སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁྲི་ཀ་རྫོང་གིས2018ལོའི་གནམ་ལོ་གསར་བ་བསུ་བའི་མཁར་སྐོར་རྒྱང་རྒྱུག་འགྲན་སྡུར་སྤེལ།
རྩོམ་པ་པོ། སྟག་རིག་འབྲུག་ཐར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-1-2 9:05:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ཁྲི་ཀ་རྫོང་གིས2018ལོའི་གནམ་ལོ་གསར་བ་བསུ་བའི་མཁར་སྐོར་རྒྱང་རྒྱུག་འགྲན་སྡུར་སྤེལ།

     གནམ་ལོ་གསར་བ་བསུ་བའི་མཁར་སྐོར་རྒྱང་རྒྱུག་འགྲན་སྡུར་ནི་ཁྲི་ཀ་རྫོང་རིམ་པའི་མི་དམངས་མང་ཚོགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་གྱི་རྣམ་གྲངས་ཤིག་ཡིན་ལ། ལོ་ངོ་མང་པོའི་རིང་རྒྱུན་མ་ཆད་པར་བསྟུད་མར་སྤེལ་བ་ཞིག་ཡིན།    
     དམངས་ཡོངས་ཀྱི་གཟུགས་པོ་བདེ་ཐང་དང་།  འཆམ་མཐུན། དཔལ་ཡོན། སྤྲོ་དགའ་རང་བཞིན་གྱི་བཀྲ་ཤིས་དུས་ཆེན་ཞིག་བསུ་ཆེད། 2017ལོའི་ཟླ12པའི་ཚེས29ཉིན། ཁྲི་ཀ་རྫོང་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་ཏེ། 2018ལོའི་གནམ་ལོ་གསར་བ་བསུ་བའི་མཁར་སྐོར་རྒྱང་རྒྱུག་འགྲན་སྡུར་བདེ་ལེགས་ངང་སྤེལ།

     སྔ་དྲོའི་དུས་ཚོད་དགུའི་སྟེང་དུ། ཁྲི་ཀ་རྫོང་གི་སློབ་གྲྭ་སོ་སོ་དང་ལས་ཁུངས་སོ་སོ། སྤྱི་ཚོགས་སྡེ་ཁག་བཅས་རུ་ཁག14ལྷག་གི་འགྲན་ཞུགས་པ1500ལྷག་རེབ་འདིའི་འགྲན་སྡུར་ལ་ཞུགས་ཡོད་ཅིང་། འགྲན་སྡུར་དངོས་སུ་མགོ་མ་བརྩམ་པའི་དུས་ཚོད་གཅིག་གི་སྔོན་ནས་བཟུང་། འགྲན་རའི་ཡུལ་དངོས་སུ་མི་ཚོགས་ཀྱི་འཚང་ཁ་རྒོད་པ་སྟེ། ལ་ལས་དྲན་རྟེན་འདྲ་པར་བསྐྱོན་པ་དང་། ཁ་ཤས་ཀྱིས་ལུས་རྩལ་སྔོན་སྦྱོང་གི་ཆེད་དུ་ཡར་མར་རྒྱུག་སྟེ་སྟ་གོན་ལེགས་པོ་བྱེད།  
     ཐེངས་འདིའི་མཁར་སྐོར་རིང་ཚད་ལ་སྤྱི་ལེ2.5ཡོད་ཅིང་། བྱེ་བྲག་ཏུ་རྒྱུག་འགྲན་རུ་ཁག་ལ་སློབ་ཆུང་གི་སྐྱེས་པ་སྐྱེས་མ་རུ་ཁག་དང་།དམའ་འབྲིང་གི་སྐྱེས་པ་སྐྱེས་མ་རུ་ཁག མཐོ་འབྲིང་གི་སྐྱེས་པ་སྐྱེས་མ་རུ་ཁག དར་མའི་སྐྱེས་པ་སྐྱེས་མ་རུ་ཁག་བཅས་ཁྱོན་བསྡོམས་རུ་ཁག་བརྒྱད་ཀྱིས་གྲུབ་ཡོད།

     འགྲན་སྡུར་དངོས་སུ་མགོ་བརྩམས་མ་ཐག དགུན་ཁའི་གྲང་ངར་གྱི་སྤུ་གྲི་ཇི་འདྲའི་རྣོ་ན་ཡང་། འགྲན་ཞུགས་པ་རྣམས་ཀྱིས་གདོང་ལ་སྔར་མེད་ཀྱི་ཡིད་ཆེས་དང་ཞུམ་མེད་ཀྱི་སྙིང་སྟོབས་ཤིག་འཆང་སྟེ་གོམ་གང་མདུན་སྤོས་སྒོས་ལམ་འགྲམ་གྱི་ལྟད་མོ་བའི་ངར་ཤུགས་སྩོལ་བའི་སྐུལ་ལྕག་འོག དབུགས་ཀྱི་གཏོང་ལེན་དྲག་ཏུ་རྒོད་ཞོར་མཐར་མཇུག་གི་རྒྱལ་ཁར་སྙེག དུས་ཚོད་གཉིས་ལྷག་གི་འགྲན་སྡུར་རབ་དང་རིམ་པ་བརྒྱུད་མི་སྒེར་དང་ཐུན་མོང་གི་རྩ་འཛུགས་ཚོགས་པར་བྱ་དགའ་གནང་སྟེ་སྤྲོ་བ་དང་དགོད་འཛུམ་གྱི་ཁྲོད་དུ་རེབ་འདིའི་འགྲན་སྡུར་བསམ་དོན་ལྟར་སྤེལ་ཐུབ་པ་བྱུང་།  
     གནམ་ལོ་གསར་བ་བསུ་བའི་མཁར་སྐོར་འགྲན་སྡུར་ནི་དམངས་ཡོངས་ཀྱི་ལོ་སར་བསུ་སྟངས་ཤིག་ཡིན་ལ། དམངས་ཡོངས་ཀྱི་གཟུགས་གཞི་བདེ་ཐང་ལ་སྐུལ་བའི་སྟེགས་བུ་ཞིག་ཀྱང་ཡིན་པས། འགྲན་སྡུར་གྱི་མགོ་མཇུག་བར་གསུམ་དུ་སྤྱི་བདེ་ལས་ཁུངས་དང་འཕྲོད་བསྟེན་ཅུས། མཁར་གྲོང་དོ་དམ་ཅུས་བཅས་ཀྱི་འགན་ཁུར་རྒན་པ་རྣམ་པས་འགྲན་སྡུར་ལེགས་པོ་ཞིག་སྤེལ་བར་རོགས་འདེགས་གང་ལེགས་མཛད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...