སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁྲི་ཀ་རྫོང་སློབ་གསོ་སྡེ་ཁག་གི་སྟོན་ཟླའི་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་བསྡུས་པ།
རྩོམ་པ་པོ། སྟག་རིག་འབྲུག་ཐར། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-9-26 10:09:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


སློབ་མ་རྣམས་རྒྱུག་བཞིན་པའི་ངང་ཚུལ།


མཐོ་མཆོངས་བྱེད་པ།


རྒྱང་མཆོངས་བྱེད་པ།


ཕིང་ཕང་སྤོ་ལོ་རྒྱག་པ།


མཉམ་པར།

     ཟླ9པའི་ཚེས21ཉིན་ནས་ཚེས25སྟེ། ཉིན་ལྔའི་རིང་། ཁྲི་ཀ་རྫོང་སློབ་གྲྭ་ཆུང་འབྲིང་གི་སྟོན་ཟླའི་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་དེ་ཁྲི་ཀ་རྫོང་རྨ་སྲིབ་སློབ་ཆུང་ནས་གཟབ་རྒྱས་ངང་སྤེལ།    
     གོང་རིམ་སྲིད་ཇུས་ཀྱི་དགོངས་གཞི་ལྟར་སློབ་གྲྭའི་ལུས་རྩལ་གྱི་བྱ་བ་བཅོས་བསྒྱུར་བྱས་ནས་རྩལ་སྦྱང་སློབ་ཁྲིད་ལ་ཤུགས་སྣོན་དང་སློབ་ཕྱིའི་སྐབས་སུ་ལུས་ཕུང་སྦྱོང་བརྡར་ལ་ཤུགས་བསྣན་ཏེ་ལོ་ཆུང་གཞོན་ནུའི་ལུས་སེམས་བདེ་ཐང་ལ་སྐུལ་འདེད་གཏོང་བ་དང་། ལོ་ཆུང་གཞོན་ནུའི་ཀུན་སྤྱོད་དང་རིག་སྟོབས། ལུས་རྩལ་དང་རི་མོ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བའི་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་ཆེད། གཙོ་སྒྲུབ་ལས་ཁུངས་ཁྲི་ཀ་རྫོང་སློབ་གསོ་ཅུའུ་ཡིས་རེབ་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་བྱ་བར་མཐོང་ཆེན་བྱས་ཏེ་དགེ་སློབ་ཐམས་ཅད་ཀྱི་ལུས་རྩལ་རྨང་གཞི་མཐོར་འདེགས་དང་སློབ་གྲྭ་སོ་སོའི་དགེ་སློབ་ཕན་ཚུན་བར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་སྒོས་ཡར་ཐོན་མདུན་སྐྱོད་ལ་ཁ་ཕྱོགས་པའི་ཇུས་གཞི་བཏོན།
     ཚེས21ཉིན་གྱི་སྔ་དྲོར། ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོ་བསྡུས་ཤིང་། ཚོགས་ཐོག་ཏུ་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཚེ་རིང་བཀྲ་ཤིས་དང་སློབ་གྲྭ་སོ་སོའི་སློབ་གཙོ་སོགས་འགོ་ཁྲིད་སྐོར་ཞིག་ཀྱང་མཛད་སྒོར་ཞུགས་ཤིང་ཅུའུ་ཀྲང་གཞོན་པ་ཚེ་རིང་བཀྲ་ཤིས་ཀྱིས་ཤིས་ཚིག་བསྒྲགས་པ་དང་འབྲེལ་ཡོད་འགྲན་ཞུགས་པ། ཤན་འབྱེད་པ་བཅས་ཀྱིས་དམ་ཚིག་སྒྲོག་སྟེ་འགྲན་བསྡུར་དངོས་སུ་མགོ་བརྩམས།
