སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སློབ་དཔོན་ཆེན་མོ་འོ་ཚང་ཚོགས་ཆེན་ལ2015ལོའི་མཚོ་སྔོན་གྱི་ཚན་རྩལ་གྲུབ་འབྲས་གཟེངས་ཐོན་བྱ་དགའ་ཐོབ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-2-27 14:46:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

སློབ་དཔོན་ཆེན་མོ་འོ་ཚང་ཚོགས་ཆེན་ལགས་ལ2015ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་གཟེངས་ཐོན་བྱ་དགའ་ཐོབ།
སློབ་དཔོན་ཆེན་མོ་འོ་ཚང་ཚོགས་ཆེན་ལ2015ལོའི་མཚོ་སྔོན་གྱི་ཚན་རྩལ་གྲུབ་འབྲས་གཟེངས་ཐོན་བྱ་དགའ་ཐོབ།

     སྤྱི་ཟླ2པའི་ཚེས26ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས2015ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་ཚོགས་འདུ་གཟབ་རྒྱས་ངང་ཟི་ལིང་དུ་ཚོགས། མཚོ་སྔོན་ཨ་རུ་བོད་སྨན་སྡེ་ཚོགས་ཀྱི་ཚོགས་གཙོ་འོ་ཚོགས་ཆེན་ལ་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་གཟེངས་ཐོན་བྱ་དགའ་ཐོབ། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལུའོ་ཧུའེ་ཉིན་གྱིས་འོ་ཚང་ཚོགས་ཆེན་ལ་བྱ་དགའ་བསྩལ་བ་དང་། ཞིང་ཆེན་གྱི་འགོ་འཛིན་ཧའོ་ཕུང་གིས་གསུང་བཤད་གལ་ཆེན་གནང་།
     འོ་ཚོགས་ཆེན་ལགས་ནི་བོད་ཀྱི་གསོ་རིག་གི་རྒྱུན་འཛིན་པ་དང་གསར་བཏོད་པ་ཞིག་ཡིན། ཁོང་རང་ལོ་ངོ40རིང་ལ་བོད་ཀྱི་གསོ་རིག་གི་ལས་དོན་ལ་གཞོལ། ཁོང་དང་ཁོང་གི་ཚན་ཞིབ་ཚོགས་པས་ལོ་དུ་མའི་འབད་རྩོལ་འོག་བོད་ཀྱི་གསོ་རིག་གི་ཚན་ཞིབ་གྲུབ་འབྲས་བླ་ན་མེད་པ་བླངས། ལྷག་དོན་ལོ་ངོ་ཉི་ཤུའི་དུས་ཚོད་སྤྱད་དེ་རྩོམ་སྒྲིག་པར་སྐྲུན་བྱས་པའི《བོད་ཀྱི་གསོ་རིག་ཀུན་བཏུས》དེབ་གྲངས60ཡི་བདག་ཉིད་ཅན་དེ། འཛམ་གླིང་སྲོལ་རྒྱུན་གསོ་རིག་ཁྲོད་རྒྱལ་མཚན་ཏོག་ལྟར་མངོན་པར་འཕགས་པའི་གྲུབ་འབྲས་ཤིག་དང་བོད་ཀྱི་གསོ་རིག་རིག་གནས་དར་རྒྱས་སུ་ཕྱིན་པའི་དན་རྟགས་ཤིག་ཏུ་གྱུར་ཡོད།
