སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན་འགོ་ཚུགས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-10 10:02:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།

     བོད་ཀྱི་གཏམ་དཔེ་ལ། “རྟ་རྒྱུག་ན་བྱང་གི་རྩྭ་ཐང་ཐོག་རེད། དཔའ་རྒོད་ན་རྟ་རྒོད་ཀྱི་སྒལ་ཐོག་རེད།”ཞེས་པ་ལྟར་ཟླ་8ཚེས་8ཉིན་གྱི་ཉིན་དགུང་། ལོ་ངོ་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དུ་འགོ་ཚུགས་ཡོད།
     འདམ་གཞུང་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་པ་དང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300ཡོད་པའི་ལྷ་ས་ནས་བོད་བྱང་ཐང་འབྲོག་ཁུལ་དུ་བསྐྱོད་པའི“བྱང་གི་སྒོ་མོ”ལྟ་བུ་ཡིན། སྤྱི་ལོའི་དུས་རབས་17པར། མོང་གོལ་གྱི་ཧོ་ཧྲུའོ་ཐེའི་ཚོ་དཔོན་གུ་ཤྲི་ཧན་གྱིས་དམག་དཔུང་ཁྲིད་ནས་བོད་དུ་བསྐྱོད་སྐབས་ལྷ་སའི་ནུབ་བྱང་རྒྱུད་ཀྱི་རྩྭ་ཐང་དེར་དམག་རྟ་གསོ་ས་དང་། དམག་དོན་སྦྱོང་བརྡར་བྱེད་ས་བདམས་ཡོད། རྩྭ་ཐང་འདི་ནི་གཉན་ཆེན་ཐང་ལྷའི་ལྷོ་རྒྱུད་དུ་གནས་པ་དང་། ཁོས་སྙོམས་ཤིང་རྒྱ་ཆེ་བ། རྩྭ་ཆུ་འཛོམས་པས་མིང་དུ་འདམ་གཞུང་ཞེས་བཏགས་ཡོད་ཅིང་དོན་དུ་བློ་ཞིབ་མོས་འདེམས་པའི་འབྲོག་གཞུང་ཡིན། སོག་པོའི་རྟ་དམག་གིས་ལོ་རེར་དམག་གཟིགས་ཐེངས་རེ་སྤེལ་བས། དེ་ནི་རྟ་རྒྱུག་དུས་ཆེན་གྱི་འབྱུང་ཁུངས་ཡིན་པ་རེད།

     ཐག་རིང་གི་རྟ་དམག་ཧྲག་པོའི་སྒྲ་དབྱངས་ཏེ། ལོ་རྒྱུས་ཐོག་གི་ལོ་ལྟར་གྱི་རྟ་དམག་གཟིགས་ཞིབ་ཐེངས་རེ་ཚོགས་པ་དེ་དེང་སང“འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་དུ་གྱུར་ཡོད། འདམ་སྤྱི་རིམ་ཞེས་པ་ནི་འདམ་གཞུང་གི་དུས་ཚིགས་སྐྱིད་ཤོས་ལ་གོ་ཞིང་། སྨོན་ལམ་འདེབས་སའམ་རྟ་རྒྱུག་དུས་ཆེན་གྱི་གོ་དོན་ལྡན་ཡོད། 2008ལོའི་ཟླ་དྲུག་པར། “འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་རྒྱལ་ཁབ་རིམ་པའི“མངོན་མིན་རིག་གནས་ཤུལ་བཞག”གི་མིང་གཞུང་ནང་བཅུག་ཡོད།

     དེང་སང་། “འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་ནི་མི་རིགས་ཀྱི་ལུས་རྩལ་འཕེལ་རྒྱས་གཏོང་བ་དང་། སྲོལ་རྒྱུན་གྱི་མི་རིགས་རིག་གནས་མངོན་པར་བྱེད་པ། ཚོང་ཟོག་འགྲེམས་ཚོང་སྤེལ་རེས་བཅས་གཞི་གཅིག་ཏུ་འདུས་པའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་རྟགས་ཤིག་ཏུ་གྱུར་ཡོད། ཟླ་8ཚེས་8ཉིན་སྤེལ་པའི་འགོ་ཚུགས་མཛད་སྒོའི་ཐོག་འདམ་གཞུང་གི་ས་གནས་དེ་གའི་འབྲོག་པ་མང་ཚོགས་ཚོས་རྟ་རྒྱུག་དང་། གླིང་སྒྲུང་། མི་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ། འབྲོག་ཁུལ་གྱི་འཚོ་བའི་རྣམ་པ་བཅས་མངོན་པར་བྱས་ཡོད།

     ཤེས་རྟོག་བྱས་པར་གཞིགས་ན། ད་ཐེངས་ཀྱི་རྟ་རྒྱུག་དུས་ཆེན་དེ་བསྟུད་མར་ཉིན་བདུན་འཚོག་རྒྱུ་ཡིན་ཞིང་། འདམ་གཞུང་གི་ཤང་དང་གྲོང་རྡལ་8ནས་ཡོང་བའི་འགྲན་རྟ་300ལྷག་དང་རྟ་པ་བརྒྱ་ཕྲག་ཁ་ཤས་ཀྱིས་རྟ་འགྲོས་དང་། རྒྱང་ཐག་རིང་བའི་རྟ་རྒྱུག རྒྱང་ཐག་ཐུང་བའི་རྟ་རྒྱུག གནམ་མཚོར་མཚོ་སྐོར་རྒྱག་པའི་འགྲན་བསྡུར་སོགས་རྣམ་གྲངས་ཀྱི་འགྲན་བསྡུར་བྱ་རྒྱུ་ཡིན་པ་མ་ཟད། རྡོ་འགྱོགས་པ་དང་། སྐྱེས་པ་དང་བུད་མེད་ཐག་འཐེན། འུར་རྡོ། གཡག་རྒྱུག རྟ་རྩལ་སོགས་བོད་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཀྱང་དུས་གཅིག་ཏུ་སྤེལ་རྒྱུ་ཡིན་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...