     ཐེངས་འདིའི་འགྲན་ཚོགས་ལ་ཁྲི་ཀ་རྫོང་གི་སློབ་གྲྭ་ཆུང་འབྲིང13ལྷག་གི་དགེ་སློབ500ཙམ་ཞུགས་ཡོད་ཅིང་། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་སློབ་སྐྱེས་པ་སྐྱེས་མ70ལྷག་ཐེངས་འདིའི་འགྲན་བསྡུར་ལ་ཞུགས། འགྲན་བསྡུར་རྣམ་གྲངས་ལ་ལྒང་ལི་དང་། ཐུང་རྒྱུགས། མཐུད་རྒྱུགས། ཕང་ཕིང་སྤོ་ལོ། ཐག་ལྡིང་བཅས་རྩ་འཇུགས་ཨུ་ཡོན་པའི་སྣེ་སྟོན་དང་གཟུར་གནས་ཤན་འབྱེད་པའི་གོ་སྒྲིག་འོག་འགྲན་ཁུལ་སོ་སོ་ནས་འགྲན་སྡུར་བྱས། རེབ་འདིའི་ལུས་རྩལ་འགྲན་ཚོགས་ཀྱིས་འཚར་ལོངས་འབྱུང་བཞིན་པའི་ལོ་ཆུང་སློབ་བུ་དག་ལ་མཚོན་ན་རང་ནུས་སྔོག་འདོན་དང་ཆེད་ལས་གསོ་སྦྱོང་། སྟོབས་ཤུགས་ཚད་འཇལ་གྱི་སྟེགས་བུ་བཟང་པོ་ཞིག་བསྐྲུན་ཞིང་། ཕན་ཚུན་སློབ་སྦྱོང་། ཐུན་མོང་གི་ནུས་རྩལ་དང་། ཚོགས་སྤྱིའི་འདུ་ཤེས་སྐྱེད་སྲིང་གི་གོ་སྐབས་ལེགས་པོ་ཞིག་ཀྱང་བསྐྲུན་པ་རེད།
     ཉིན་རེའི་སྔ་དྲོའི་དུས་ཚོད9:00ནས་བཟུང་སློབ་མའི་ལྒང་ལི་འགྲན་སྡུར། རྒྱུགས་འགྲན། ཐག་ལྡིང་། ཕིང་ཕང་སྤོ་ལོ་སོགས་ཀྱི་འགྲན་བསྡུར་དག་ལྟ་མཁན་པའི་ཤུགས་རྒྱག་པའི་ཐལ་མོ་རྡེབ་སྒྲ་དང་ལྷང་ལྷིང་ཀི་འབོད་ཁྲོད་བྲེལ་དངངས་དང་འདུ་འགོད་ཀློང་ནས་ཀུན་ལ་ལུས་རྩལ་གྱི་མཚར་སྡུག་ཡིད་འཕྲོག་པ་ཞིག་བཤམས་ཏེ།  བརྩོན་ལེན་དང་ཕན་ཚུན་སྐུལ་འདེད་ཀྱི་ཚ་རླབས་རབ་དང་རིམ་པ་ཞིག་འཕྱུར་དུ་བཅུག བསྟུད་མར་ཉིན་ལྔའི་ཛ་དྲག་དང་བྲེལ་ཟིང་གི་འགྲན་བསྡུར་དེ་འགྲན་ཞུགས་པ་ཚང་མའི་མཛའ་བརྩེ་དང་པོ་དང་འགྲན་བསྡུར་གཉིས་པའི་མཆོད་ཚིག་སྙན་མོའི་འོག་རྣམ་གྲངས་རེ་རེ་བཞིན་བདེ་ལེགས་ངང་སྤེལ། མཇུག་མཐར། ཚེས25ཉིན་གྱི་ཕྱི་དྲོར། འགྲན་བསྡུར་གྱི་མཇུག་བསྡུའི་མཛད་སྒོ་བསྡུས་ཤིང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཕོ་མོའི་ལྒང་ལི་འགྲན་བསྡུར། ཕོ་མོའི་མཐུད་རྒྱུགས། ཕོ་མོའི་ཐུང་རྒྱུགས་སོགས་འགྲན་བསྡུར་རྣམ་གྲངས་བརྒྱད་ལ་ཨང་དང་པོའི་བྱ་དགའ་བླངས་པའོ།།