     རང་རྒྱལ་གྱི་ཆེས་ཐོག་མའི་བོད་སྨན་ཁེ་ལས་རྒྱལ་ཁབ་གཙོ་གནད་ཞིབ་དཔྱོད་ཁང་དང་རྒྱལ་ཁབ་སྨན་རྫས་ནད་ཐོག་ཚོད་ལྟ་ལས་ཁུངས་གསར་འཛུགས་གནང་བ་དང་། རང་བདག་ཤེས་ཡོན་གྱི་ཐོན་དངོས་བདག་དབང་ལྡན་པའི་བོད་སྨན་སྨན་གསར་རིགས25གསར་སྤེལ་གནང་སྟེ་བོད་སྨན་ཐོན་ལས་ཅན་དང་ཚད་ལྡན་ཅན། དེང་རབས་ཅན་གྱི་ལམ་དུ་ཁ་བསྒྱུར་བ་དང་། དུས་རབས21པའི་བོད་ལུགས་གསོ་རིག་དངོས་གཞིའི་སློབ་མའི་སློབ་གསོའི་འཆར་འགོད་སློབ་དེབ80རྩོམ་སྒྲིག་མཛད་དེ། ད་ལྟ་རྒྱལ་ཁབ་ཕྱི་ནང་དུ་ཐུན་མོང་དུ་སྤྱོད་པའི་སློབ་དེབ་ཉག་ཅིག་ཏུ་གྱུར་ཡོད།
     ཁོང་གི་སྣེ་ཁྲིད་འོག་ཨ་རུའི་བོད་གསོ་བདེ་ཐང་རིག་གནས་ལྟེ་གནས་དང་ཉི་ཧོང་བོད་གསོ་ལྟེ་གནས་སོགས་རྒྱལ་སྤྱིའི་བོད་གསོ་ཞིབ་འཇུག་ལས་ཁུངས་བཙུགས་པ་དང་། 2014ལོར་ཨ་རུའི་ནེ་ཡ་སློབ་ཆེན་དུ་བོད་ཀྱི་གསོ་རིག་གི་བདམས་སྦྱོང་སློབ་ཚན་ཐོག་མར་བཙུགས་ཏེ་བོད་ཀྱི་གསོ་རིག་འཛམ་གླིང་དུ་ཁ་ཕྱོགས་པར་སྒོ་འཕར་ཡངས་པོར་ཕྱེས། ཁོང་གི་བཙུགས་པའི་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། ཚན་རིག་ཞིབ་འཇུག སྨན་རྫས་སྦྱོར་བཟོ་སོགས་ཆིག་སྒྲིལ་གྱི་འཕེལ་རྒྱས་གཏོང་བའི་ལམ་ལུགས་ལ་བརྟེན་ནས། བོད་ཀྱི་གསོ་བ་རིག་པའི་ཚན་རྩལ་ཐོན་ཁུངས་མཉམ་བསྲེས་དང་སྤྱི་སྤྱོད་ཐུབ་པར་གྱུར་ཏེ། བོད་ཀྱི་གསོ་རིག་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་མི་དམན་པ་ཐོན།
     འོ་ཚོགས་ཆེན་མཆོག་ལ་སྔ་རྟིང་དུ་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་ཕུལ་བྱུང་བྱས་རྗེས་ཅན་གྱི་ན་གཞོན་ཆེད་མཁས་པ་དང་། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱིས་ནུབ་རྒྱུད་གསར་སྤེལ་ཕུལ་བྱུང་བྱས་རྗེས་བྱ་དགའ། ཧོ་ལུང་ཧོའུ་ལུའི་ཐེབས་རྩའི་ཚན་རིག་དང་ལག་རྩལ་གསར་གཏོད་སོགས་ཀྱི་མཚན་སྙན་ཐོབ། ཐེངས་འདིར་ཡངམཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་གཟེངས་ཐོན་བྱ་དགའ་ཐོབ་པ་འདི་ནི་རང་ཉིད་ལ་ཐོབ་པའི་བྱ་དགའ་ཞིག་ཡིན་པར་མ་ཟད། དུས་ཡུན་རིང་བོར་བོད་ཀྱི་གསོ་རིག་གི་ཚན་ཞིབ་ཀྱི་ལས་ལ་གཞོལ་བའི་ཆེད་མཁས་ཚོགས་པ་དང་བོད་ཀྱི་གསོ་བ་རིག་པའི་ཁྱོན་ཡོངས་ཀྱི་ཐུན་མོང་གི་སྙན་གྲགས་ཤིག་ཀྱང་ཡིན་ལ། ལྷག་ཏུ་རང་ཞིང་གི་བོད་ཀྱི་གསོ་རིག་ལས་དོན་འཕེལ་རྒྱས་སུ་ཕྱིན་པའི་མཚོན་རྟགས་ཤིག་ཀྱང་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...