ན་ལེགས་པར་སེམས་སོ། །  དེ་མིན་རྒྱའི་བཙུན་པ་ཅིས་ཆོན(济群法师)དང་དབྱིན་ཧྲོན(印顺)རྣམ་གཉིས་ཀྱིས་ནང་བསྟན་གྱི་ངོས་ནས་རྒྱུ་འབྱོར་ལ་ཇི་ ལྟར་ལྟ་བ་དང་ཚུལ་ཇི་ལྟར་སྤྱོད་པ་ལས་བརྩམས་ཏེ་ནང་བའི་རྒྱུ་འབྱོར་གྱི་ལྟ་ཚུལ་ཞེས་པའི་ལྗགས་རྩོམ་མཛད་འདུག་པ་ལ་བློས་གཟུ་བར་དཔྱད་ན་དཔྱད་གཞི་ཆེ་ཞིང་།  བསམ་ཞིང་བསམ་ན།  རྒན་ཤེས་རབ་བསྟན་དར་ལགས་ཀྱིས་གསུང་གིན་པའི་ནང་བསྟན་དཔལ་འབྱོར་རིག་པ་ཞེས་པའང་དེ་ལས་མ་འདས་པར་སེམས་སོ། ། 


  མཇུག་གི་དོན།
  སྟོང་ལོ་གསར་བའི་དབུ་ཚུགས་ཚུན་གྱི་རིག་གནས་དགག་བཞག་སྤྲོ་བའི་བསམ་བློའི་ཚ་རླབས་ཀྱིས་ཟླས་དྲངས་ཏེ།  རང་ཅག་རྒུད་པ་མཐའ་དག་གི་རྩ་བ་ནི་དམ་པའི་ལྷ་ཆོས་སོགས ་ཀྱི་བག་ཆགས་རྙིང་བ་འདི་དག་རེད་ཅེས་དང་།  བག་ཆགས་རྙིང་པར་མངན་བགྲང་ལ་མཚང་འབྲུ།  གཡུལ་བཤམས་ལ་འཐབ་མོ་སྦྲན།  ⑤ ཞེས་པའི་རྒྱང་འབོད་དང་།  ཐུབ་བསྟན་རིག་གནས་ཀྱིས་འུ་ཚང་སྐྱོབ་མི་ཐུབ་གི⑥ཞེས་པའི་འཁང་ར།  ནང་བསྟན་ནི་མྱི་འདུལ་བའི་རིག་གནས⑦ཤིག་རེད་ཅེས་པ་ལ་སོགས་པའི་མཚོན་པའི་དགག་བཞག་གི་མདའ་ཁ་ནང་བསྟན་ལ་གཏད་ཅིང་། དེ་བཞིན་དུ་དེ་འབྲེལ་གྱི་དགག་ལན་མང་བོ་ཞིག་ཀྱང་རྩོད་པའི་རླབས་ཕྲེང་སོགས་བརྒྱུད་ནས། ཕར་རྩོད་ཚུར་དགག་གི་རིག་པའི་གད་རྒྱངས་ཕྱོགས་བཅུར་འགྱེད་དོ། །
  དེ་འདྲའི་བསམ་བློའི་རླབས་རྒྱུན་ཞིག་གི་གདོང་ལེན་དུ།  མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས《བག་ཆགས་དོང་སྤྲུག་གི་ལན་དུ་བརྗོད་པ་རྨོངས་པའི་མུན་འཇོམས》 སོགས་མཛད་ཅིང་།  རྒན་ཤེས་རབ་བསྟན་དར་གྱིས་ཀྱང《སྐྱབས་འགྲོ་བྲག་གཡོག་གི་འདུ་ཤེས་ཡིན་ནམ》ཞེས་རྒན་ཞོགས་དུང་གི《ཕྱག་འཚལ་བ་ནི་བྲན་གཡོག་གི་འདུ་ཤེས་ཡིན》ཞེས་པའི་ལན་དུ་སྣང་ཞིང་།  གང་བཤད་བྱའི་ནང་བསྟན་དཔལ་འབྱོར་རིག་པ་དེ་ཡང་ནང་བསྟན་ནི་དཔལ་འབྱོར་གྱི་གེགས་རྡོར་ལྟ་བ་སོགས་མང་མང་ལ་ནང་བསྟན་གྱི་དཔལ་འབྱོར་ལྟ་ཚུལ་ལ་ཡང་དག་པའི་ངོས་ཟིན་མེད་པར་དམིགས་ནས་མཛད་པར་ངེས་པ་ནི་དུས་སུ་བབས་པའི་གཏམ་དུ་གོ་ནས་དགའ་བ་སྒོམ་བཞིན་ཡོད་ལ།  གདགས་བྱའི་ནང་བའི་དཔལ་འབྱོར་གྱི་ལྟ་ཚུལ་ལ་ནང་བསྟན་དཔལ་འབྱོར་རིག་པར་བཏགས་པ་ལ་མིང་དོན་དང་མི་མཐུན་པར་བསམ་ནས་དྲན་ཚུལ་ཙམ་བརྗོད་པ་ལ་བློ་དང་ལྡན་པ་དག་གིས་དཔྱད་པར་ཞུའོ། །
     ཞེས་ཕྱི་ལོ༢༠༡༤པའི་ཟླ༧ཚེས༡ཉིན་རང་ཤག་དཔེ་མང་སྤུངས་པའི་དགའ་ཚལ་ནས་རྫོགས་པར་སྦྱར་བ་དགེའོ། །


ལུང་ཁུངས་དང་དཔྱད་གཞིའི་ཡིག་ཆ།

① ཤེས་རབ་བསྟན་དར།  ནང་བསྟན་དཔལ་འབྱོར་རིག་པ།  སྟོད་ཆ།  ཀན་སུའུ་མི་རིགས་ དཔེ་སྐྲུན་ཁང་།  ༢༠༡༢ལོའི་ཟླ༡༡པ།

② 牛宏宝.美学概论.北京:中国人民大学出版社.2012.P6-7

③ ཤེས་རབ་བསྟན་དར།  ནང་བསྟན་དཔལ་འབྱོར་རིག་པ།  སྟོད་ཆ།  ཀན་སུའུ་མི་རིགས་ དཔེ་སྐྲུན་ཁང་།  ༢༠༡༢ལོའི་ཟླ༡༡པ། 

④ ཤེས་རབ་བསྟན་དར།  ནང་བསྟན་དཔལ་འབྱོར་རིག་པ།  སྟོད་ཆ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༢ལོའི་ཟླ༡༡པ།

⑤ ཞོགས་དུང་།  དཔྱོད་ཤེས་རྒྱང་འབོད།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ༢༠༠༡ལོའི་ ཟླ༧པ།

⑥ མགར་དཀོན་དོན།  ཐུབ་བསྟན་རིག་གནས་ཀྱིས་འུ་ཚང་སྐྱོབ་མི་ཐུབ་གི།  ན་གཞོན་གསར་བའི་སྤྱིའི་དེབ་གྲངས༣པ།

⑦ ཟུར་གསུམ་མ།  མྱི་འདུལ་བའི་རིག་གནས།  དུས་རབས་ཀྱི་ང་།  ༢༠༠༥ལོ།

⑧ 济群法师.佛教财富观.佛教文化 (中国知网)

⑨ 印顺.佛教财富观.法音 (中国知网)

⑩ 曹晓晨.刍议佛教的财富观.新西部.2013.21期  (中国知网) 
 
 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...