སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་རྟ་རྒྱུག་འགྲན་ཚོགས་གདན་ཞུའི་འགྲན་སྡུར་དང་སེང་འབྲུག་སྟག་རྩེའི་རིག་གནས་དུས་སྟོན་སྤེལ་རྒྱུ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-23 14:37:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     མི་རིགས་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཤུགས་ཆེན་པོས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་དང་མགོ་ལོག་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས། སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་ཐོན་རྫས་གྲགས་ཅན་བཞེངས་སྐྲུན་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཏན་འཇགས་འཆམ་མཐུན་མཉམ་གནས་བཅས་གོང་འཕེལ་གཏོང་ཆེད། སྤྱི་ཟླ8པའི་ཚེས8ཉིན་ནས་ཚེས12ཉིན་བར། དར་ལག་རྫོང་གིས་དར་ལག་རྫོང་གླིང་གི་རྟ་རྒྱུག་ཐང་ནས་མི་རིགས་མཐུན་སྒྲིལ་སྐུལ་སྤེལ་དང་། སྲོལ་རྒྱུན་ལུས་རྩལ་དར་སྤེལ་བརྗོད་གཞི་ཡིན་པའི་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་བུམ་རྟགས་གྲངས་ཉུང་མི་རིགས་སྲོལ་རྒྱུན་རྟ་རྒྱུག་འགྲན་ཚོགས་སྐབས་དང་པོའི་གདན་ཞུའི་འགྲན་སྡུར་དང་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་དུས་སྟོན་སྐབས་གསུམ་པ་སྤེལ་རྒྱུ་རེད།
     དར་ལག་རྫོང་ནི་དར་ལག་ཆུ་བོའི་མིང་ལས་ཐོགས་ལ། མཚོ་སྔོན་དང་སི་ཁྲོན། ཀན་སུའུ་བཅས་ཀྱི་འབྲེལ་མཚམས་ཀྱི་གལ་ཆེའི་འགྲིམ་འགྲུལ་ལྟེ་བར་ཆགས་ཤིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཕྱོགས་སུ་གནས། དར་ལག་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་ས་ཁུལ་གཙོ་བོ་ཞིག་ཡིན་ལ། མངའ་ཁོངས་སུ་གེ་སར་རིག་གནས་ཀྱི་ཤུལ་བཞག་དང་ངག་རྒྱུན་མང་པོ་ཡོད་པར་མ་ཟད། གེ་སར་རིག་གནས་ཀྱི་འབྱུང་ཡུལ་དང་རྨ་ཡུལ་མུ་ཏིག་དར་ལག་ཅེས་པའི་མཚན་སྙན་ཐོབ་ཡོད། རྫོང་ཡོངས་ཀྱི་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི4200ཡན་རེད།
     ཉེ་བའི་ལོ་འགའི་རིང་། དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་སྔར་ལས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། དར་ལག་རྫོང་གིས་ས་གནས་ཀྱི་ཐུན་མིན་ཡུལ་སྲོལ་གོམས་གཤིས་དང་ས་ཁམས་ཡུལ་ལྗོངས་རྨང་གཞིར་བཟུང་ཞིང་། རིག་གནས་ནི་མི་རིགས་ཀྱི་ཁྲག་རྒྱུན་དང་མི་དམངས་ཀྱི་བསམ་པའི་གཞིས་ཁྱིམ་ཡིན་པས། གེ་སར་རིག་གནས་ནི་བོད་ཀྱི་འབྲོག་པའི་རིག་གནས་གསལ་བོར་སྟོན་པའི་མེ་ལོང་ཞིག་ཡིན་ལ། དེ་ལ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། ནང་བཅུད་ཕུན་སུམ་ཚོགས། གེ་སར་རིག་གནས་འདི་མཐོ་སྒང་གི་གནས་མཆོག་ཏུ་རྩ་བ་རབ་ཏུ་ཚུགས་ཤིང་། དར་ལག་མི་དམངས་དང་ཤ་དང་ཁྲག་བཞིན་འདྲེས་ནས། རྣམ་ཤེས་གཅིག་ཏུ་སྦྲུམ་ཡོད་པས། འདི་ནི་དར་ལག་མི་དམངས་ཀྱི་ཆེས་རིན་ཐང་བྲལ་བའི་བསམ་བློའི་ལོངས་སྤྱོད་རེད། དར་ལག་རྫོང་ནི་གེ་སར་རིག་གནས་འབྱུང་ཡུལ་གྲས་དང་གེ་སར་རིག་གནས་སྲུང་སྐྱོང་ལྟེ་བའི་ཁུལ་ཡིན་པས་ན། གེ་སར་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་ཐད་ཕོ་བྲང་སེང་འབྲུག་སྟག་རྩེ་ཡིས་བསུབ་ཐབས་མེད་པའི་ནུས་པ་ཆེན་པོ་བཏོན་ཡོད་ལ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཁྲོད། ལྷག་པར་ཏུ་བོད་རིགས་མང་ཚོགས་ཀྱི་སེམས་སུ་ཧ་ཅང་གལ་ཆེ་ཞིང་། དོན་སྙིང་བླ་ལྷག་ལྡན། ཕོ་བྲང་སེང་འབྲུག་སྟག་རྩེའི་བསྐྱར་བཞེངས་ལེགས་འགྲུབ་བྱུང་བ་ལས་གེ་སར་རིག་གནས་དེ་ཉིད་མཛེས་སྡུག་གི་སྐལ་བཟང་མེ་ཏོག་ཇི་བཞིན་རྨ་གཡང་ཕྱུག་མོ་ཡོངས་ལ་བཞད་པར་བྱས་ཡོད།
     འབྲེལ་ཡོད་འགན་སྒྲུབ་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་བུམ་རྟགས་གྲངས་ཉུང་མི་རིགས་སྲོལ་རྒྱུན་རྟ་རྒྱུག་འགྲན་ཚོགས་སྐབས་དང་པོའི་གདན་ཞུའི་འགྲན་སྡུར་དང་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་དུས་སྟོན་སྐབས་གསུམ་པ་སྤེལ་རྒྱུ་ནི་རྫོང་ཡོངས་ཀྱི་མི་དམངས་ཀྱི་འཚོ་བའི་དོན་ཆེན་ཞིག་ཡིན་པར་མ་ཟད། 2018ལོའི་དར་ལག་རིག་གནས་ལས་དོན་གྱི་ལས་འགན་གཙོ་བོར་བཟུང་ཡོད། བྱེད་སྒོའི་སྟེང་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན། ཡུན་ནན། བོད་ལྗོངས་སོགས་ཀྱི་འཐུས་ཚབ་རུ་ཁག་གདན་འདྲེན་བྱས་ཡོད་པར་མ་ཟད། འགོ་རྩོམ་མཛད་སྒོ་དང་མཇུག་བསྡུའི་མཛད་སྒོའི་སྟེང་གི་གླུ་གར་འཁྲབ་སྟོན་དང་རྟ་རྒྱུག་འགྲན་སྡུར་སོགས་སྲོལ་རྒྱུན་རྣམ་གྲངས་ལས་གཞན། ད་དུང་སྐྱེ་ཁམས་ཕྱུགས་ལས་དངོས་ཟོང་འབྲེལ་འདྲིས་དང་། གནའ་རྫས་ཉོ་ཚོང་། གླིང་སྒྲུང་བཤད་པ། བོད་རིགས་གྱོན་གོས་འགྲེམ་སྟོན། མེ་ཕུང་སྐོར་བྲོ་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བྱ་འགུལ་སྣ་ཚོགས་ཡོད།  དར་ལག་རྫོང་གིས་འགན་འཁྲིའི་ནུས་ཤུགས་ཇེ་ཆེར་བཏང་ནས་བདེ་འཇགས་སྤུས་ལེགས་ངང་ཐེངས་འདིའི་བྱེད་སྒོ་ལེགས་པར་བསྒྲུབ་རྒྱུ་ཡིན་ཟེར།
     དུས་དེར།  དར་ལག་རྫོང་གིས་ཕྱོགས་བཞིའི་སྐུ་མགྲོན་ཕེབས་པར་དགའ་བསུ་ཚད་མེད་ཞུ་ལ།  ཞིང་ཆེན་ཕྱི་ནང་གི་སྨྱན་བྱད་ཁག་གིས་དོ་སྣང་དང་རྒྱབ་སྐྱོར་བྱེད་པར་བཀའ་དྲིན་ཞུ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...