སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྐབས་དྲུག་པའི་བྲག་གསུམ་མཚོ་རྒྱལ་སྤྱིའི་རི་ཁུལ་རྐང་འཁོར་མགྱོགས་ཚད་འགྲན་བསྡུར་མཇུག་སྒྲིལ།
རྩོམ་པ་པོ། བྱམས་པས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-4 11:36:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།

     2018ལོར་སྐབས་དྲུག་པའི་བྲག་གསུམ་མཚོ་རྒྱལ་སྤྱིའི་རི་ཁུལ་རྐང་འཁོར་མགྱོགས་ཚད་འགྲན་བསྡུར་དེ་ཟླ5ཚེས2ཉིན་ཉིན་གཉིས་ཀྱི་འགྲན་བསྡུར་བརྒྱུད་ཡོངས་སུ་མཇུག་སྒྲིལ་ཞིང་། སྐབས་སྔོན་མའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན་ཝུའེ་ཁུའེ་ཡིས་གྲུབ་འབྲས་ཆེན་པོས་འགྲན་ཡ་མང་པོ་ཐག་རིང་པོ་ནས་བསྐྱུར་ཏེ། སླར་ཡང་གཅིག་པུ་བྱ་འཕུར་བ་ལྟར་མཐའ་རྟགས་བརྒལ་བའི་ལྟད་མོ་འཁྲབ་པས། རྒྱལ་ཁའི་ངང་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་ཐོབ། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པ་བཀྲ་དོན་གྱིས་ཨང་གཉིས་པ་བླངས། བུད་མེད་ཚོགས་ཆུང་གི་ནུས་ཤུགས་གཟེངས་སུ་ཐོན་པའི་ལུས་རྩལ་པ་ཀྲང་ཞིས་ཞིས་དང་ཏེང་ཧུའུ་ཕིང་གཉིས་འགྲན་བསྡུར་ཁྲོད་ཧ་ལམ་དཔུང་པ་མཉམ་གཤིབ་ཀྱིས་མཐའ་རྟགས་བརྒལ་ཏེ། སོ་སོ་བུད་མེད་ཚོགས་ཆུང་གི་ཨང་དང་པོ་དང་ཨང་གཉིས་པ་ཐོབ་ཡོད།
     ཐེངས་འདིའི་འགྲན་བསྡུར་ཉིན་གཉིས་སུ་བགོས་ཡོད། གལ་སྲིད་ཉིན་དང་པོའི་མཚོ་སྐོར་གྱི་སྤྱི་ལེ་30ནི་ལག་རྩལ་འགྲན་བསྡུར་ཡིན་ཚེ། ཉིན་གཉིས་པའི་བོད་ཀྱི་གདོད་མའི་མཛེས་ལྗོངས་ཁུལ་གྱི་སྤྱི་ལེ་69ནི་འགྲན་བསྡུར་ནང་ཞུགས་མཁན་ལུས་རྩལ་པ་རྣམས་ཀྱི་ངོས་ནས་“སྡུག་བསྔལ་ཆེ་བའི་”སྟོབས་ཤུགས་ཀྱི་འགྲན་བསྡུར་ཆེན་པོ་ཞིག་ཡིན།   ཉིན་གཉིས་པའི་འགྲན་བསྡུར་གྱི་འགོ་ཚུགས་ས་ནི་ཉིན་དང་པོའི་མཐའ་མའི་འགྲན་བསྡུར་མཇུག་འགྲིལ་སའི་སྐྱིད་པ་གྲོང་ཚོར་བཙུགས་ཡོད། སྐྱིད་པ་གྲོང་ཚོ་ནས་མཚོ་འགོ་གསར་པའི་ཕྱོགས་སུ་ཐོན་པ་དང་། དེ་ནས་སུམ་མདོ་རྩྭ་ཐང་དུ་ཁ་ཕྱིར་འཁོར་ཏེ་མཐའ་མ་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་གྱི་རྒྱལ་སྒོར་མཐའ་རྟགས་བརྒལ་བ་དང་འགྲན་བསྡུར་མཇུག་འགྲིལ། འགྲན་བསྡུར་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་69དང་། བགྲོད་ལམ་ཡོངས་འབར་འབུར་ཡམ་ཡོམ་གྱི་བྱེས་བགྲོད་ལམ་ངོས་གཙོ་བོ་ཡིན།
