སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དར་མཚོ་ཞེས་པའི་མིང་གི་བྱུང་ཚུལ་ལ་དཔྱད་པ།
རྩོམ་པ་པོ། གཡུང་དྲུང་ཚེ་རིང་། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2014-10-22 9:07:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

  གཅིག  དར་མཚོའི་མིང་གི་བྱུང་ཚུལ།

  དར་ནི་ཨ་མདོ་ཡུལ་སྐད་དེ་འཁྱགས་པའི་དོན་དང་མཚོ་ནི་དཔེ་ཡི་སྒོ་ནས་སྟོན་པ་སྟེ་དོན་ལ་རྒྱ་ཆེ་བ་འམ་མང་བ་དོན་ཡིན་ལ་དེ་ཡང་གནའ་སྔ་མོའི་དུས་སུ་ཧང་ང་རི་རྒན་གྱི་རྒྱབ་ལོག་གི་རྩྭ་ཐང་ཆེན་པོ་འདི་ཉིད་ནི་ན་ཐང་ཆེན་པོ་ཞིག་ཡིན་ལ་དེ་ཉིད་དགུན་ཁ་ཤར་དང་བསྟུན་ནས་ན་ཐང་གི་ཆུ་རྣམས་འཁྱགས་པའི་བསྡམས་ནས་དར་གྱིས་འཚོ་འཁྱིལ་བ་ནང་བཞིན་ཡོད་པས་ས་འདི་ཡི་མིང་ལ་དར་མཚོ་ཞེས་ཐོགས་པ་དང་ཕྱིས་སུ་རང་བྱུང་གི་འགྱུར་ལྡོག་གི་དབང་གིས་ན་ཐང་གི་ཆུ་རྣམས་རིམ་བཞིན་ཉུང་དུ་སོང་བ་དང་བསྟུན་ནས་ན་ཐང་ཆེན་པོ་དེའང་རིམ་བཞིན་སྤང་ཐང་ཆེན་པོ་ཞིག་ཏུ་འགྱུར་བ་རེད།


  གཉིས།དར་མཚོ་ལ་རྫོང་སྲིད་གཞུང་བཙུགས་ཚུལ།

  ཀྲུང་གོ་གུང་ཁྲན་ཏང་གིས་མཚོ་སྔོན་ཞི་བའི་བཅིངས་བཀྲོལ་བཏང་རྗེས་ས་འདི་ཉིད་ལ་རྫོང་སྲིད་གཞུང་བཙུགས་ཏེ་རྫོང་མིང་ལའང་དར་མཚོ་རྫོང་ཞེས་བཏགས་པ་དང་ཕྱིས་སུ་རང་བྱུང་གི་ས་བབས་དང་གནམ་གཤིས་ཁོར་ཡུག་སོགས་ཀྱི་དབང་གིས་དར་མཚོ་རྫོང་རྩི་དཀོར་ཐང་ལ་གནས་སྤོར་བྱས་ཀྱང་ད་ལྟའི་བར་དུ་མིང་མ་བསྒྱུར་བར་རང་སོར་བཞག་པ་རེད།


  གསུམ། ཕྱི་ཡོང་དཔྱོད་ལྡན་པ་དག་གིས་དར་མཚོ་ལ་རིན་ཐང་མེད་པ་བཟོས་ཚུལ།

  ལོ་རབས་དགུ་བཅུ་བའི་ནང་དུ་རྒྱལ་ཁབ་ཀྱིས་ས་གནས་གཞན་པའི་སློབ་ཆེན་པ་སྐོར་ཞིག་ལས་བགོས་བྱས་ཏེ་དར་མཚོ་རྫོང་ལ་བཏང་བ་དང་དེའི་ནང་བློ་གྲོས་སྣང་བ་ཟེར་བ་ཞིག་གིས་དར་མཚོ་ནི་ཞིན་ཧེ་སྒྲ་བསྒྱུར་བྱས་པ་ཞིག་གཏན་ནས་མ་ཡིན་པར་སྔོན་ཆད་མ་ཇག་གི་སྐབས་སུ་ཁ་ཆེ་མ་ཞིན་ཧེ་ཟེར་བ་ཞིག་གིས་ཞིན་ཧེ་ས་ཁུལ་དབང་བསྒྱུར་བར་བརྟེན་ནས་མིང་ཡང་ཞིན་ཧེ་རྫོང་ཞེས་བཏགས་པ་རེད་ཅེས་ལོ་རྒྱུས་ཀྱི་ཁུངས་ལུང་མེད་པའི་འཁྱོག་བཤད་བྱས། སྟོང་ལོ་གསར་བའི་ནང་དུ་རྒན་ལྕགས་ཐར་རྒྱལ་མཆོག་གིས་གླེང་སྟེགས་ཞིག་ལས་དར་མཚོ་ནི་ཞིན་ཧེ་དོན་བསྒྱུར་བྱས་པ་མི་ལེགས་ཚུལ་དང་རྒྱུ་རྐྱེན་གང་ཞིག་ལ་བརྟེན་ནས་ཞིན་ཧེ་བཏགས་པ་དང་ཞིན་ཧེ་ལ་བོད་སྐད་མཐུན་པའི་མིང་ཞིག་འདོགས་དགོས་ཚུལ་སོགས་ཀྱི་དགོངས་ཚུལ་བསྟན་པ་རེད། དེ་ལ་བརྟེན་ནས་ཞིན་ཧེ་ལ་དཔྱད་པ་གཏོང་མཁན་རིམ་བཞིན་ཇེ་མང་ནས་ཇེ་མང་དུ་གྱུར། ད་ལྟ་སློབ་ཆེན་པ་དང་ཐ་ན་གསལ་བཤད་སུམ་ཅུ་འབྲི་ཀློག་ཤེས་པའི་འབྲོག་ཕྲུག་ཚོས་ཀྱང་ཞིན་ཧེ་ལ་དཔྱད་པ་གཏོང་གི་འདུག  ཁོ་ཚོས་ཡར་དཔྱད་མར་དཔྱད་མང་པོ་བཏང་མཐར་དར་མཚོ་ཞེས་པའི་ཡིག་འབྲུ་གཉིས་པོ་ཕར་གཡུགས་ནས་ཧང་རྫོང་དང་རྩི་དཀོར་ཐང་རྫོང་། བྲག་དཀར་རྫོང་ལ་སོགས་པའི་མིང་མི་འདྲ་བ་མང་པོ་ཞིག་རིམ་བཞིན་བཏགས། དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་འདི་ལྟར་མི་འདྲ་བའི་མིང་མང་པོ་ཞིག་གསར་དུ་བྱུང་བའི་དབང་གིས་ཞིན་ཧེ་ངོ་མི་ཤེས་མཁན་ཡང་ཞིན་ཧེ་ན་མང་པོ་འདུག  སྤྱིར་བཤད་ན་ཡུལ་མིང་ནི་ལོ་རྒྱུས་ཀྱི་ང་ཚོ་གནང་བ་ཞིག་ཡིན་པས་བཟོ་བཅོས་གནང་མི་ཆོག་པ་དང་སྒོས་སུ་ཡུལ་མིང་ནི་རྒྱུ་རྐྱེན་ངེས་ཅན་ཞིག་གི་འོག་ནས་བྱུང་བ་ཡིན་པས་དེ་ལ་དེ་འཚམས་ཀྱི་ལོ་རྒྱུས་ཀྱི་རིན་ཐང་ཡོད་པས་ན་དེ་ཡི་མིང་བསྒྱུར་བའམ་ཡང་ན་བཟོ་བཅོས་བྱས་ན་དེའི་ལོ་རྒྱུས་ལ་རིན་ཐང་མེད་པར་ཆགས་འགྲོ་བ་རེད། དེ་བས་མིང་བཟོ་བཅོས་རྒྱབ་མི་ཆོག་པ་ཞིག་རེད། ཡིན་ནའང་ཕ་ས་ཞིན་ཧེ་ལྟ་བུ་ལ་མཚོན་ན་མིང་གསར་གྱི་ཀློང་ན་འཁོར་བཞིན་འདུག  ང་ཚོ་ཞིན་ཧེ་ལ་སྔོན་ནས་མཁས་པ་དང་ཡིག་མཁན་མ་བྱུང་བའི་དབང་གིས་དར་མཚོ་ལ་དཔྱད་པ་གཏོང་མཁན་མ་བྱུང་བར་དུས་ཡུན་ཤིན་ཏུ་རིང་པོ་ཞིག་སོང་། དེ་ལ་བརྟེན་ནས་དར་མཚོའི་ལོ་རྒྱུས་ཀྱི་བྱུང་སྟངས་དང་དེའི་མིང་གི་བཏགས་དོན་དང་ལོ་རྒྱུས་ཀྱི་རིན་ཐང་སོགས་ཡིག་ཐོག་ལོ་རྒྱུས་སུ་བཀོད་མ་ཐུབ་པར་ཧ་ལམ་ཡལ་ལ་ཉེ་བ་དང་ཕྱི་ཡོང་གི་ཡིག་མཁན་འགའ་རེ་བྱུང་ཡང་ལོ་རྒྱུས་གནས་ཚུལ་གནས་ཚུལ་ཇི་མ་ཇི་བཞིན་དུ་མ་རྟོགས་པའི་རྐྱེན་གྱིས་དྲང་བདེན་མིན་པའི་ལོ་རྒྱུས་ལ་འཁྱོག་བརྗོད་བྱས་ཏེ་དར་མཚོའི་ལོ་རྒྱུས་ལ་རིན་ཐང་མེད་པར་བཟོས་པ་རེད། བཏགས་མིང་མང་སོང་བའི་རྐྱེན་གྱིས་རྫོང་འདིའི་མིང་རང་ཉིད་ཀྱིས་མ་ཤེས་པ་རེད།


  བཞི། ཞིན་ཧེའང་ལོ་རྒྱུས་ཀྱིས་གནང་བའི་མིང་ཞིག་ཡིན་པ།

  ཞིན་ཧེ་རྒྱ་སྐད་ཡིན་ཡང་འགྲིག་བོད་སྐད་ཡིན་ཡང་ཆོག  གང་ལྟར་ཀྱང་མིང་ཚིག་འདི་གཉིས་པོ་བྱུང་ནས་མ་མཐའ་ཡང་དྲུག་ཅུ་ལྷག་སོང་ཡོད་པ་རེད། ལོ་ངོ་དྲུག་ཅུ་ལྷག་གི་ལོ་རྒྱུས་ལྡན་པའི་ཡིག་འབྲུ་འདི་གཉིས་པོ་ནི་ལོ་རྒྱུས་ཀྱི་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་བྱུང་བ་ཡིན་པས་འདི་ཉིད་ལའང་ལོ་རྒྱུས་ཀྱི་རིན་ཐང་ཞིག་ཡོད་ངེས་པ་ཡིན་པས་གང་འདོད་དུ་བསྒྱུར་ཆོག་པ་ཞིག་ག་ནས་ཡིན། གལ་སྲིད་ཁྱོད་ཚོ་ལ་མིང་གསར་ཅིག་ཅིས་ཀྱང་མཁོ་ན་རྩི་དཀར་ཐང་རྫོང་ཞེས་ཐོགས་དང་མིང་དོན་དང་ཅུང་མཐུན་སྙམ།
 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...