     ཉིན་གཉིས་པའི་བྲག་གསུམ་མཚོ་འགྲན་བསྡུར་སྐབས་ཀྱི་གནམ་གཤིས་ཀྱིས་ས་གནས་དེ་གའི་འགྱུར་ལྡོག་ཆེ་བའི་གནམ་གཤིས་མཚོན་ཡོད། འགྲན་བསྡུར་འགོ་ཚུགས་སྐབས་གནམ་འཐིབས་ནས་སྤྲིན་མང་པ་དང་།  སུམ་མདོ་རྩྭ་ཐང་དུ་ཐོན་དུས་དྲོད་ཚད་ཀླད་ཀོར་ཤིན་ཏུ་འཁྱག  མཐའ་མ་འགྲན་བསྡུར་མཇུག་འགྲིལ་སྐབས་ཀྱི་སྐད་ཅིག་མར་གནམ་ངོ་ཡོངས་སུ་དྭངས། འགྲན་བསྡུར་ནང་ཞུགས་པའི་ལུས་རྩལ་པ་རྣམས་ཀྱིས་ཉིན་གཅིག་གི་ནང་དུ་དུས་བཞིའི་གནམ་གཤིས་ཀྱི་འགྱུར་བ་ཉམས་སུ་མྱོང་བ་རེད།
ཞོགས་པའི་དུས་ཚོད་དགུ་དང་ཕྱེད་ཐོག སྐྱེས་པའི་ཚོགས་ཆུང་གི་འགྲན་བསྡུར་སྔོན་ལ་ལམ་དུ་ཆས།  ཉིན་དང་པོའི་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་མཁན་ཝུའེ་ཁུའེ་ཡིས་ཐོག་མར་ལ་རིང་པོ་བརྒལ་འགོ་ཚུགས།  བཀྲ་དོན་དང་ལིའུ་ཡུས་ཧང་། ཧོ་ཧའེ་སུང་། པུའར་ལིས་ཁུ་བཅས་ཚུད་པའི་མདུན་གྲལ་གྱི་གཟེངས་སུ་ཐོན་པའི་འགྲན་ཞུགས་པ་ཚོས་མགྱོགས་པོར་རྗེས་དེད།  མི་འགྱང་བར་དཔུང་ཆེན་པོ་དང་བར་ཁྱད་ཡངས་པོར་ཆགས།
     བུད་མེད་ལུས་རྩལ་པའི་ངོས་ནས། བུད་མེད་ཚོགས་ཆུང་གི་ཨང་དང་པོ་ཐེངས་གཉིས་ལ་ཐོབ་མྱོང་ཞིང་། རྗེས་སུ་གཟུགས་གཞི་བདེ་ཐང་གི་རྐྱེན་ཀྱིས་སྐབས་4པ་དང་སྐབས་5པའི་འགྲན་བསྡུར་དུ་ཞུགས་མ་ཐུབ་པའི་ཀྲང་ཞིས་ཞིས་ནི་གྲི་རྙིང་པ་རྣོ་མ་ཡལ་པར། ཁོ་མོས་བུ་བཙའ་རྗེས་ཀྱི་ལོ་གཅིག་གི་དུས་ཚོད་ནང་དུ་སྙིང་རུས་ཆེན་པོས་སྦྱོང་བརྡར་བྱས་ཤིང་། ད་ལོའི་འགྲན་བསྡུར་ཁྲོད་ཁོ་མོས་འགྲན་རིམ་འདིའི་བུད་མེད་ཚོགས་ཆུང་གི་ཨང་དང་པོ་ཐེངས་གསུམ་པ་བླངས།
     འགྲན་བསྡུར་ཡོངས་འགྲུབ་པའི་འགྲན་ཞུགས་པར་བྱ་དགའ་གནང་བ་མ་ཟད། འགྲན་དོན་སྒྲིག་འཛུགས་ཨུ་ལྷན་གྱིས་ད་དུང་དང་བླངས་པའི་ཚོགས་པ་དང་། ཕྱི་རྒྱལ་ནས་ཐོན་པའི་ལུས་རྩལ་པ་དང་རྐང་འཁོར་རུ་ཁག རྩ་འཛུགས་ལས་དོན་ལ་ཞུགས་པའི་ས་གནས་ཀྱི་འགྲན་ཞུགས་རྐང་འཁོར་རུ་ཁག་བཅས་ལ་བྱ་དགའ་གནང་སྟེ་བསྔགས་སྐུལ་བྱས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...